ཕར་ཕྱིན་མདོ་ལུགས་མ།

།དེ་ལ་བསམ་གཏན་སྤེལ་བ་ནི་འདི་ལྟ་སྟེ། དགྲ་བཅོམ་པའམ་ཕྱིར་མི་འོང་བ་ཡང་རུང༌། ཟག་མེད་ཀྱིས་བསམ་གཏན་བཞི་པ་རྒྱུན་ལྡན་ལ་སྙོམས་པར་འཇུག་ཅིང༌། དེ་ལས་ལངས་ནས་དེ་ཉིད་ཟག་བཅས་རྒྱུན་ལྡན་ལ་སྙོམས་པར་འཇུག་ལ། ཡང་ཟག་མེད་ལ་འཇུག་སྟེ། དེ་བཞིན་དུ་ནི་ཕྲི་ནས་སྐད་ཅིག་མ་གཉིས་ཟག་མེད་ལ་འཇུག་ཅིང༌། སྐད་ཅིག་མ་གཉིས་ཟག་བཅས་ལ་འཇུག་ལ་ཡང་ཟག་མེད་ལ་སྙོམས་པར་འཇུག་པ་ནི་སྤེལ་བའི་སྦྱོར་བ་སྟེ། ཟག་བཅས་དང་ཟག་མེད་ཀྱི་སྐད་ཅིག་མ་བསྲེས་པས་སྤེལ་བ་གྲུབ་པོ། །ཇི་སྐད་དུ། དང་བོར་བཞི་པ་སྤེལ་བར་བྱེད། །སྐད་ཅིག་མ་ནི་བསྲེས་པས་འགྲུབ་ཅེས་སོ། །དང་པོ་འདོད་ཁམས་ཀྱི་གླིང་གསུམ་དུ་སྤེལ་བར་བྱེད་ལ་ཕྱིས་ནི་ཡོངས་སུ་ཉམས་པར་གཟུགས་ཀྱི་ཁམས་སུ་སྤེལ་བར་བྱེད་དོ། །བསམ་གཏན་སྤེལ་བའི་དགོས་པ་ནི། ཕྱིར་མི་འོང་དབང་རྣོན་རྣམས་ནི་གནས་གཙང་མ་རྣམས་སུ་སྐྱེ་བའི་ཕྱིར་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་རོ། །དབང་པོ་རྟུལ་པོ་རྣམས་ནི་ཉོན་མོངས་པ་འཇིག་པའི་ཡང་ཕྱིར་རོ། །ཇི་སྐད་དུ། སྐྱེ་དང་གནས་པར་བྱ་ཕྱིར་དང༌། ཉོན་མོངས་པས་ནི་འཇིགས་ཕྱིར་ཡང༌། ཞེས་སོ། །བསམ་གཏན་བཞི་པ་སྤེལ་མར་བསྒོམ་པ་ལྔའི་བྱེ་བྲག་གི་ཕྱིར་གནས་གཙང་མར་སྐྱེ་བ་ནི་ལྔ་ཁོ་ན་ཡིན་ནོ། ། སྤེལ་མར་བསྒོམ་པ་དེ་ནི། ཆུང་ངུ་དང་འབྲིང་དང༌། ཆེན་པོ་དང༌། ཤིན་ཏུུ་ཆེན་པོ་དང༌། ཤིན་ཏུ་ཆེ་བ་སྟེ་རིམ་པ་ལྟར། དང་པོ་ལ་ནི་ཟག་མེད་དང༌། ཟག་བཅས་དང༌། ཟག་མེད་དང་སེམས་གསུམ་མངོན་གསུམ་དུ་བྱེད་དོ། །གཉིས་པ་ལ་ནི་དྲུག་གོ །གསུམ་པ་ལ་ནི་དགུའོ། །བཞི་བ་ལ་ནི་བཅུ་གཉིས་སོ། །ལྔ་པ་ལ་ནི་བཅོ་ལྔ་སྤེལ་བ་སྟེ། དེ་དག་གིས་འབྲས་བུ་ནི་གྲངས་བཞིན་དུ་གནས་གཙང་མ་ལྔ་ཡིན་ལ། ཟག་པ་དང་བཅས་པ་དེའི་དབང་གིས་དེ་དག་དུ་སྐྱེའོ། །ཇི་སྐད་དུ། དེ་ན་རྣམ་པ་ལྔ་ཡི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ན་ཞེས་སོ། །རེ་ཞིག་བར་མ་དོ་ལ་སོགས་པ་དེ་དག་ནི་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་ལྔ་ཡིན་ནོ། །གཟུགས་ཀྱི་ཆགས་བཅོམ་འདི་ནས་ཤི་འཕོས་ནས་གཟུགས་མེད་པའི་ནང་དུ་སྐྱེ་བ་ནི་ཕྱིར་མི་འོང་གཞན་དྲུག་པ་ཡིན་ནོ། །དེ་ཡང་སྐྱེས་ནས་འདའ་བ་ལ་སོགས་པའི་བྱེ་བྲག་བཞིའོ། །དེ་ཡང་ཡ་གྱལ་གསུམ་དབྱེ་གཞི་དང་བཅས་པའོ། ། ཇི་སྐད་དུ། གཞན་ནི་གཟུགས་མེད་འགྲོ་རྣམས་བཞི་ཞེས་སོ། །གཞན་ནི་ཚེ་འདི་ཁོ་ན་ལ་མྱ་ངན་ལས་འདའ་བས་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་སྟེ། ཕྱིར་མི་འོང་བདུན་པ་ཡིན་ནོ། །ཇི་སྐད་དུ། གཞན་ནི་འདི་ལ་མྱ་ངན་ལས་འདའ་ཞེས་སོ། །འགོག་པ་ཐོབ་པའི་ཕྱིར་མི་འོང་ལ་ལ་ནི་མྱ་ངན་འདས་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་གསུམ་དུ་བྱེད་པའི་ཕྱིར་ལུས་ཀྱིས་མངོན་གསུམ་དུ་བྱེད་པའོ། །སེམས་མེད་པས་ལུས་ལ་བརྟེན་དེ་སྐྱེ་བའི་ཕྱིར་ལུས་ཀྱིས་མངོན་གསུམ་དུ་བྱེད་པའོ། ། དེ་འགོག་པ་དེ་ལས་ལངས་ནས་དེ་འདི་སྙམ་དུ། ཀྱེ་མ་འགོག་པའི་སྙོམས་པར་འཇུག་པ་ནི་མྱང་འདས་དང་འདྲ་བར་ཞི་བ་ཡིན་ནོ། །སྙམ་དུ་སེམས་པར་འགྱུར་བ། རྣམ་ཤེས་དང་བཅས་པའི་ལུས་ཞི་བ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་བས་དེའི་ཞི་བ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་པ་ཡིན་ཞིང༌། ཐོབ་པ་དང་ཤེས་པས་མངོན་སུམ་དུ་གྱུར་པ་ནི་མངོན་དུ་བྱེད་པ་ཡིན་ནོ། །ཇི་སྐད་དུ། འགོག་པ་ཐོབ་པའི་ཕྱིར་མི་འོང༌། །ལུས་ཀྱིས་མངོན་དུ་བྱེད་པར་འདོད། །ཅེས་སོ། །འགོག་པའི་སྙོམ་འཇུག་ནི། བསླབ་པ་དང་བསླབ་པའི་འབྲས་བུ་ཡང་མ་ཡིན་པའི་ཕྱིར་རོ། །མདོ་ལས། སློབ་པ་བཅྭ་བརྒྱད་གསུངས་པ་དེར་ལུས་མངོན་བྱེད་མ་གསུངས་སོ། །དེ་ནི་རེ་ཞིག་ཕྱིར་མི་འོང་རྣམས་ཀྱི་དབྱེ་བ་ཆེ་བ་ལོང་ཡིན། ཕྱིར་མི་འོང་དེ་བསམ་གཏན་དང་པོའི་གཅིག་ཟད་པ་ནས་སྲིད་རྩེའི་བརྒྱད་ཀྱི་བར་ཟད་པས་དགྲ་བཅོམ་པ་ཉིད་ལ་ཞུགས་་པ་ཡིན་ལ། སྲིད་རྩེའི་ཉོན་མོངས་དགུ་པ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་ལ་གནས་པ་ཡང་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཡིན་ཞིང༌། བར་ཆད་མེད་ལམ། དེ་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་སྟེ། ཇི་སྐད་དུ། སྲིད་་རྩེའི་བར་ཆད་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །དགུ་པའི་བར་ཆད་མེད་ལམ་ཡང༌། །དེ་ནི་རྡོ་རྗེ་ལྟ་བུ་ཡིན་ཞེས་སོ། །རྡོ་རྗེ་ལྟ་བུའི་བྱེ་བྲག་ནི་ལྔ་བཅུ་རྩ་གཉིས་ལ་སོགས་པ་གསུངས་སོ། །རྡོ་རྗེ་ལྟ་བུས་སྲིད་རྩེའི་དགུ་པ་སྤངས་པས་དགུ་པ་དེ་ཟད་པའི་ཐོབ་པ་དང་ལྷན་ཅིག་ཏུ་ཟད་པ་ཤེས་པ་སྐྱེ་ཏེ། རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་རྣམ་གྲོལ་གྱི་ལམ་ཐ་མ་སྐྱེ་བ་དེའི་ཕྱིར་དེ་ནི་དང་པོ་ཉིད་དུ་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར་ཟད་པ་ཤེས་པ་ཡིན་ནོ། །དགྲ་བཅོམ་པ་ཉིད་ལ་ཞུགས་པ་དེ་ཟད་པ་ཤེས་པ་སྐྱེས་པ་དེའི་ཚེ་མི་སློབ་པ་དང༌། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་སྟེ། ཇི་སྐད་དུ། དེ་ཟད་ཐོབ་པ་ཟད་པ་ཤེས། །དེ་ནི་དེ་མི་སློབ་དགྲ་བཅོམ། །ཞེས་སོ། །འབྲས་བུ་གཞན་གྱི་ཕྱིར་བསླབ་པར་བྱ་བ་མེད་པས་མི་སློབ་པ་ཡིན་ནོ། །རང་སངས་རྒྱས་བསེ་རུ་ལྟ་བུ་ནི། ཏིང་ངེ་འཛིན་མི་གཡོ་བ་དང༌། གསལ་བའི་ཕྱིར་བསམ་གཏན་བཞི་པ་ཁོ་ན་ལ་བརྟེན་དེ་སྟན་གཅིག་ཁོ་ན་ལ་ངེས་འབྱེད་ཆ་མཐུན་ནས་བཟུང་སྟེ། བྱང་ཆུབ་ཀྱི་བར་བསྐྱེད་པར་བྱེད་དོ། །ཇི་སྐད་དུ། སྔོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་སོ། ། བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སོ། །དེ་ཡང་སྐྱེ་བ་གསུམ་ལས་ཚེ་གཅིག་ལ་ཐར་པ་ཆ་མཐུན་དང༌། ཚེ་གཉིས་པ་ལ་ངེས་འབྱེད་ཆ་མཐུན་དང༌། ཚེ་གསུམ་པ་ལ་འཕགས་པའི་ལམ་བསྐྱེད་པར་བྱེད་དེ། ཆོས་ཉིད་འདི་ལ་ནི་རྒྱུད་རིམ་གྱིས་འཇུག་པ་དང༌། སྨིན་པ་དང་རྣམ་པར་གྲོལ་བར་འགྱུར་བས་ཚེ་དང་པོར་ཁོ་ན་ལ་ངེས་འབྱེད་ཆ་མཐུན་བསྐྱེད་པར་མི་བྱེད་དོ། །དེ་ཡང་མཛོད་ལས། དེ་ཡི་སྔོན་དུ་ཐར་ཆ་མཐུན། མྱུར་བ་སྲིད་པ་གསུམ་གྱིས་མཐར། །ཞེས་གསུངས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཀུན་ཤེས་ཉིད་གྱིས་ཉེར་ཞིར་ཁྲིད་པར་བྱ་རྒྱུ་ཐེག་པ་འོག་མ་ལ་སློབ་པའི་གང་ཟག་ཉི་ཤུའི་རྣམ་པར་བཞག་པ་ནི་དེ་ཡིན་ནོ། ། ཉི་ཁྲི་སྣང་བ་ལ་སོགས་པ་རྣམས་ཀྱི་འཆད་ལུགས་ནི་དགོངས་པ་མ་ཡིན་དེ། སློབ་དཔོན་དབྱིག་གཉེན་ལ་སོགས་པ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དག་དང་འགལ་བའི་ཕྱིར་རོ། །སྐབས་འདིའི་གང་ཟག་ཉི་ཤུ་པོ་རྣམས་བཏགས་པ་པར་འཆད་པའི་ལུགས་ལ་ཐེག་པ་གསུམ་ལ་སློབ་པའི་གང་ཟག་གི་དངོས་པོར་སྟོར་ཏེ། སྔར་རྒྱལ་སྲས་ཞེ་ལྔའི་ངོ་བོ་སྟོར་ཞིང་འདིར་ཐེག་པ་འོག་མའི་གང་ཟག་ཉི་ཤུའི་ངོ་བོ་སྟོར་བའི་ཕྱིར་རོ། །དེ་རྣམས་ལས་མ་གཏོགས་པ་མདོ་འདིར་གསུངས་པ་མེད་པས་སོ། །དེས་ན་འདི་རྣམས་བཏགས་པ་བ་ཡིན་ལ། དགོས་པ་ལ་སོགས་པའི་ཆོས་གསུམ་མེད་པའི་ཕྱིར་མི་རིགས་སོ། །གལ་ཏེ་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་གསུངས་སོ་ཞེ་ན། དེར་བྱང་སེམས་ལ་བརྒྱད་པ་ལ་སོགས་པའི་མིང་གིས་གསུངས་པའི་དགོས་པ་ནི། མདོ་དེ་ཉིད་དུ་དེ་ལྟར་གསུངས་པའི་དགོས་པ་ཡིན་གྱི། །མདོ་གཞན་དང་གཞན་དུ་གསུངས་པའི་དགོས་པ་ནི་མདོ་དེ་ཉིད་ཀྱི་ཡིན་པར་མི་རིགས་སོ། །གལ་ཏེ་རིགས་ན་དམ་ཆོས་པད་དཀར་ལ་སོགས་སུ་བཏགས་ནས་གསུངས་པའི་དགོས་པ་ཡང་མདོ་དེ་ཉིད་དུ་གསུངས་པའི་དགོས་པར་འགྱུར་བས་དགོས་པ་ལྷག་པོ་མེད་པ་དང༌། གདུལ་བྱ་གཅིག་ཏུ་ཐལ་བ་ལ་སོགས་པར་འགྱུར་རོ། །གལ་ཏེ་མདོ་གཅིག་ཏུ་བཏགས་ནས་གསུངས་པས་ཤེར་ཕྱིན་ལ་སོགས་པའི་མདོ་གཞན་དང༌། གཞན་དུུ་ཡང་བཏགས་པ་བར་འཆད་དགོས་ན། ཐེག་ཆེན་གྱི་གང་ཟག་རང་མིང་གིས་སྨོས་པ་མི་སྲིད་པར་ཐལ་བ་ཡང་བཟློག་པར་དཀའ་འོ། །གལ་ཏེ་སྔར་བྱང་སེམས་ཞེ་ལྔ་སྟོན་པའི་མདོ་དེ་ཉིད་ཉི་ཤུ་པོ་འདིའི་མདོ་ཡིན་པར་འདོད་ན། སྤངས་རྟོགས་དང་སྐྱོན་ཡོན་མི་འདྲ་བའི་ཁྱད་པར་ཕྱེ་བས་ཞེ་ལྔ་ལས་ཉུང་བར་བསྡུར་མི་རུང་བ་དེ་དག་ཇི་ལྟར་ཁྱད་པར་དེ་ཉིད་གྱི་སྒོ་ནས་ཉི་ཤུར་འདུས་པར་འགྱུར། རྒྱལ་བ་དང༌། རྒྱལ་ཚབ་གཉིས་ཀྱང་དགོངས་པ་མི་གཅིག་པར་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། ཞེས་པའི་སྐབས་ཀྱི་དགེ་འདུན་དཀོན་མཆོག་ནི་རྒྱལ་སྲས་ཞེ་ལྔ་ཉིད་ཡིན་ལ། གདམས་ངག་གི་ནང་ན་མེད་ཅིང་ཞར་ལ་གསུངས་པའི་ཉི་ཤུ་བོ་འདི་ནི་ཐེག་དམན་པ་ཉིད་ཡིན་ནོ། །ཉི་ཁྲི་སྣང་བ་དང་བསྡུས་དོན་འགྲེལ་པ་ལ་སོགས་སུ། རྒྱུན་ཞུགས་དང༌། འཕར་བ་དང༌། ཕྱེད་དུུ་འཕར་བ་དང་སྲིད་རྩེའི་མཐར་ཐུག་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་དང༌། བསེ་རུུ་ལྟ་བུ་སྟེ་དྲུག་པོ་འདི་རྣམས་སྟོན་པའི་མདོ་ཡིན་ཟེར་བ་བྱུང་བ་རྣམས། འབུམ་པ་དང༌། ཉི་ཁྲི་ལེ་མངས་དང༌། ཁྲི་བརྒྱད་སྟོང་པ་རྣམས་ན་མེད་པས་མདོ་སྡེ་དེ་ལྟ་བུ་རྣམས་གང་ཡང་གང་ནས་རྙེད་པར་ཡིན་ཞེས་མཁས་པ་རྣམས་ཀྱིས་རྩད་བཅད་པར་བྱའོ། །གལ་ཏེ་འབུམ་ལ་སོགས་པ་ལ་མདོ་དེ་རྣམས་སྔར་ཡོད་ཀྱང་ཡི་གེ་ཉམས་པས་ཕྱིར་མེད་དོ། ། ཞེ་ན། དེ་ལྟར་ན་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་གཞུང་འགྲེལ་དུ་རྒྱུན་ཞུགས་ལ་སོགས་པའི་མདོ་དེ་རྣམས་མ་བྱུང་བས་དེའི་གོང་དུ་ཡི་གེ་ཉམས་ཟིན་པར་འགྱུར་རོ། །དེ་ལྟར་ཡིན་ན་ཁྱེད་རྣམ་པས་གང་ནས་རྙེད་དེ་ཁུངས་བསྟན་དགོས་སོ། །དེས་ན་སློབ་དཔོན་དབྱིག་གཉེན་གྱིས་མ་རྙེད་པའི་མདོ་སྡེ་ལྷག་པོ་དེ་རྣམས་རྒྱལ་བ་དང༌། རྒྱལ་ཚབ་དང༌། འཕགས་པ་ཐོགས་མེད་གསུམ་པོ་ལས་གང་ཞིག་གོ་མ་ཆོད་ནས་ཉམས་པ་དེ་ཁྱེད་ཀྱིས་རྙེད་པ་ནི་ངོ་མཚར་ཏུ་རྩིའོ། །གལ་ཏེ་ལེ་བརྒྱད་མ་ན་མདོ་ལྷག་པོ་དེ་རྣམས་ཡོད་དོ། །ཞེ་ན། དེ་ལ་འབའ་ཞིག་ཡོད་ལ་ཡུམ་གཞན་གསུམ་གཅིག་ཆར་དུ་མེད་པར་འགྱུར་བའི་རྒྱུ་མཚན་ནི་ཅི་ཞིག་ཡོད། དེ་ལྟར་ན་ཡུམ་གསུམ་གའི་དོན་འགྲེལ་བ་པོ་སློབ་དཔོན་དབྱིག་གཉེན་གྱིས་མི་རྙེད་པར་འགལ་ལོ། །དེའི་ཕྱིར་རྒྱལ་བ་རྒྱལ་ཚབ་དང་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དག་ལ་དཔང་དུ་བྱས་ན་བཤད་པ་གཞན་རྣམས་ལ་རང་བཟོའི་རྣམ་འགྱུར་མང་པོ་སྣང་བས་མཁས་པ་རྣམས་ཀྱི་རྟོག་སྤྱོད་མཛད་པར་ཞུའོ། ། དེས་བརྩོན་པ་ལ་གདམས་པ་སོང་ཞིང་རྣམ་མཁྱེན་གྱི་སྐབས་ཀྱི་ཆོས་བཅུ་ལས་གཉིས་པ་གདམས་ངག་དང་ཞེས་པ་བཤད་ཟིན་ཏོ།། །།