ཕར་ཕྱིན་མདོ་ལུགས་མ།

གདམས་ངག་རྫོགས་ཤིང་ངེས་པར་འབྱེད་པའི་ཡན་ལག་ལམ་ཟིན་པའི་སྐབས་འདིར། ཐེག་དམན་གྱི་གང་ཟག་འདི་རྣམས་ཉི་ཤུའི་གྲངས་ངེས་དང་བཅས་པ་ཕྱོགས་གཅིག་ཏུ་བསྡུས་ནས་སྟོན་པའི་ཤེར་ཕྱིན་གྱི་མདོ་མེད་ཀྱང༌། མདོ་ཉིད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་ག་རྒྱ་ཆེར་བསྟན་ཞེས་དང༌། མཐར་གྱིས་པའི་སྐབས་སུ་ཡང༌། སྐྱེས་བུ་ཟུང་བཞི་དང༌། གང་ཟག་བརྒྱད་ཅེས་དང༌། གླིང་བཞིའི་སྐབས་བསུ་ཡང༌། བྱང་ཆུབ་སེམས་དཔའ་མ་གཏོགས་པའི་འཁོར་རྣམ་བཞི་བསྟན་པ་དང་གཞན་ཡང་ཐོག་མཐའ་བར་གསུམ་ནས། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་བྱང་ཆུབ་དང༌། ཞེས་པ་ཡང་དང་ཡང་དུ་འབྱུང་ཞིང༌། ཉན་ཐོས་དང་རང་སངས་རྒྱས་ཞེས་ཀྱང་ཡང་དང་ཡང་དུ་གསུངས་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཐེག་པ་གསུམ་ག་རྒྱ་ཆེར་བསྟན་པའི་ཕྱིར་དེ་ལ་སློབ་པའི་གང་ཟག་གསུམ་ཡང་བསྟན་དགོས་པ་ལ། ཐེག་ཆེན་ལ་སློབ་པའི་གང་ཟག་ནི་སྔར་རྒྱལ་སྲས་བཞི་བཅུ་རྩ་ལྔ་མདོ་ཉིད་ལས་གསུངས་པ་སློབ་དཔོན་དབྱིག་གཉེན་དང་འབུམ་ཊིག་མཁན་པོ་ལ་སོགས་པ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཚད་མར་གྱུར་པ་དེ་དག་གིས་ལེགས་པར་བཀྲལ་ལ། སྐབས་འདིར་ནི་རྗེ་བཙུན་མི་ཕམ་མགོན་པོས། ཐེག་པ་འོག་མ་གཉིས་ལས། སློབ་པའི་གང་ཟག་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་པར་བྱ་རྒྱུ་ཉི་ཤུ་བསྟན་པ་ནི་ཐེག་དམན་གྱི་གང་ཟག་མདོའི་གོང་འོག་བར་གསུམ་དུ་འབྱུང་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། དབང་པོ་རྟུལ་དང་རྣོན་པོ་དག། དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང༌། །བྱེད་དང་བྱེད་མིན་འོག་མིན་འགྲོ། འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་གསུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཞེས་ཚིགས་སུ་བཅད་པ་གཉིས་པོ་འདིས་རྣམ་པའི་དབྱེ་བ་ཉི་ཤུ་པོ་འདིར་ཐེག་དམན་གྱི་གང་ཟག་འདུས་པར་གསུངས་སོ། ། ཉི་ཤུར་ཇི་ལྟར་དབྱེ་ཞེ་ན་དབང་པོ་རྟུལ་པོ་དང༌། དབང་པོ་རྣོན་པོ་གཉིས་དང༌། དེའི་སྟེང་དུ། དད་པས་མོས་པ་དང༌། མཐོང་བས་ཐོབ་པ་གཉིས་སྟེ་བཞིའོ། །དེའི་སྟེང་དུ་ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང༌། མིའི་རིགས་ནས་རིགས་སུ་སྐྱེ་བ་གཉིས་ཏེ་དྲུག་གོ །དེའི་སྟེང་དུ་ཚེ་གཅིག་བར་ཆད་གཅིག་པ་སྟེ་བདུན་ནོ། །དེའི་སྟེང་དུ་བར་མ་དོར། མྱ་ངན་ལས་འདའ་བ་དང༌། སྐྱེ་ནས་འདའ་བ་དང༌། མངོན་པརའདུ་བྱེད་པ་དང་བཅས་པས་འདའ་བ་དང༌། མངོན་པར་འདུ་བྱེད་པ་མ་ཡིན་པར་འདའ་བ་དང་བཞི་སྟེ་བཅུ་གཅིག་གོ །དེའི་སྟེང་དུ། འོག་མིན་དུ་འགྲོ་བ་དང་བཅུ་གཉིས་སོ། །དེའི་སྟེང་དུ། འཕར་བ་གསུམ་དེ་བཅོ་ལྔའོ། །དེའི་སྟེང་དུ། སྲིད་རྩེའི་མཐར་ཐུག་འགྲོ་བ་དང་བཅུ་དྲུག་གོ །དེའི་སྟེང་དུ། གཟུགས་ཀྱི་ཆགས་བཅོམ་དང་བཅུ་བདུན་ནོ། །དེའི་སྟེང་དུ་མཐོང་བའི་ཆོས་ལ་ཞི་བ་ཐོབ་པ་དང་བཅོ་བརྒྱད་དོ། །དེའི་སྟེང་དུ༌། ལུས་ཀྱི་མངོན་གསུམ་དུ་བྱེད་པ་དང་བཅུ་དགུའོ། ། དེའི་སྟེང་དུ། བསེ་རུ་ལྟ་བུུ་སྟེ་རང་སངས་རྒྱས་དང་ཉི་ཤུའོ། །དེ་ཡང་འཇིག་རྟེན་པའི་ལམ་གྱིས་སྔར་བསྒོམས་པ་ཡང་ཅི་རིགས་ལས་གྲོལ་བ་དང༌། མཐར་ཕྱིན་གྱི་འཇུག་པ་གཉིས་སོ། །དེ་ལ་དང་པོ་ནི་དབང་པོ་རྣོ་རྟུལ་དེ་དག་མཐོང་ལམ་སྐད་ཅིག་བཅོ་ལྔ་བཤད་པ་གང་ཡིན་པ་དེ་དག་ལ་གནས་པ་ནི་དད་པས་རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་བའོ། །དེ་གཉིས་འཇིག་རྟེན་པའི་ལམ་གྱིས་སྔོན་བསྒོམ་སྤང་མ་སྤངས་པ་དང༌། སྔོན་འདོད་པའི་སྒོམ་སྤང་ལྔའི་བར་དུ་སྤངས་ན་ཡང་འབྲས་སུ་རྣམས་ཀྱི་དང་པོ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པའོ། །མྱ་ངན་ལས་འདས་པའི་རྒྱུ་ནི་ལམ་སྟེ་དེ་ནས་དེར་འགྲོ་བའི་ཕྱིར་དེར་ཞུགས་ཤིང་ཕྱིན་ལ་སོན་པས་ན་རྒྱུན་དུ་ཞུགས་པ་ཡིན་ནོ། །གལ་ཏེ་དེ་གཉིས་ཀྱིས་འདོད་པའི་སྒོམ་སྦང་དྲུག་གམ་བདུན་ནམ་བརྒྱད་དག་གཅིག་སྔོན་སྤངས་ན་འབྲས་བུ་གཉིས་པ་ལན་གཅིག་ཕྱིར་འོང་གི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །དགུ་པ་སྤངས་པའི་འདོད་པ་ལས་འདོད་ཆགས་དང་བྲལ་བ་འམ་གོང་མ་ཅི་ཡང་མེད་པ་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བ་ཡིན་ན་དེ་གཉིས་འབྲས་བུ་གསུམ་པ་ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་པའོ། །སེམས་བཅུ་དྲུག་པ་སྐྱེས་ན་དེ་གཉིས་དད་་པས་མོས་པ་དང་མཐོང་བས་ཐོབ་པ་ཞེས་བྱ་བ་དང། འབྲས་བུ་དང་དེ་ལ་གནས་ཡིན་གྱི། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དང༌། ཞུགས་པ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པ་ལྔའི་བར་དུ་སྤངས་ཀྱང་སེམས་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པ་ཁོ་ན་ཡིན་གྱི། ལན་ཅིག་འོང་་གི་འབྲས་བུ་ལ་ཞུགས་པ་མ་ཡིན་ཞེ་ན། གང་གི་ཕྱིར་འབྲས་བུ་ཐོབ་ནས་འབྲས་བུ་ཁྱད་པར་ཅན་གྱི་ལམ་མི་འཐོབ་པ་དེ་ནི་ངེས་སོ། །དེའི་ཕྱིར་འབྲས་བུ་ལ་གནས་པ་ཇི་སྲིད་དུ་ཁྱད་པར་དུ་བྱ་བའི་ཕྱིར་འབྲས་བུ་གཞན་ཐོབ་པར་བྱ་བ་ལ་མི་བརྩོན་པ་དེ་སྲིད་དུ་ཞུགས་པ་མ་ཡིན་ནོ། །དེ་བཞིན་དུ་འབྲས་བུ་གཞན་ལ་ཡང་སྦྱར་བར་བྱའོ། །མཛོད་ལས། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བ། །བསྒོམ་པས་སྤང་བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །རྣམ་ལྔའི་བར་བཅོམ་གཉིས་པ་ལ། །དགུ་པ་ཚུན་ཆད་ཟད་པ་ཡིན། །འདོད་པ་གཅིག་པ་འམ་ཡང་ན་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། ། དེ་ཚེ་དབང་པོ་རྣོ་རྟུལ་དག །དད་པས་མོས་དང་མཐོང་བས་ཐོབ། །འབྲས་ཐོབ་འབྲས་བུ་ཁྱད་པར་གྱི། །ལམ་ཐོབ་མེད་པས་དེ་ཡི་ཕྱིར། །འབྲས་གནས་ཁྱད་པར་བྱ་བའི་ཕྱིར། ། མི་བརྩོན་པ་ནི་ཞུགས་མ་ཡིན། །ཞེས་གསུངས་སོ། ། ད་ནི་གཉིས་པ་མཐར་གྱིས་འཇུག་པ་བརྗོད་པར་བྱ་སྟེ། དེ་ལ་རྒྱུན་དུ་ཞུགས་པ་ལ་ཇི་ལྟར་ཐོགས་ན་ལན་བདུན་པ་དང༌། ལྷ་དང་མིའི་རིགས་ནས་རིགས་སུ་སྐྱེ་བ་གཉིས་ཏེ་གསུམ་མོ། །ཕྱིར་འོང་ལ་ཞུགས་གནས་གཉིས་དང་བར་ཆད་གཅིག་པ་སྟེ་གསུམ་མོ། །ཕྱིར་མི་འོང་བ་ལ་ཞུགས་གནས་གཉིས་ལ་ཞུགས་པ་ནི། སྔར་གྱི་བར་ཆད་གཅིག་པ་དེ་ཉིད་དོ། །གནས་པ་ལ་བདུན་ལས་བར་མ་དོར་མྱ་ངན་ལས་འདའ་བ་དང༌། སྐྱེས་ནས་འདའ་བ་དང༌། འདུུ་བྱེད་པ་དང༌། འདུ་བྱེད་པ་མེད་པ་དང་གོང་དུ་འཕོ་བ་སྟེ་ལྔའོ། །གཟུགས་ཀྱི་ཆགས་བཅོམ་ནི་དྲུག་པའོ། །མཐོང་བའི་ཆོས་ཚེ་འདི་ལ་ཞི་བ་མྱ་ངན་ལས་འདས་པ་ནི་བདུན་པའོ། ། དེ་ལ་ཇི་ལྟར་འདོད་པའི་ཁམས་ཀྱི་ཉོན་མོངས་པ་རྣམ་པ་དགུ་ཡིན་པ་དེ་བཞིན་དུ་སྲིད་རྩེའི་པར་དུས་རེ་རེ་ལ་ཡང་དགུ་དགུའོ། །ས་དང་ས་ན་དེའི་གཉེན་པོ་བར་ཆད་མེད་པའི་ལམ་དང་རྣམ་གྲོལ་གྱི་ལམ་ཡང་དེ་སྙེད་དོ། །ཇི་ལྟར་བྱས་པས་ཞེ་ན། རྩ་བའི་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་སྟེ། དེ་རེ་རེ་ཡང་ཆུང་ངུ་ལ་སོགས་སུ་ཕྱེ་བས་སོ། །ཇི་སྐད་དུ་མཛོད་ལས། ས་དང་ས་ནས་མཉེས་རྣམ་དགུ། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ཆུང་དང་འབྲིང་དང་ཆ་རྣམས་ཀྱི། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །ཞེས་སོ། །གོས་ཀྱི་དྲི་མ་ཆེ་ལོང་ནི་སྔར་འཁྲུལ་ཕྲ་མོ་ནི་ཕྱིས་འཁྲུལ་པ་དང་མུན་པ་ཆེ་ལོང་ནི་སྣང་བ་ཆུང་ངུ་དང༌། མུན་པ་ཕྲ་མོ་ནི་སྣང་བ་ཆེན་པོས་སེལ་བ་བཞིན་དུ་སྤངས་གཉེན་དེ་དག་གམ་སྤོང་ཚུལ་ཡིན་ཏེ། སྔར་ལམ་ཆེན་པོ་དང༌། ཕྱིས་སྤང་བྱ་ཆེན་པོ་མི་སྲིད་ཅིང་ཆོས་དཀར་པོ་རྣམས་ནི་སྟོབས་དང་ལྡན་ལ་ནག་པོ་རྣམས་ནི་སྟོབས་ཆུང་བའི་ཕྱིར་རོ། །འབྲས་བུ་ལ་གནས་པ་སྒོམ་སྤང་གི་ཉོན་མོངས་པ་གཅིག་ཀྱང་མ་སྤངས་པ་དེ་ནི་རྒྱུན་དུ་ཞུགས་པ་ཡིན་ལ། ཤིན་ཏུ་ཐོགས་ནས་ཐ་ཤལ་ནི་ཚེ་བདུན་གྱི་བར་སྐྱེ་བ་སྲིད་ཅིང་ཐམས་ཅད་ནི་མ་ཡིན་པས་ན་དེ་ལྟར་ཐོགས་ན་ལན་བདུན་པའོ། །མཛོད་ལས། འབྲས་གནས་བསྒོམ་སྤངས་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པ། །ཞེས་སོ། །ཅིའི་ཕྱིར་སྲིད་པ་བརྒྱད་པ་མི་འགྲུབ་ཅེ་ན། དུས་དེ་སྲིད་ཀྱིས་ངེས་པར་རྒྱུད་ཡོངས་སུ་སྨིན་པའི་ཕྱིར། སྦྲུལ་གོམ་པ་བདུན་པས་ཟིན་པ་ལྟ་བུའོ། །རྒྱུན་དུ་ཞུགས་པ་དེ་ཉིད་རྒྱུ་གསུམ་གྱིས་རིགས་ནས་རིགས་སུ་སྐྱེ་བ་ཡིན་ཏེ། སྦངས་པ་ལ་ཉོན་མོངས་པ་གསུམ་འམ་བཞི་སྤངས་པ་དང༌། དབང་་པོ་ལས་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་དང༌། སྐྱེ་བ་ལས་ཚེ་གཅིག་གམ་གཉིས་ལུས་པའི་ཕྱིར་རོ། །ལྔ་སྤངས་པ་ནི་དེ་དག་མ་ཡིན་དེ། །དེ་སྤངས་ན་དྲུག་པ་སྤང་ངེས་པར་སྤོངས་བའི་ཕྱིར་དེ་བར་ཆད་གཅིག་པའི་བཞིན་དུ་གཅིག་གིས་དེའི་འབྲས་བུ་ལ་གེགས་བྱ་བར་མི་་་་་ནུས་ཏེ། ཁམས་ལས་མི་འདའ་བའི་ཕྱིར་རོ། །ལྷ་དག་གི་ནང་དུ་གཉིས་སམ་གསུམ་འཁོར་ནས་ལྷའི་རིགས་དེ་འང་དེ་ལས་གཞན་དུ་མྱ་ངན་འདའ་བ་དང༌། མིའི་ནང་དུ་རིགས་གཉིས་སམ་གསུམ་འཁོར་ནས་གླིང་ཏེ་འམ་གཞན་དུས་ངན་ལས་འདའ་བའི་ཕྱིར་ལྷའི་རིགས་ནས་རིགས་དང་མིའི་རིགས་ནས་རིགས་སོ། ། ཇི་སྐད་དུ། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། ཞེས་གསུངས་སོ། །འབྲས་བུུ་ལ་གནས་པ་དེས་ལྔའི་བར་དུ་སྤངས་ན་ལན་གཅིག་ཕྱིར་འོང་ལ་ཞུགས་པ་ཡིན་ལ། དྲུག་པ་སྤངས་ན་ལན་གཅིག་ཕྱིར་འོང་ཡིན་ཏེ། ཇི་སྐད་དུ། རྣམ་པ་ལྔ་ཡིས་པར་བཅོམ་པ། ། གཉིས་པ་ལ་ནི་ཞུགས་པ་ཡིན། །རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་གཅིག་ཕྱིར་འོང་ཡིན། །ཞེས་གསུངས་སོ། །དེ་ལྷའི་ནང་དུ་སོང་ནས་མིའི་འཇིག་རྟེན་དུ་ལན་གཅིག་ཕྱིར་འོང་གི་ཕན་ཆད་སྐྱེ་བ་མེད་པའི་ཕྱིར་ལན་གཅིག་ཕྱིར་འོང་བ་ཞེས་བྱའོ། ། ཡང་ལན་གཅིག་ཕྱིར་འོང་བ་དེ་ཉིད་རྒྱུ་གསུམ་གྱིས་པར་ཆད་གཅིག་པ་ཡིན་ཏེ། ཉོན་མོངས་བདུན་ནས་བརྒྱད་སྤངས་པ་དང༌། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་དང༌། ཚེ་གཅིག་ལུས་པའི་ཕྱིར་རོ། །དེ་ནི་འབྲས་བུ་གསུམ་པ་ལ་ཞུགས་པ་ཡང་ཡིན་ནོ། །ཇི་སྐད་དུ། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང༌། །གསུམ་པ་ལ་ནི་ཞུགས་པ་འང་ཡིན་ཞེས་སོ། །མྱ་ངན་འདས་ལ་ཚེ་གཅིག་གིས་ཆོད་པའི་ཕྱིར་རམ་འབྲས་བུ་གསུམ་པ་ལ་ཉོན་མོངས་པ་གཅིག་གིས་ཆོད་པའི་ཕྱིར་ཚེ་གཅིག་བར་ཆད་གཅིག་པའོ། །ཁམས་ལས་འདའ་བའི་ཕྱིར་གཅིག་འབྲས་བུ་ལ་གེགས་བྱེད་པར་ནུས་སོ། །སྔོན་གསུམ་དང་བཞི་སྤངས་པ་དང༌། །བདུན་དང་བརྒྱད་སྤངས་པ་ནི་སྲིད་དུ་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་མ་བྱས་པ་དེ་སྲིད་དུ་རིགས་ནས་རིགས་སུ་སྐྱེ་བ་དང་བར་ཆད་གཅིག་པ་མ་ཡིན་ནོ། །འབྲས་བུ་ལ་གནས་པ་དེ་ཉིད་རྣམ་པ་དགུ་སྤངས་པས་འདོད་པའི་ཁམས་སུ་ཕྱིར་མི་འོང་བ་ཡིན་ཏེ། ཇི་སྐད་དུ་དེ་དགུ་ཟད་པས་ཕྱིར་མི་འོང༌། ཞེས་སོ། །ཕྱིར་མི་འོང་དེ་ཉིད་རེ་ཞིག་རྣམ་པ་ལྔ་ཡིན་ཏེ། བར་དོར་མྱ་ངན་ལས་འདའ་པའི་ཕྱིར་བར་མ་དོར་འདའ་བ་དང་སྐྱེས་ཙམ་ལས་མི་འཕྱི་བར་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདའ་བའི་ཕྱིར་སྐྱེས་ནས་འདའ་བ་དང༌། ལམ་ངང་གིས་འབྱུང་བ་ལམ་ལ་འབད་པ་མེད་པར་མྱ་ངན་ལས་འདའ་བའི་ཕྱིར་མངོན་པར་མ་བྱེད་པ་ཡིན་པ་དང༌། ལམ་ངང་གིས་འབྱུང་བ་མ་ཡིན་པ་ནི་ལམ་ལ་འབད་པས་མྱ་ངན་ལས་འདའ་བའི་ཕྱིར་མངོན་པར་འདུ་བྱེད་པ་དང་བཅས་པ་དང༌། གང་དུ་སྐྱེས་པ་དེ་ཉིད་དུ་མྱ་ངན་ལས་མི་འདའ་བརགོང་དུ་འགྲོ་བའི་ཕྱིར་གོང་དུ་འཕོ་བ་དང་ལྔའོ། །ཇི་སྐད་དུ། དེ་ནི་པར་སྐྱེས་འདུ་བྱེད་དང༌། །འདུ་བྱེད་མེད་ཡོངས་མྱ་ངན་འདའ། །གོང་དུུ་འཕོ་བ་རྣམས་ཞེས་གསུངས་སོ། ། ཕྱིར་མི་འོང་བ་བར་མ་དོ་དང་སྐྱེས་ནས་དང་གོང་ནས་གོང་དུ་འཕོ་བ་གསུམ་པོ་ལ་གསུམ་གསུམ་དུ་ཕྱེ་ནས་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་དགུའོ། །བར་མ་དོར་འདའ་ནི་དཔེ་གསུམ་གྱིས་མྱུར་བ་དང༌། མྱུར་བ་མ་ཡིན་པ་དང༌། ཡུན་རིང་མོ་ཞིག་ནས་མྱ་ངན་ལས་འདའ་བ་སྟེ་གསུམ་མོ། ། སྐྱེས་ནས་འདའ་བ་ནི། སྐྱེ་ནས་དང༌། འདུ་བྱེད་པ་དང༌། འདུ་བྱེད་པ་མེད་པར་མྱ་ངན་འདའ་བ་གསུམ་མོ། །གོང་དུ་འཕོ་བ་ནི་འཕར་བ་གསུམ་མོ། །ཡང་སྐྱེས་ནས་ལ་སོགས་པ་གཉིས་པོ་ཡང་མྱུར་བ་ལ་སོགས་པ་གསུམ་གསུམ་དུ་དབྱེའོ། །ཇི་སྐད་དུ། གསུམ་ལ་ཡང་རྣམ་གསུམ་ཕྱེ་ནས། །གཟུགས་སུ་ཉེར་འགྲོ་དགུ་བཤད་དོ། །ཞེས་སོ། །དགུའི་དབྱེ་གཞི་གསུམ་པོ་དེ་དག་གི་ཁྱད་པར་ནི། ལས་དང་དབང་པོ་ཉོན་མོངས་པའི་བྱེ་བྲག་ལས་བར་མ་དོ་ལ་སོགས་པ་གསུམ་པོ་གོ་རིམ་བཞིན་དུ། མངོན་པར་གྲུབ་པ་དང༌། སྐྱེས་བ་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་པ་དང༌། ཉོན་མོངས་པ་ཀུན་ཏུ་སྤྱོད་བ་ཆུང་བ་དང༌། འབྲིང་དང༌། ཆེན་པོའི་ཕྱིར་དང༌། དབང་པོ་ཆེན་པོ་དང༌། འབྲིང་དང༌། ཆུང་ངུའི་ཕྱིར་རོ། །གསུམ་པོ་རེ་རེ་ཡང༌། ཉོན་མོངས་དང༌། དབང་པོ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་བྱེ་བྲག་གིས་ཕྱིར་མི་འོང་དགུ་ཡིན་ནོ། །ཇི་སྐད་དུ། དེ་དག་གི་ནི་ཁྱད་པར་རྣམས། །ལས་དང་ཉོན་མོངས་བྱེ་བྲག་ལས་ཞེས་སོ། །དེ་དག་ལས་གཉིས་པོ་གསུམ་གསུམ་དབྱེ་ཞིང་གོང་དུ་འཕོ་བ་གཅིག་ཏུ་བྱས་པ་ནི་སྐྱེས་བུ་དམ་པའི་འགྲོ་བ་བདུན་ཏེ། ཇི་སྐད་དུ། གོང་དུ་འཕོ་བ་མ་ཕྱེ་བར། །དམ་པའི་འགྲོ་བ་བདུན་དུ་འདོད། །ཅེས་སོ། །འདི་དག་ཁོ་ན་དམ་པ་ཡིན་ཞིང་སློབ་པ་གཞན་དག་མ་ཡིན་པ་ནི་རྣམ་གྲངས་པའི་དམ་པ་སློབ་པ་གཞན་དག་ལ་ཡང་ཡོད་ཀྱང་འདིར་ནི་རྣམ་གྲངས་མེད་པའི་དམ་པ་ཡིན་ནོ། །འདི་དག་དགེ་བ་ཁོ་ན་ལ་འཇུག་པ་དང༌། མི་དགེ་བ་ལ་མི་འཇུག་པ་དང༌། འགྲོ་བ་འདི་དག་དུ་སོན་པ་ནི་དམ་པའི་དོན་དེ། ཇི་སྐད་དུ། དམ་པ་དམ་མིན་འཇུག་མི་འཇུག །སོན་པ་ཕྱིར་མི་འོང་ཕྱིར་ཏེ། །ཞེས་པ་དམ་པའི་འགྲོ་བ་ཡིན་ནོ། ། གོང་དུ་འགྲོ་བ་ལ་འགྲོ་བ་ཞེས་སོ། །འདོད་པའི་ཁམས་སུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ལ་ནི་གོང་དུ་འགྲོ་བའི་དབྱེ་བ་འདི་མེད་དེ། །ཚེ་དེ་ཉིད་ལ་ཕྱིར་མི་འོང་གི་འབྲས་བུ་ཐོབ་ནས་མྱ་ངན་ལས་འདའ་བའི་ཕྱིར། །འཕགས་པ་འདི་དང་ཁམས་གོང་མར་སྐྱེས་པའི་འཕགས་པ་ནི་ཚེ་གཞན་ལ་འདྲེས་པས་དབང་པོ་རྣམས་སྨིན་པ་དང༌། རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར་རོ། །དབང་པོ་འཕོ་བ་ཡོངས་སུ་ཉམས་པ་མེད་དོ། །ཇི་སྐད་དུ། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་པོ་འཕོ་མི་བསྟེན། །ཞེས་གསུངས་སོ། །ལྔ་པ་གོང་དུ་འཕོ་བ་དེ་ནི་བསམ་གཏན་སྤེལ་ན་པར་སྐབས་སུ་འདའ་བ་སྲིད་ཀྱང་ཐ་མ་འོག་མིན་ལ་ཐུག་པར་འགྲོ་སྟེ། ཇི་སྐད་དུ། དེ་ནི་བསམ་གཏན་སྤེལ་ན་འོག་མིན་འགྲོ། ཞེས་སོ། ། འདི་ནི་ལྷག་མཐོང་སྤྱད་པ་ཡིན་ལ་འོག་མིན་དུ་འགྲོ་བ་འདི་ལ་དབྱེ་བ་གསུམ་སྟེ། བསམ་གཏན་རྣམས་སྤེལ་ནས་བསམ་གཏན་དང་པོའི་རོ་མྱངས་དེ་བསམ་གཏན་གསུམ་པ་ལས་ཉམས་པ་ཚངས་རིས་པའི་ནང་དུ་སྐྱེས་ནས་སྔོན་གོམས་པའི་དབང་གིས་བསམ་གཏན་བཞི་པ་སྤེལ་ཏེ། དེ་ནས་ཤི་འཕོ་ནས་འོག་མིན་པའི་ནང་དུ་སྐྱེ་བ་དེ་ནི་པར་དུ་མི་འགྲོ་བས་འཕར་བ་ཞེས་བྱའོ། །གནས་གཙང་མ་རྣམས་སུ་སྐྱེས་ལ་པར་ནས་གནས་འགའ་ཙམ་རྒལ་དེ་དེ་འོག་མིན་དུ་སྐྱེ་བ་དེ་ནི་ཕྱེད་དུ་འཕར་བ་ཞེས་བྱའོ། །འཕགས་པ་ནི་་ཚངས་ཆེན་པའི་ནང་དུ་མི་སྐྱེ་སྟེ། ལྟ་བའི་གནས་ཡིན་པ་དང་གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་རོ། །གནས་གཞན་ཐམས་ཅད་དུ་འཕོ་ནས་འོག་མིན་དུ་འཇུག་པ་ནི་གནས་ཐམས་ཅད་དུ་འཆི་འཕོ་བ་ཞེས་བྱའོ། །འོག་མིན་འགྲོ་བའི་དབྱེ་བ་འཕར་བ་གསུམ་པོ་དེའོ། །ཇི་སྐད་དུ། དེ་འཕར་བྱེད་འཕར་ཐམས་ཅད་དུ་འཆི་འཕོ་ཞེས་སོ། །ཕྱིར་མི་འོང་བའི་དོན་ནི་སྐྱེ་པའི་སྐྱེ་མཆེད་དེ་ཉིད་དུ་ཚེ་གཉིས་པ་འགྲུབ་པར་མི་བྱེད་དེ། ཁྱད་པར་འགྲོ་བའི་ཕྱིར་རོ། །དེ་ལྟར་ན་ཕྱིར་མི་འོང་བ་ཡིན་དེ་གང་དུ་སྐྱེས་པ་དེར་དང་འོག་ཏུ་གཏན་མི་འོང་བའི་ཕྱིར་རོ། །གོང་དུ་འཕོ་བ་བསམ་གཏན་མ་སྤེལ་ན་བར་སྐབས་སུ་མྱ་ངན་ལས་འདའ་སྲིད་ཀྱང་ཐ་མ་སྲིད་རྩེའི་བར་དུ་འགྲོ་བ་ནི། སྙོམས་པར་འཇུག་པ་གཞན་རྣམས་ཀྱི་རོ་མྱང་བར་བྱེད་ཅང་གནས་གཙང་མ་རྣམས་མ་གཏོགས་པ་གནས་གཞན་ཐམས་ཅད་དུ་གཟུགས་མེད་པར་སྐྱེ་བའི་རིམ་གྱིས་སྲིད་རྩེར་སོང་སྟེ་མྱ་ངན་འདའ་བའོ། །ཇི་སྐད་དུ། གཞན་སྲིད་རྩེ་མོར་འགྲོ་ཞེས་སོ། །འདི་ནི་ཞི་གནས་སྤྱད་པ་ཡིན་ནོ།