ཕར་ཕྱིན་མདོ་ལུགས་མ།

སྒྲུབ་པ་ལ་སོགས་པ་ལ་གདམས་པ་ནི། དོན་དེ་དང་དེ་ལ་འགོད་པ་འམ་སྦྱོར་པའོ། །འདིར་བསྒྲུབ་པའི་ངོ་བོ་ནི་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་རྣམ་པར་མི་རྟོག་པ་ཡིན་ནོ། །དེ་ཉིད་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པའི་ཐབས་མཆོག་བླ་ན་མེད་པའི་ཉམས་ལེན་ཡིན་པའི་ཕྱིར་ཕར་ཕྱིན་པ་རྣམས་ཀྱིས་བཙལ་ཞིང་ཉམས་སུ་བླང་བར་བྱའོ། །རྣལ་འབྱོར་དེ་ཉིད་ཉིན་མཚན་གྱི་བྱེ་བྲག་གིས་ཉིན་མོའི་རྣལ་འབྱོར་དང༌། མཚན་མོའི་རྣལ་འབྱོར་དེ། རྣལ་འབྱོར་དེ་རྣལ་འབྱོར་དེ་དག་གིས་དུས་དེ་དང་དེར་གང་དང་གང་ལ་བལྟ་བ་ནི། མགོན་པོ་སྦྱན་རས་གཟིགས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས། མཚན་མོའི་དུས་སུ་མཚན་མོའི་རྣལ་འབྱོར་དང༌། ཉིན་མོའི་དུས་སུ་ཉིན་མོའི་རྣལ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་ལྟ་བ་གང་ཡིན་པ་དེ་ནི་མཚན་མོ་ནམ་མཁའ་ལ་ལྟ་ཞིང་ཉིན་མོ་བླ་གབ་མེད་པ་ལ་བལྟ་བའོ། །ཞེས་དང༌། འདིར་སྔགས་ཀྱི་ཐེག་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་རྣལ་འབྱོར་གོམས་པ་རྣམ་པ་གཉིས་དེ། ནམ་མཁའ་དང་བླ་གབ་མེད་པ་ལ་རྣལ་འབྱོར་གོམས་པའོ།། ཞེས་མདོ་སྔགས་ཀྱི་རྣལ་འབྱོར་ཟབ་མོ་གཅིག་ཏུ་གསུངས་པ། གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང། དེའི་ཕྱིར་སོ་སོར་སྡུད་པའི་སྒོམ་པ་ལ་རྣམ་པར་རྟོག་པའི་བསྒོམ་པ་དམིགས་སུ་མེད་པའོ།། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བསྒོམ་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་པ་འདི་ལྟ་སྟེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་སྨྲས་སོ། །འཕགས་པ་རབ་འབྱོར་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེས་གང་ལ་རྣལ་འབྱོར་དུ་བྱ། རབ་འབྱོར་གྱིས་སྨྲས་པ། ཀོའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེས་ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ། ། ཀོའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེས་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བསླབ་པར་བྱའོ། །ཞེས་པ་ཕྱག་རྒྱ་ཆེན་པོའི་བསྒོམ་པ་པྲ་ཕབ་པ་དང་སྒྱུ་མ་དང་མཚུངས་པ་སྤྲིན་མེད་པའི་ནམ་མཁའ་ལ་སྣང་བ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་མདོ་སྔགས་ཀྱིས་རྫོགས་རིམ་ཟབ་མོ་དང་ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡང་རྣལ་འབྱོར་འདི་ཉིད་ཡིན་པར་གསུངས་པ་དང༌། རྩེ་སྦྱོར་བསྒོམ་ལམ་གྱི་སྐབས་སུ་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང༌། དེ་ལ་མཚན་མ་དང༌། རློམ་སེམས་དང༌། རོ་མྱོང་བ་དང༌། དམིགས་པའི་འདུ་ཤེས་རྣམས་བསལ་ཏེ་རང་བཞིན་གྱིས་ཡོངས་སུ་དག་པའི་འདུ་ཤེས་བསྐྱེད་ཅིང༌། སྤྱད་ནས་ནམ་མཁའ་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ཞེས་གསུངས་སོ། །དཔལ་ས་ར་ཧའི་ཞལ་སྔ་ནས་ཀྱང༌། གདོད་ནས་དག་པའི་རང་བཞིན་ནམ་མཁའ་ལ། །བལྟས་ཤིང་བལྟས་ཤིང་མཐོང་བ་དགག་པར་འགྱུར། །ཞེས་གསུངས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། སེམས་ལ་དམིགས་་པ་མེད་པ་ཡིས། །གནས་པ་ནམ་མཁའི་མཚན་ཉིད་ཅན། །དེ་དག་སྟོང་ཉིད་བསྒོམ་པ་ནི། །ནམ་མཁའ་བསྒོམ་པར་བཞེད་པ་ཡིན༌། ཞེས་གསུངས་པ་རྣམས་དགོངས་པ་གཅིག་ཏུ་བྱུང་བས་རྣལ་འབྱོར་འདི་ཉིད་བསྟན་ཏོ། །རྣལ་འབྱོར་ཟབ་མོ་འདི་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ནི། བླ་མ་བཟང་པོའི་དྲུང་དུ་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །རྣལ་འབྱོར་འདི་རྣམ་པར་མི་རྟོག་པ་ནི་རྣམ་རྟོག་བཅུའི་གཉེན་པོ་ཡིན་ཞིང༌། རྣམ་རྟོག་བཅུ་ནི་མདོ་སྡེའི་རྒྱན་ལས། རྒྱལ་བའི་སྲས་རྣམས་ཀྱིས་ནི་མེད་དང་ཡོད་པ་དང༌། །སྒྲོ་འདོགས་སྐུར་པའི་རྟོག་དང་གཅིག་དང་དུ་མ་ཉིད། །རང་དང་ཁྱད་པར་རྟོག་དང་མིང་དོན་ཇི་བཞིན་དུ། །མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ། ། ཞེས་པའི་ཚིག་བཅད་འདི་སྐབས་འདིའི་མདོ་དོན་སྡུད་བྱེད་ཡིན་པར་སློབ་དཔོན་དཔྱིན་གཉེན་གྱིས་གསུངས་ཤིང༌། སྐབས་འདིའི་མདོ་ནི། འབྱམ་ཀླས་པས་མདོ་དྲངས་ནས་འཆད་པ་ཡི་གེ་མང་བའི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོས་མདོ་བསྡུས་་པའི་གསུང་གི་ཚིགས་སུ་བཅད་པ་འདིའི་དོན་སྟོན་པ་འདི་ལྟ་སྟེ། སེམས་ཀྱི་རྣམ་པར་གཡེང་བ་བཅུས། ། གཞན་ལས་སེམས་ནི་རྣམ་གཡེངས་པས། ། བྱིས་པ་རྣམས་ལ་གཉིས་མེད་ཀྱི། །ཡེ་ཤེས་བསྒྲུབ་པའི་སྐལ་བ་མེད། །དེ་དག་ཕན་ཚུན་གཉེན་པོ་དང༌། མི་མཐུན་ཕྱོགས་ཀྱིས་བཟློགས་པའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་གཞུང་སྟེ། །དེ་རྣམས་ཀྱང་ནི་བསྡུས་ཏེ་བསྟན། །ཞེས་སྤྱིར་གསུངས་ལ། མེད་པར་རྟོག་པའི་གཉེན་པོ་ནི། །སྟོན་པས་ཕུང་པོ་ཀུན་རྫོབ་བོ། །གཟིགས་ཕྱིར་བྱང་སེམས་དཔའ་ཡོད་ཅེས། །གང་གསུངས་པ་ཡི་དངོས་མེད་ཀྱི། །རྟོག་པའི་གཡེང་བ་འགོག་པ་ཡིན་ཞེས་དང༌། ཡོད་པར་རྟོགས་པའི་གཉེན་པོར། །བདག་གིས་བྱང་ཆུབ་སེམས་དཔའ་ནི། །མ་མཐོང་ཞེས་སོགས་རྒྱས་རྣམས་ཀྱིས། །བཅོམ་ལྡན་དངོས་པོ་ཀུན་རྟོག་གི། །འཁྲུལ་པ་འགོག་པར་མཛད་པ་ཡིན། །ཞེས་དང༌། སྒྲོ་འདོགས་པའི་རྟོག་པའི་གཉེན་པོར། །ངོ་བོས་སྟོང་པའི་གཟུགས་རྣམས་ལ། །གང་དུ་འང་གང་གིས་སྒྲོ་འདོགས་པ། །དེས་ན་ངག་གཞན་རྣམས་ལ་ཡང༌། །དེ་ཟློག་པར་ནི་ཤེས་པར་བྱ། །ཞེས་དང༌། སྐུར་པ་འདེབས་པའི་རྟོག་པའི་གཉེན་པོར། སྟོང་པ་ཉིད་ཀྱིས་མི་སྟོང་ཞེས། །བྱ་བའི་ངག་ནི་སྟོན་པ་ནི། །སྐུར་པ་ཡི་ནི་རྣམ་རྟོག་རྣམས། །ཐམས་ཅད་དུ་ནི་སེལ་བར་གསུངས། །ཞེས་དང༌། གཅིག་ཏུ་རྟོག་པའི་གཉེན་པོར་ཕན་ཚུན་དུ་ནི་འགལ་བའི་ཕྱིར། གཟུགས་ནི་སྟོང་ཉིད་ཡིན་མི་རིགས། །སྟོང་ཉིད་རང་བཞིན་མེད་ཉིད་ལ། །གཟུགས་ནི་རྣམ་པ་དང་འབྲེལ་པ། །དེས་ན་གཅིག་ཏུ་རྣམ་རྟོག་ལ། །གནོད་འགྱུར། ཞེས་དང༌། དུ་མར་རྟོགས་པའི་གཉེན་པོར། གཟུགས་དེ་སྟོང་ཉིད་ལས། ཇི་ལྟ་བུར་ཡང་གཞན་མིན་པས། །ཐ་དད་ཀྱི་ནི་རྣམ་རྟོག་འགོག །ཅེས་དང༌། རང་གི་ངོ་བོ་ཉིད་དུ་རྟོགས་པའི་གཉེན་པོར། །གཟུགས་འདི་མིང་ཙམ་དུ་དེ་ཉིད་དུ། །རང་གི་ངོ་བོ་ཡོད་མིན་པས། །དེས་ནི་ངོ་བོ་ཉིད་དུ་ནི། །རྣམ་རྟོག་རྣམས་ཀྱི་གོ་སྐབས་སེལ། །ཞེས་དང༌། ཁྱད་པར་དུ་རྟོགས་པའི་གཉེན་པོར། །ཆོས་རྣམས་ཀྱི་ནི་སྐྱེ་བ་དང༌། །འགག་པ་མཐོང་བ་མེད་ཅེས་གང༌། །བཅོམ་ལྡན་འདས་ཀྱིས་གསུངས་པ་གང༌། །དེ་ཡིས་ཁྱད་པར་རྣམ་རྟོག་བསལ། །ཞེས་དང༌། མིང་ཇི་ལྟ་བ་བཞིན་དོན་དུ་རྟོག་པའི་གཉེན་པོར། ། དུས་འདིར་ཇི་ལྟར་མིང་བྱ་བ། །དེ་ལྟར་བརྗོད་བྱའི་དངོས་པོ་དེ། །ཡོད་མིན་ཕྱིར་དང་མིང་ཇི་བཞིན། །དོན་དུ་རྟོག་པ་འདོད་མ་ཡིན་ཞེས་དང་དོན་ཇི་ལྟ་བར་མྀང་དུ་རྟོག་པའི་གཉེན་པོར། །དེ་ཉིད་རིག་པས་མིང་རྣམས་ཀུན། །དོན་ཇི་ལྟ་བར་ཡང་དག་ཏུ། །དམིགས་པ་མེད་དེ་ཉིད་དེའི་ཕྱིར། ། ཞེས་པ་རྣམས་ཀྱིས་དེ་དང་དེར་མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ་ཞེས་པའི་ཏོན་ཏོ། ། དེས་ན་རྣམ་རྟོག་བཅུ་པོ་དེའི་གཉེན་པོར་མི་རྟོག་པའི་རྣལ་འབྱོར་ནི་བསྒྲུབ་པ་ཡིན་པའི་ཕྱིར། སྤང་གཉེན་གྱི་དེ་དག་སྟོན་པའི་ངག་ནི་བསྒྲུབ་པ་ལ་གདམས་པའོ། །དེས་ཤེར་ཕྱིན་ལ་ཇི་ལྟར་བརྩོན་པར་བྱ་བ་བཤད་ཟིན་ཏོ། །ད་ནི་བརྩོན་པར་བྱེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་བདེན་པ་ལ་སོགས་པ་གདམས་པ་སྟེ། དང་པོ་སྡུག་བསྔལ་གྱི་བདེན་པ་ལ་གདམས་པ་ནི། མདོ་ལས། ཇི་ལྟར་ཤེར་ཕྱིན་ལ་བརྩོན་པར་བགྱིས་ན་བརྩོན་ཞེས་བགྱི་བ་ལགས། ཞེས་ཞུས་པའི་ལན་དུ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང༌། འཕགས་པའི་བདེན་པ་དང༌། རྟེན་འབྲེལ་དང༌། འདུས་བྱས་དང༌། འདུས་མ་བྱས་དེ། ཆོས་བདུན་པོ་དེའི་སྟོང་པ་ཉིད་ལ་བརྩོན་ན་ཤེར་ཕྱིན་ལ་བརྩོན་པ་ཡིན་ཞེས་པའི་དོན་ཏོ། །ཀུན་འབྱུང་ལ་གདམས་པ་ནི། གཟུགས་སོགས་ཡང་དག་པར་སྐྱེ་བ་དང༌། འགག་པ་དང༌། ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་ཅན་དུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པའི་ངག་གོ། འགོག་པའི་བདེན་པ་ལ་གདམས་པ་ནི། རང་བཞིན་སྟོང་པ་ཉིད་གྱི་འགོག་བདེན་ཟབ་མོ་དེ་ལ་ནི་སྐྱེ་འགག་དང་གཟུགས་སོགས་ནས་བྱང་ཆུབ་ཀྱི་པར་གྱི་བཏགས་པའི་ཆོས་ཐམས་ཅད་མེད་དོ། །ཆེས་སྟོན་པའི་ངག་གོ །སྐབས་འདིར་བྱང་ཆུབ་དང༌། སངས་རྒྱས་སོགས་མེད་ཅེས་པའི་ཚིག་གིས་དག་པའི་ཆོས་རྣམ་འགོག་པར་ཤེས་དགོས་ཀྱི། གཤིས་ལུགས་ཀྱིས་སངས་རྒྱས་དང་བྱང་ཆུབ་དང་ཆོས་དབྱིངས་བཀག་པར་ནི་མི་བསམ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །དབྱིངས་དེ་ཉམས་པར་བྱེད་མ་ཡིན། ། ཞེས་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱང༌། མེད་ཅེས་བྱ་ལ་སོགས་ཚིག་གིས་བཏགས་པ་ཐམས་ཅད་འགོག་པ་སྟེ། ཞེས་གསུངས་པའི་དོན་ཡིན་པའི་ཕྱིར་རོ། །ལམ་གྱི་བདེན་པ་ལ་གདམས་པ་ནི། གཟུགས་ལ་ཡང་དག་པར་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་མི་མཐོང་བ་དེ་བས་ན་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་དེ་ལྟར་བརྩོན་པ་ནི་བརྩོན་ཞེས་བྱ་བར་རིག་པར་བྱའོ། །ཞེས་པ་ལ་སོགས་པའི་ངག་གོ། སངས་རྒྱས་དཀོན་མཆོག་ལ་འགོད་པ་ནི། ཡང་དག་པར་དུས་གསུམ་མ་མཐོང་བས་རྣམ་མཁྱེན་དང་དུས་གསུམ་མི་སྦྱོར་བ་དང༌། གཟུགས་སོགས་ཡང་དག་པར་མ་མཐོང་བས་གཟུགས་དང་རྣམ་མཁྱེན་ཉིད་དུ་མི་སྦྱོར་རོ། །དེ་ལྟར་བརྩོན་པ་ནི་ཤེར་ཕྱིན་ལ་བརྩོན་པ་ཞེས་བྱའོ། །ཞེས་པ་ལ་སོགས་པ་ཞེས་བྱའོ། །ཞེས་པ་ལ་སོགས་པས་སྟོན་པའོ། །ལ་སོགས་པའི་སྒྲས་ཆོས་དཀོན་མཆོག་ལ་སྦྱོར་བ་ནི། གཟུགས་སོགས་ཆོས་རྣམས་འབྱུང་བ་དང་འཇིག་པ་དང་རྟག་མི་རྟག་དང༌། བདེ་སྡུག་དང༌། བདག་དང་བདག་མེད་པ་དང༌། ཞི་མ་ཞི་སྟོང་མི་སྟོང་མཚན་མ་དང་སྨོན་པ་ཡོད་མེད་དང་སྐྱེ་འགག་དང་དུས་གསུམ་ཞེས་བྱ་བ་ལ་སོགས་པར་མི་སྦྱོར་བ་དེ་ལྟར་བརྩོན་པ་ནི་ཤེར་ཕྱིན་ལ་བརྩོན་ཞེས་བྱའོ། །ཞེས་དང༌། སྟོང་པ་ཉིད་ཀྱི་རྣལ་འབྱོར་ནི་རྣལ་འབྱོར་ཐམས་ཅད་ཀྱི་ནང་ན་རྣལ་འབྱོར་དམ་པ་ཡིན་པའི་ཕྱིར། གཟུགས་སོགས་དེ་ལྟར་མི་སྦྱོར་བའི་ཤེར་ཕྱིན་གྱི་རྣལ་འབྱོར་དེས་སྐྱོན་ཐམས་ཅད་སེལ་ཞིང་ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་དོ། །ཞེས་གདམས་པའོ། །དེ་ལྟར་བདེན་པ་རྣམས་དང་དཀོན་མཆོག་གཉིས་ཀྱིས་བརྩོན་པར་བྱེད་པའི་མཚན་ཉིད་བཤད་ཟིན་ཏོ། ། ད་ནི་བརྩོན་པར་བྱེད་པའི་དབྱེ་བ་སྟོན་པ་ནི་སྔར་གྱི་སོགས་པའི་སྒྲས་བསྡུས་པ་དགེ་འདུན་དཀོན་མཆོག་ལ་གདམས་པ་འཆད་དེ། མདོ་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཤེར་ཕྱིན་གྱི་རྣལ་འབྱོར་འདིས་གནས་པ་དེ་གང་ནས་ཤི་འཕོས་དེ་འདིར་སྐྱེས་པ་ལགས །ཞེས་ཞུས་པའི་ལན་དུ། བརྩོན་ལྡན་འདས་ཀྱིས་ཤེར་ཕྱིན་གྱི་རྣལ་འབྱོར་འདིས་གནས་པ་ནི་སངས་རྒྱས་ཀྱི་ཞིང་གཞན་དག་ནས་ཤི་འཕོས་ཏེ་འདིར་སྐྱེས་པའམ། དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་དེ་འདིར་སྐྱེས་པའམ། མི་རྣམས་ཀྱིས་ནང་ནས་ཤི་འཕོས་དེ་འདིར་སྐྱེས་པར་རིག་པར་བྱའོ། །ཞེས་རབ་འབྲིང་ཐ་མ་གསུམ་དུ་ཕྱེ་ནས་གསུངས་སོ། །དེའི་རྗེས་ལ་གསུམ་པོ་དེ་ཉིད་བཤད་པ་མཛད་དོ། ། དེའི་འོག་ཏུ་གསུམ་པོ་དེ་དག་ཉིད་ལ་རྣམ་པ་མང་དུ་ཡོད་པར་བསྟན་པའི་ཐབས་མི་མཁས་པ་གཉིས་དང་ཐབས་མཁས་པ་བཞི་བཅུ་རྩ་གསུམ་སྟེ། བྱང་ཆུབ་སེམས་དཔའི་དགེ་འདུན་བཞི་བཅུ་རྩ་ལྔ་བསྟན་ཏོ། །དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས། དེའི་འོག་ཏུ་གནས་བརྟན་གྱིས་འཁོར་རྣམས་མགུ་བར་བྱ་བ་དང་སྐབས་དེ་ཉིད་ལས་ཆོས་བཤད་པ་ཆེན་པོར་འགྱུར་བར་བྱ་བའི་ཕྱིར་དེ་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ལགས་ཞེས་བྱ་བ་ལ་སོགས་པས་ཞུས་སོ། །དེ་ལ་མཆོག་ནི་སངས་རྒྱས་ཀྱི་ཞིང་ནས་ལྷགས་ནས་སངས་རྒྱས་ཀྱི་ཞིང་ཉིད་དུ་འཕོའོ། །བར་མ་ནི་དགའ་ལྡན་ནས་ལྷགས་པར་གྱུར་ཏོ། །ཐ་མ་ནི་མིའི་ནང་ཉིད་ནས་ལྷག་པར་གྱུར་ཏོ། །ཞེས་རྣམ་པ་གསུམ་དུ་བསྟན་ཏོ། །དེའི་འོག་ཏུ་སྐབས་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་ལ་རྣམ་པ་མང་དུ་ཡོད་པར་བསྟན་པའི་ཕྱིར། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཞི་བཅུ་རྩ་བཞིར་གཏོགས་པ་རྣམས་བསྟན་ཏོ། །ཞེས་ཐབས་ལ་མི་མཁས་པ་གཅིག་དང་སོགས་པའི་སྒྲས་ཞེ་བཞི་པོ་རྣམས་གསུངས་སོ། །འབུམ་ཊིཀ་ཀྱང་དེ་དང་མཐུན་ནོ། ། རྒྱལ་བ་དང་རྒྱལ་ཚབ་དག་གི་དགོངས་པ་དེ་ལྟར་ཡིན་པར་མདོ་ཉིད་སྦྱར་ནས་བལྟས་ན་ཤིན་ཏུ་གསལ་ཡང༌། ཉི་ཁྲི་སྣང་བ་ལ་སོགས་ཀྱི་སྐབས་འདིའི་མདོ་རྣམས་གདམས་ངག་གི་ནང་ན་མེད་པའི་ཐེག་དམན་གྱི་གང་ཟག་ཉི་ཤུ་ངོ་སྐལ་དུ་སྦྱོར་རོ། དེ་ཡང་ཐད་སོར་མ་འབྱོར་བས་རྒྱས་འབྲིང་བསྡུས་གསུམ་གྱི་གོ་རིམ་ལས་འཁྲུགས་ཤིང་ཆེས་འཁྲུགས་པར་དཀྲུགས་ནས་སྦྱར་རོ། །ཤཱ་རིའི་བུས་བྱེ་བྲག་དུུ་མ་ཕྱེ་བར་བྱང་ཆུབ་སེམས་དཔའ་དགེ་འདུན་ཙམ་ཞུས་པའི་མདོ་ཉི་ཁྲི་སྣང་བས་གང་ཟག་བརྒྱད་པ་གཅིག་པུ་ལ་སྦྱར་རོ། །ལན་གྱི་གསུང་རབ་འབྲིང་ཐ་མ་གསུམ་དུ་ཕྱེ་བ་ལ། ཐ་མ་སྟོན་པའི་མདོ་དད་པའི་རྗེས་འབྲང་ལ་སྦྱར་མཆོག་དང་བར་མ་གཉིས་སྟོན་པའི་མདོ་ཆོས་ཀྱི་རྗེས་འབྲང་ལ་སྦྱར་བ་ལ་སོགས་པ་དང་མདོ་དང་འགལ་བར་གསལ་ངེས་པའི་བཤད་པ་བྱས་སོ། །དེས་ནས་སློབ་དཔོན་དབྱིག་གཉེན་གྱི་བཤད་ལུགས་དང༌། གཞན་གྱི་བཤད་པའི་ལུགས་གཉིས་སངས་རྒྱས་ཀྱི་གསུང་དང་གང་འགྲིག་ཐམས་ཅད་མདོ་ཉིད་བསྟུན་ནས་མིག་ཅན་གྱིས་གཟུགས་ཅན་ལ་བལྟས་ཏེ། མཁས་པ་རྣམས་ཀྱིས་དཔྱད་པར་ཞུའོ། །འདིར་འདོམས་པའི་ཚུལ་ཡང་ཆོས་དཀོན་མཆོག་གི་སྐབས་ཀྱི་རྣལ་འབྱོར་དེས་གནས་པའི་བྱང་ཆུབ་སེམས་དཔའི་དབྱེ་བ་བསྟན་པ་ནི་དགེ་འདུན་དཀོན་མཆོག་པ་གདམས་ཤིང་བསྟན་པའོ། །མ་ཞེན་པ་ལ་གདམས་པ་ནི། འདིར་ལུས་དང་ངག་དང་ཡིད་དུ་ཞེན་ཅིང༌། དམིགས་པ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །ལུས་སོགས་མི་དམིགས་པ་དང་ཉན་རང་གི་སེམས་སྤངས་ནས་དུས་ཐམས་ཅད་དུ་སེམས་ཅན་ལ་སྙིང་རྗེ་ཉེ་བར་གནས་པས་གནས་ངན་ལེན་སྤྱོད་ཞེས་པ་ཉིད་ལུས་སོགས་ལ་མ་ཞེན་པར་གདམས་སོ། །ཡོངས་སུ་མི་ངལ་བ་ལ་གདམས་པ་ནི། ཆོས་ཐམས་ཅད་ལ་དམིགས་པའི་འདུ་ཤེས་ཀྱིས་རློམ་སེམས་བྱེད་པ་ནི་ངལ་ཞིང་དུབ་པར་འགྱུར་བ་ལས་དེ་མི་བྱེད་པ་ནི་སུས་ཀྱང་མི་ཐུབ་ཅིང་མི་ངལ་ཞེས་གདམས་པའོ། །ལམ་ཡོངས་སུ་འཛིན་པ་ལ་གདམས་པ་ནི། ས་བརྒྱད་པའི་ཡེ་ཤེས་ཀྱིས་ཐེག་པ་འོག་མའི་སྦངས་རྟོགས་ཀྱང་བསྡུས་པས་ཡེ་ཤེས་དེ་དང་ལྡན་པ་ནི་ཐེག་པ་ཐམས་ཅད་ཀྱི་ལམ་ཡོངས་སུ་འཛིན་པ་སྟེ། ཡེ་ཤེས་དེ་དང་ལྡན་པ་དེས་ངན་སོང་ལ་སོགས་པའི་སྐྱོན་ཐམས་ཅད་མི་འཛིན་ནོ་ཞེས་གདམས་སོ། །མདོ་ལས་འདི་ལ་རྣམ་མཁྱེན་གྱི་ཡེ་ཤེས་སུ་གསུངས་པ་རྒྱུ་ལས་འབྲས་བུར་བཏགས་ཞེས་གནོད་འཇོམས་དང་འབུམ་ཊིཀ་གསུངས་སོ། །