ཕར་ཕྱིན་མདོ་ལུགས་མ།

སྦྱན་ལྔ་གདམས་ཤིང་འགོད་པ་ནི། གནོད་འཇོམས་ལས། གཟུགས་ཐམས་ཅད་ལ་འཇུག་པའི་ཤེས་པ་ནི་ཤའི་མིག་གོ །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཤེས་པ་ནི་ལྷའི་མིག་གོ །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་མིག་གོ། གནས་དང་གནས་མ་ཡིན་པ་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་པོ་དག་ནི་ཆོས་ཀྱི་མིག་གོ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་སངས་རྒྱས་ཀྱི་མིག་ཡིན་ནོ། །ཞེས་གསུངས་སོ། །མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའི་ཤའི་མིག་གིས་དཔག་ཚད་བརྒྱ་དང་གཉིས་བརྒྱ་དང་སྟོང་དང་འཛམ་བུ་གླིང་གཅིག་དང་གཉིས་དང་གླིང་བཞི་དང་སྟོང་གཅིག་དང་གཉིས་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཞེས་སོ། ། སྦྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། སྟོང་གཅིག་ཅེས་བྱ་བ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་དབུས་ནས་སྟེང་དང་འོག་ཏུ་སྟོང་ཕྲག་རེ་རེ་སྟེ། འོག་དང་སྟེང་བཞིན་དུ་གང་དང་ནུབ་དང་བྱང་དང་ལྷོ་དང་བདེན་བྲལ་དང་དབང་ལྡན་དང་རླུང་དང་མེར་རོ། །དེ་བཞིན་དུ་སྟོང་ཕྲག་གཉིས་དང་གསུམ་མོ། །དེ་ནས་སྟོང་ཆེན་པོ་ཞེས་བྱ་བ་གྲངས་མེད་པ་ཚན་པའི་འཇིག་རྟེན་གྱི་ཁམས་རྣམས་དེ་ཞེས་གསུངས་སོ། །སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས། གླིང་བཞི་ནི་གླིང་བཞི་པ་སྟེ། དེ་དག་སྟོང་ལ་སྟོང་གཅིག་ཅེས་བྱའོ། །སྟོང་གཅིག་པ་སྟོང་ལ་སྟོང་གཉིས་ཞེས་བྱའོ། །སྟོང་གཉིས་པ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཏེ། ཁོར་ཡུག་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱའོ། །ཞེས་གསུངས་སོ། །དེ་དག་ཀྱང་སེམས་ཅན་གྱི་བསམ་པའི་དབང་གིས་མདོ་དང་རྒྱུད་ཀྱི་ལུགས་སོ། །མདོ་ལས། བྱང་ཆུབ་སེམས་དཔའ་ལྷའི་མིག་གིས་རྒྱལ་ཆེན་བཞིའི་རིས་ནས་འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་ལྷའི་མིག་ཤེས་ཤིང་དེ་དག་གི་མིག་གིས་བྱང་ཆུབ་སེམས་དཔའ་ལྷའི་མིག་དེ་མི་ཤེས་པ་དང༌། བྱང་ཆུབ་སེམས་དཔའི་ལྷའི་མིག་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་གྱི་སེམས་ཅན་རྣམས་ཀྱི་འཆི་་་་་འཕོ་བ་དང་སྐྱེ་བ་ཤེས་ཞེས་དང༌། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་མིག་གིས་ཆོས་གང་ཡང་མི་ཤེས་པ་མེད་དོ། །ཞེས་དང༌། བྱང་ཆུབ་སེམས་དཔའི་ཆོས་ཀྱི་མིག་གིས་ཐེག་པ་གསུམ་གྱི་ལམ་ལ་གནས་པའི་གང་ཟག་གིས་ལས་དང་ལས་དེའི་རྒྱུ་དང་ལས་དེའི་རྣམ་སྨིན་དང༌། གང་ཟག་དེ་དག་གི་བསམ་པའི་ཁམས་ཀྱིས་ཉན་རང་དང་སངས་རྒྱས་སུ་འགྱུར་བ་ལ་སོགས་པའི་རྒྱུ་སོགས་དང༌། དེ་དག་གི་མོས་པ་སྣ་ཚོགས་དང་དེ་དག་གིས་དབང་པོ་མཆོག་འབྲིང་ཐ་མ་རྣམས་དང༌། དེ་དག་ངེས་པ་དང་མ་ངེས་པ་རྣམས་དང༌། མཐུན་པའི་ལམ་དང༌། བསམ་གཏན༌། རྣམ་ཐར། ཏིང་ངེ་འཛིན། སྙོམས་འཇུག་ གི་ཀུན་ནས་ཉོན་མོངས་དང༌། ཉོན་མོངས་དེའི་རྒྱུ་དང༌། བསམ་གཏན་སོགས་ཀྱི་རྣམ་བྱང་དང༌། རྣམ་བྱང་དེའི་རྒྱུ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་གིས་མངོན་ཤེས་དང༌། ཟག་པ་ཟད་པ་རྣམ་ཤེས་པར་སྟོན་པ་དང༌། སངས་རྒྱས་ཀྱི་མིག་ནི། བྱང་ཆུབ་ཀྱི་སེམས་ཀྱི་མཇུག་ཐོགས་སུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྣམ་མཁྱེན་ཐོབ་པར་བྱེད་དེ། དེ་ནི་སྟོབས་བཅུ་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ལྡན་ཞིང༌། མིག་དེ་དང་ལྡན་པ་དེས་མ་མཐོང་བ་དང་མ་ཐོས་པ་དང༌། མི་དྲན་པ་མི་ཤེས་པ་ཅི་ཡང་མེད་དོ། ། ཞེས་པའི་དོན་རྣམས་གསུངས་སོ། །འདོམས་ཚུལ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་མིག་ལྔ་ཡོངས་སུ་དག་པ་དང་ཐོབ་པར་འདོད་པས་ཕར་ཕྱིན་དྲུག་ལ་བརྩོན་པར་བྱའོ། །ཞེས་གདམས་སོ། ། མངོན་ཤེས་ཀྱི་ཡོན་ཏན་དྲུག་ལ་གདམས་ཤིང་སྦྱོར་བ་ནི། རྫུུ་འཕྲུལ་གྱི་དང། ལྷའི་རྣ་བའི་དང། གཞན་གྱི་སེམས་ཤེས་པའི་དང། སྔོན་གྱི་གནས་རྗེས་སུ་དྲན་པའི་དང། ལྷའི་མིག་དང། ཟག་པ་ཟད་པ་མངོན་སུམ་དུ་ཤེས་པའི་མངོན་པར་ཤེས་པ་སྟེ། དྲུག་གོ །དེ་རྣམས་ཀུན་རྫོབ་ཀྱི་ཤེས་པས་ཡོངས་སུ་རྫོགས་པ་དང། དོན་དམ་པར་མི་དམིགས་པས་རྣམ་པར་དག་པ་སྟེ་གཉིས་སུ་བསྟན་ཏོ། དེ་ལ་ས་གཡོ་བ་ལ་སོགས་པ་དང༌། ལྷ་མི་གཉིས་ཀའི་སྒྲ་ཐོས་པ་དང། གཞན་གྱི་སེམས་ཆགས་བཅས་ལ་སོགས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དང། དེ་དང་དེའི་རྣམ་པ་དང་བཅས་པར་རང་གཞན་གྱིས་སྔོན་གྱི་གནས་དུུ་མ་རྗེས་སུ་དྲན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་དང་ཁ་དོག་སྡུག་མི་སྡུག་དང་བཟང་ངན་དང་ལས་ཇི་ལྟ་བ་བཞིན་དུ་བདེ་འགྲོ་དང་ངན་འགྲོར་འགྲོ་བ་ཤེས་པ་དང༌། ཟག་ཟད་ཀྱི་མངོན་ཤེས་དེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་བརྟེན་ནས་བག་ཆགས་དང་འཚམས་སྦྱོར་བ་དང༌། ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པ་ནི་ཀུན་རྫོབ་ཀྱི་ཤེས་པས་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་དག་རེ་རེའི་རྗེས་སུ་ཤེས་པ་དེ་ཉིད་མི་དམིགས་དེ་ངོ་བོ་ཉིད་ཀྱི་སྟོང་ཞིང་དབེན་ལ་སྐྱེ་བ་མེད་པའི་ཕྱིར་བདག་གིས་ཤེས་སོ་སྙམ་དུ་རློམ་སེམས་མི་བྱེད་དེ་ཞེས་གསུངས་པ་ནི་དོན་དམ་པར་མི་དམིགས་པས་རྣམ་པར་དག་པ་ཡིན་ནོ། །གནོད་འཇོམས་ལས་ཀུན་རྫོབ་ཀྱི་ཤེས་པས་ཡོངས་སུ་རྫོགས་པར་བྱས་ནས་ཕྱིས་དོན་དམ་པར་དམིགས་པར་བྱེད་ཏེ་དེའི་ཕྱིར་ཤིན་ཏུ་ཡོངས་སུ་རྫོགས་པ་དང༌། ཤིན་ཏུུ་རྣམ་པར་དག་པར་འགྱུར་རོ། །ཞེས་སོ། །མདོ་ཉིད་ལས་ཀྱང༌། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་པ་ནི་མངོན་པར་ཤེས་པ་དྲུག་ཡོངས་སུ་རྫོགས་པར་འགྱུར། ཡོངས་སུ་དག་པར་འགྱུར་དེ་མངོན་པར་ཤེས་པ་རྣམས་ཡོངས་སུ་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་བྱེད་དོ། །ཞེས་གསུངས་པས་གདམས་པ་མཛད་དོ། །ཉི་ཁྲི་སྣང་བར། སྦྱན་ལྔའི་ལྷའི་སྤྱན་ནི་རྣམ་པར་སྨིན་པ་ལས་བྱུང༌། མངོན་ཤེས་ཀྱི་ལྷའི་སྦྱན་ནི། བསམ་གཏན་འདུས་བྱས་པ་ལས་བྱུང་ཞེས་ཟེར་ཏེ། སྐད་ཅིག་མ་ཡི་སྦྱོར་བའི་སྐབས་ཀྱི་མདོ་ཉིད་ལས། བྱང་ཆུབ་སེམས་དཔའི་ལྷའི་མིག་རྣམ་པར་སྨིན་པ་ལས་བྱུང་བ་གང་གིས་ཞེས་དང༌། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་རྣམས་ཞེས་པ་ལན་གཉིས་དང༌། འཕྲིན་ལས་ཀྱི་སྐབས་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་དྲུག་ལ་སྦྱོད་པ། ཞེས་དང༌། བྱང་ཆུབ་སེམས་དཔའ་དེ་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་དེ་དག་ལ་གནས་ནས། ཞེས་གསུངས་པ་རྣམས་དང་འགལ་བའི་བཤད་པར་སྣང་ངོ༌། །དེས་ན་དེ་དག་གི་ཁྱད་པར་ནི། ལྷའི་སྦྱན་ཞེས་པས་མིང་གཅིག་ཀྱང་སྦྱན་དང་མངོན་ཤེས་ཡིན་མིན་ལས་ཐ་དད་དུ་གཟུང་བར་བྱའོ། །དེ་རྣམས་ཀྱིས་བརྩོན་པར་བྱེད་པའི་དབྱེ་བ་སོང་ཞིང་རྣམ་གྲངས་བཅུ་གཅིག་ལས་དང་པོ་བཤད་ཟིན་ཏོ། །ད་ནི་བརྩོན་པ་ལས་གདམས་པ་འཆད་པ་ནི། རྣམ་གྲངས་གཉིས་པ་རབ་འབྱོར་གྱིས་རྒྱས་པར་བཤད་པ་ནས་བརྩམས་ཏེ། འདིར་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་དབང་པོ་ཕྱུང་ཞིང་ཕྱོགས་བཅུ་སྣང་བས་བཀང་སྟེ། མཐོང་བསྒོམ་གདམས་ངག་གསན་པའི་སྣོད་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་བསྡུ་པ་མཛད་དོ། ། དེ་ལ་གདུལ་བྱ་མཐོང་ལམ་ལ་གདམས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཅི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེར་ཕྱིན་ལ་ངེས་པར་འབྱུང་བར་འགྱུར་བར་ཤེར་ཕྱིན་ལས་བརྩམས་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་ཀྱིས་གཏམ་བྱ་བར་ཁྱོད་སྤོབས་བར་གྱིས་ཤིག ཅེས་གསུངས་པ་ནས། སྨོན་པ་མེད་པའི་ཚིག་བླ་དྭགས་མི་དམིགས་པས་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་པའི་བར་གྱིས། གནས་བརྟན་རབ་འབྱོར་གྱིས་མིང་དང་བདར་གདགས་པ་དང༌། སེམས་ཅན་མི་དམིགས་པ་དང༌། ཚིག་བླ་དྭགས་མི་དམིགས་པ་དང༌། གསུམ་གྱིས་གདུལ་བྱ་མཐོང་ལམ་ལ་གདམས་པ་མཛད་དོ། །གསུམ་པོ་དེ་ཡང་རིམ་བ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་ཟད་པས་གཟུགས་སོགས་མིང་དང་བདར་བཏགས་པ་ལ་བསླབ་པ་དང༌། སེམས་ཅན་བསླབ་པ་དང༌། སེམས་ཅན་གཏན་མེད་ཅིང་མི་དམིགས་པས་གཟུགས་སོགས་བྱང་ཆུབ་སེམས་དཔའ་འགྱུར་བ་མེད་པ་དེ་ལྟར་ཤེར་ཕྱིན་ལ་བསླབ་པ་དང༌། གཟུགས་སོགས་གཏན་མེད་ཅིང་མི་དམིགས་པས་བྱང་ཆུབ་སེམས་དཔའ་གཟུགས་སོགས་ཀྱི་ཚིག་བླ་དྭགས་སུ་འགྱུར་བ་མེད་པ་དེ་ལྟར་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་གདམས་སོ། །ཉི་ཁྲི་སྣང་བ་ལ་སོགས་ཀྱིས་སྐབས་འདིའི་མདོ་རྣམས་སྐད་ཅིག་མ་བཅུ་དྲུག་ཏུ་ཕྱེ་ནས་བཤད་དེ་ཤེས་བྱེད་ཁུངས་མ་ནི་མ་མཐོང་ངོ༌། །ད་ནི་གདུལ་བྱ་བསྒོམ་པའི་ལམ་ལ་གདམས་ཤིང་སྦྱར་བ་ནི། ཆོས་ཐམས་ཅད་མ་དམིགས་ཤིང་མ་མཐོང་བའི་ཕྱིར་ཆོས་ཐམས་ཅད་ལ་སེམས་མི་སྐྲག་པ་དེ་ལྟར་ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་ཆོས་ཐམས་ཅད་མི་དམིགས་པས་བརྩོན་པ་ལ་གདམས་པ་མཛད་དོ། ། མཐོང་བསྒོམ་གཉིས་ཀའི་གདམས་པ་མཇུག་བསྡུས་དེ་བསྟན་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་མི་དམིགས་ཤིང་བྱང་ཆུབ་སེམས་དཔའ་དེ་དང་བྱང་ཆུབ་སེམས་དཔའི་མེང་དེ་དང་བྱང་ཆུབ་ཀྱི་སེམས་དེ་ཡང་མི་དམིགས་ན་འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པ་ཡིན་ཏེ། འདི་ཉིད་རྗེས་སུ་བསྟན་པ་ཡིན་ནོ། །ཞེས་པས་གདམས་ངག་རིལ་རྫོགས་པར་མཛད་དོ། །བརྩོན་པ་ལ་གདམས་པ་བཤད་ཟིན་ཏོ། །དེ་ལྟར་གདམས་པའི་ངག་གི་ཆེ་བ་ཉིད་ནི་མདོ་སྡེའི་རྒྱུན་ལས། དེ་ལྟར་མཐོང་དཀའི་ཐུབ་པ་རྟག་མཐོང་བ། །ཐོས་པ་མཉམ་མེད་ལས་བྱུང་རབ་དང་བའི། །ཤུགས་ཀྱིས་བརྟག་པར་ཤིན་ཏུ་སེམས་ཚིམ་པ། །ཇི་ལྟར་བུར་ནི་དོན་ཆེན་འགྱུར་མ་ཡིན། །ཆོས་ཀྱི་སྒོ་ལ་རྣམ་པར་གནས་པ་ལ། །དེ་བཞིན་གཤེགས་རྟག་མངོན་སུམ་འདོམས་མཛད་ཅིང༌། །ཇོ་ནས་འདྲེན་བཞིན་ཉེས་པའི་ཚང་ཚིང་ནས། །ཚན་ཕྱིས་དྲངས་དེ་བྱང་ཆུབ་ལ་འགོད་དོ། །སངས་རྒྱས་རྣམས་ནི་རྟག་ཏུ་རང་དོན་ཡང་དག་སྦྱོར་ལ་ལེགས་པར་བསྔགས་པ་དང༌། ལོག་པར་སྦྱོར་ལ་སྨོན་མཛད་གནས་དང་རྣམ་འབྱེད་ལྷུར་ལེན་མཆོག་གི་སེམས་དཔའ་ལ། ། གང་ཞིག་སྤང་དང་བསྟེན་པས་བདེ་གཤེགས་བསྟན་པ་འདི་ལ་རྣལ་འབྱོར་ཡངས་འགྱུར་བ། །བར་ཆད་མཐུན་པའི་ཆོས་ནི་རྣམ་པ་ཐམས་ཅད་རྒྱལ་རྣམས་ཚུལ་བཞིན་འདི་ན་སྟོན། །ཞེས་དེ་གང་གིས་ཆོས་ཀྱི་སྒོའི་རྒྱུན་ལ་གདམས་ངག་ཐོབ་པོ་དེས་ནི་རྟག་ཏུ་སངས་རྒྱས་མཐོང་བར་འགྱུར་རོ། ། དེས་ན་གང་གིས་ནི་ཤིན་ཏུ་དང་བའི་ཐུགས་ཀྱིས་སེམས་ཚིམ་པར་བྱས་པ་འདི། སངས་རྒྱས་རྣམས་རྟག་ཏུ་མཐོང་བ་དེ་དོན་ཆེན་པོར་འགྱུར་བ་མཚུངས་པ་མེད་པའི་ཆོས་ཐོས་སོ། །རང་གི་དོན་ལ་ཡང་དག་སྦྱོར་བ་ནི་ལྷག་པའི་ཚུལ་ཁྲིམས་སོ། །གནས་དང་རྣམ་འབྱེད་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་པོ། །དེ་དག་གི་བར་ཆད་མཐུན་པའི་ཆོས་སྟོན་པའོ། །གང་ཞིག་སྦངས་དང་བསྟེན་པས་ཞེས་པ་དེ་དག་གོ་རིམ་བཞིན་ནོ། །རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པའོ། །དེ་ནི་མཐོང་བར་རབ་དག་མི་རྟོག་བྱང་ཆུབ་ཀྱིས། འཇིག་རྟེན་ཐམས་ཅད་ཟིལ་མནན་མུན་པ་ཆེན་པོ་ཡང་རྣམ་པ་ཀུན་ཏུ་བསལ་ནས་ཉི་མ་ཆེན་པོ་དག ཤར་བ་བཞིན་དུ་འགྲོ་བ་རྣམས་ལ་ལ་མེའོ། །དེ་ལྟར་རྟག་ཏུ་དགེ་བ་བསགས་པས་རབ་གང་ཞིང༌། །ཐུབ་པ་ལས་ནི་རྟག་ཏུ་གདམས་ངག་ཆེ་ཐོབ་པའི། །སེམས་དཔའ་མཆོག་ནི་སེམ་ཀྱི་ཏིང་འཛིན་རབ་སྤངས་པ། །ཐོབ་ནས་ཡོན་ཏན་རྒྱ་མཚོ་ཕ་རོལ་འགྲོ་བར་འགྱུར། །ཞེས་ལམ་བཞི་དང་དེས་འབྲས་བུ་ཐོབ་པ་བསྟན་ནས་ཕན་ཡོན་གྱི་སྒོ་ནས་གདམས་ངག་རྫོགས་པར་གསུངས་པ་ལྟར་འདིར་ཡང་ཆོས་བཅུའི་སྒོ་ནས་གདམས་ངག་བཤད་ཟིན་ཏོ།། ཐེག་དམན་གྱི་དགེ་འདུན་བྱེ་བྲག་ཏུ་བཤད་པ།