ཕར་ཕྱིན་མདོ་ལུགས་མ།

ད་ནི་གཉིས་པ་གདམས་ངག་རྗེས་སུ་བསྟན་པ་ལ་ཚིགས་སུ་བཅད་པ་གཉིས་དེ། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང༌། །ལམ་ནི་ཡོངས་སུ་འཛིན་པ་དང༌། །སྦྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང༌། །བསྒོམ་ཞེས་བྱ་ལ་གདམས་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་པ་ཇི་ལྟར་བརྩོན་པར་བྱ་བ་འདི་ལ་དོན་བཞིའི་སྒོ་ནས་ཤེས་པར་བྱས་ཏེ། གདམས་པར་བྱ་བའི་ཡུལ་དུ་གདུལ་བྱའི་གང་ཟག་ལ་བསོད་ནམས་འདོམས་པར་བྱེད་པ་པོའི་སློབ་དཔོན་གྱིས། གདམས་པར་བྱ་བའི་དོན། འདོམས་པར་བྱེད་པའི་ཚིག་གིས་དེ། ཆོས་ཀྱི་སྒོ་ལ་རྣམ་པར་གནས་པ་ལ། །དེ་བཞིན་གཤེགས་རྟག་མངོན་སུམ་འདོམས་མཛད་ཅིང༌། །ཅོ་ནས་འདྲེན་བཞིན་ཉེས་པའི་ཚང་ཚིང་ནས། །ཚན་གྱིས་དྲངས་དེ་བྱང་ཆུབ་ལ་འགོད་དོ། །ཞེས་གསུངས་པའི་ཚུལ་གྱིས་སོ། །དེ་ལ་གདུལ་བྱའི་གང་ཟག་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །འདོམས་པར་བྱེད་པ་པོའི་སློབ་དཔོན་ནི། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་ཀྱང་རུང་སྟེ། མདོར་ན་ཕར་ཕྱིན་དྲུག་ཕྱིན་ཅི་མ་ལོག་པར་སྟོན་པ་གང་ཡིན་པའོ། །རྩེ་སྦྱོར་གྱི་རྟགས་ཀྱི་སྐབས་ཀྱི་མདོ་ཉིད་ལས་རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་ཉན་ཐོས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་སྨྲ་བ་དང་བརྗོད་པ་དང་སྟོན་པ་དང་འདོགས་པ་དང་འགོད་པ་དང་རྣམ་པར་འབྱེད་པ་དང༌། རྣམ་པར་འགྲེལ་པ་དང༌། གསལ་བར་བྱེད་པ་དང༌། ཡང་དག་པར་སྟོན་པར་བྱེད་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །ཞེས་གསུངས་སོ། ། གདམས་པར་བྱ་བའི་དོན་ནི། ལམ་ལྔའི་གནས་སྐབས་ཅན་སྒྲུབ་པ་ལ་སོགས་པ་བཅུ་པོ་འདི་རྣམས་སོ། །འདོམས་པར་བྱེད་པའི་ཚིག་ནི། སྒྲུབ་པ་ཞེས་བྱ་བའི་ཚིག་དང༌། བདེན་པ་རྣམས་ཞེས་བྱ་བའི་ཚིག་དང༌། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་ནས་བསྒོམ་ཞེས་བྱ་བའི་ཚིག་ལ་གདམས་པའི་ངག་ནི་བཅུའི་བདག་ཉིད་དུ་ཤེས་པར་བྱའོ། ། བྱང་ཆུབ་སེམས་དཔའ་ལ་ཐེག་ཆེན་ཆོས་ཕྱིན་ཅི་མ་ལོག་པར་འདོམས་བྱེད་ཀྱི་ངག་ནི་མཚན་ཉིད་དོ། །མཚན་གཞི་ལ་སོགས་པ་ནི་གོ་སླའོ། །དེ་ཡང་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་ཚོགས་སྦྱོར་དང་མཐོང་སྒོམ་སྟོན་པར་བྱེད་པ་ཡིན་དེ་རིམ་པ་ལྟར་མདོ་སྡེ་རྒྱན་ལས། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང༌། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡི་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡང་དག་རྫོགས། །དེ་བཞིན་དུ་ནི་ཚོགས་བསགས་པའི། རྒྱལ་སྲས་བཟོད་ནས་དག་པས་སོ། །ལེགས་པར་ཤེས་ཤིང་སེམས་དགེ་བ། །བསྒོམས་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལ་སོགས་པས་ཚོགས་ལམ་སྟོན་ནོ། །དེ་ལ་མོས་པ་ཆེན་པོའི་གནས་སྐབས་སུ་ཕྱིན་པ་ནི་རྣམ་པར་འཕེལ་བར་བྱེད་པའོ། །བྱང་སེམས་ཀྱི་སྡོམ་པ་སྦྱངས་པ་དང་ཕྱིན་ཅི་མ་ལོག་པར་འཛིན་པའི་སྒོ་ནས་ཐེག་ཆེན་ལ་ལྟ་བ་དྲང་པོར་བྱས་པའི་ཕྱིར་བཟོད་ནས་དག་པའོ། །ཐོས་པ་མང་བའི་ཕྱིར་ལེགས་པར་ཤེས་པའོ། །སྒྲིབ་པ་དང་བྲལ་བའི་ཕྱིར་སེམས་དགེ་བའོ། །དེ་འདྲར་གྱུར་པ་དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། སངས་རྒྱས་རྣམས་ལས་ཞི་གནས་དང༌། །ཡེ་ཤེས་སྦངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར་ཞེས་པ་དང༌། དེའི་རྗེས་ལ་སེམས་རྣམ་པ་དྲུག་ཚོགས་ལམ་གྱི་སྐབས་དེར་དམིགས་པར་སྟོན་པའི་ཚིགས་བཅད་གསུམ་དང༌། དེའི་རྗེས་ལ་ཡིད་བྱེད་པ་བཅུ་གཅིག་སྟོན་པའི་ཚིགས་བཅད་བཞི་དང༌། དེའི་རྗེས་ལ་རྣམ་པ་དགུས་སེམས་གནས་པའི་ཐབས་སྟོན་པའི་ཚིགས་བཅད་བཞིའོ། །དེ་ལྟར་དམིགས་པ་དེ་ལ་ཡིད་ལ་བྱེད་པ་དེ་དང་ཐབས་དེས་སེམས་གནས་པར་བྱས་པ། དེ་ནས་དེའི་ལུས་དང་སེམས། ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཤེས་བྱ། །དེ་ཡིས་དེ་ནི་འཕེལ་བྱས་ནས། ། འཕེལ་བ་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་དེས་འཐོབ་པོ། །མངོན་ཤེས་དོན་དུ་གཉེར་པས་དེ། །སྦྱངས་ན་ལས་སུ་རུང་བའི་མཆོག །བསམ་གཏན་ལས་ཐོབ་མངོན་པར་ཤེས། ། མངོན་པར་བསྒྲུབས་པའི་སྒོ་ནས་དེ། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །འདིས་ནི་སངས་རྒྱས་དཔག་མེད་ལ། ། སྐལ་དཔག་མེད་བར་བསྙེན་བཀུར་བྱས། །དེ་ལ་བསྙེན་བཀུར་བྱས་པའི་ཕྱིར། །སེམས་ནི་ལས་རུང་མཆོག་ཏུ་གྱུར། །ཞེས་པ་བསམ་གཏན་ལས་སུ་རུང་པའོ། །དེ་ནས་དགའ་བའི་སྔོན་རོལ་དུ། ཕན་ཡོན་ལྔ་ཐོབ་པ་ནི། དེ་ནས་དེ་དག་སྔོན་རོལ་དུ། །ཕན་ཡོན་ལྔ་ནི་ཐོབ་གྱུར་ཏེ། །ལྔ་པོ་གང་ཞེ་ན། དེས་ན་རྣམ་པར་དག་པའི་སྣོད། །བླ་ན་མེད་པ་ཉིད་འགྱུར་འདིའི། །ལུས་ལ་གནས་ངན་ལེན་པ་ཀུན། །སྐད་ཅིག་རེ་རེ་ལ་ཟད་འགྱུར། །ལུས་དང་སེམས་ནི་ཀུན་ཏུ་ཡང༌། ཤིན་ཏུུ་སྦྱངས་པས་གང་བར་འགྱུར། །ཆོས་རྣམ་སྣང་བ་ཐམས་ཅད་དུ། །ཡོངས་སུ་ཆུད་པ་མེད་རྟོགས་འགྱུར། །ཡང་དག་པ་ཡི་རྒྱུ་མཚན་ནི། །མ་བརྟགས་པ་དག་རབ་ཏུ་མཐོང་བ་དང་ལྔའོ། །ལྔ་པོ་དེ་དག་རབ་ཏུ་ཐོབ་པས་དག་པའི་སྣོད་ལྷག་པའི་བསམ་པ་དག་པའི་སའོ། །དེ་ཉིད་ཐེག་པ་བླ་ན་མེད་པ་ཉིད་དུ་འགྱུར་རོ། །ལྔ་པོ་འདི་ལས་གསུམ་ཞི་གནས་དང༌། གཉིས་ལྷག་མཐོང་གི་ཕྱོགས་དང་མཐུན་པའོ། །དེ་བཞིན་ཆོས་སྐུ་རབ་རྫོགས་དང༌། །རྣམ་པར་དག་པར་བྱ་བའི་ཕྱིར། །བློ་དང་ལྡན་པ་རྣམ་ཀུན་ཏུ། །རྟག་ཏུ་རྒྱུ་ཡོངས་འཛིན་པར་བྱེད་ཅེས་པ་སྟེ། །བྱང་ཆུབ་སེམས་དཔའི་ས་བཅུ་པ་ལ་ནི་ཡོངས་སུ་རྫོགས་པའོ། །སངས་རྒྱས་ཀྱི་ས་ལ་ནི་ཆོས་སྐུ་རྣམ་པར་དག་པའོ། །དེ་གཉིས་བྱ་བའི་ཕྱིར། ཞེས་པ་རྣམས་ཀྱིས་ཚོགས་ལམ་བསྟན་ཏོ། །དེ་ནས་སྦྱོར་ལམ་སྟོན་པའི་ཚིགས་བཅད་ལྔ་སྟེ། འདིའི་ངེས་འབྱེད་ཆ་བཞིའི་སྐབས་སུ་དྲངས་ནས་འཆད་དོ། །དེ་ནས་མཐོང་ལམ་སྟོན་པའི་ཚིགས་བཅད་རྣམས་འབྱུང་སྟེ། འདི་ཡི་སྐབས་དེ་དང་དེར་དྲངས་ནས་འཆད་དོ། །