སྤྱོད་འཇུག་ས་འགྲེལ།

། (ལྔ་པ་)ཕན་ཡོན་ནི། བསྡུ་བར། སྲུང་བ་ཆེན་པོ་དང་ལྡན་པ་དང༌། ལོག་པར་མོས་པའི་སྒྲིབ་པ་ཐམས་ཅད་ཟད་པ་དང༌། སྐྱེས་བུ་དམ་པའི་ནང་དུ་བགྲང་བ་དང༌། སྟོན་པ་དང་ཆོས་གྲོགས་དང་བསྟན་པ་ལ་དད་པའི་ལྷ་རྣམས་ཀྱི་ཡིད་དུ་འོང་བ་སྟེ་བཞི་དང༌། བསོད་ནམས་ཆེན་པོ་དང་དགའ་བ་ཆེན་པོ་དང༌། ཏིང་ངེ་འཛིན་དང་རྣམ་པར་དག་པ་སྟེ་བཞི་ཐོབ་པར་གསུངས་ཤིང༌། མཐར་སྲིད་པའི་འཇིགས་པ་ཐམས་ཅད་ལས་གྲོལ་བའི་ཐར་བ་ཐོབ་པ་སྟེ། མདོ་ལས། སངས་རྒྱས་ཆོས་དང་དགེ་འདུན་རྣམས། །སྐྱབས་ཀྱི་མཆོག་ཏུ་གྱུར་པ་སྟེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྲིད་པའི་འཇིཊ་པ་ཆེ་ལས་སྒྲོལ། །ཞེས་པ་ལྟར་རོ། ། (གཉིས་པ)ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོའི་ལུགས་ནི། སེམས་བསྐྱེད་དང་མཐུན་པས་དོན་དྲུག་དང་ལྡན་པ་སྟེ། སྐྱབས་གནས་མཐར་ཐུག་སངས་རྒྱས་ཉིད་ཐོབ་པར་འདོད་པས་དེའི་ལམ་སྒྲུབ་པར་ཁས་ལེན་པ་ངོ་བོའི་དོན་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེས་པ་རྒྱུའི་དོན་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པ་འབྲས་བུའི་དོན་དང༌། གདུལ་བྱ་རྣམས་ངེས་པར་ལེགས་པའི་ཕན་པ་དང༌། མངོན་པར་མཐོ་བའི་བདེ་བ་ལ་སྦྱོར་ཞིང་དེ་དག་གི་དཀའ་སྤྱད་ལ་སྐྱོ་བ་མེད་པ་ལས་ཀྱི་དོན་དང༌། ངེས་པར་འབྱུང་བར་བྱ་བ་ལ་ཐེག་པ་ཐམས་ཅད་དང་མཐུན་པར་ཚོགས་གཉིས་ཀྱིས་ཉེ་བར་རྟོན་པའི་ཡོན་ཏན་ཟད་མི་ཤེས་པ་མངའ་བ་ལྡན་པའི་དོན་དང༌། རགས་པ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་དང༌། ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་ལ་སོགས་པར་འབྱེད་པ་འཇུག་པའི་དོན་ཏོ། །དེའང་རྒྱན་ལས། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་རྗེ་ལས་རིག་བྱ། །དེ་ལས་རྣམ་པ་ཀུན་མཁྱེན་ཕན་དང་བདེ་བྱེད་དཀའ་ལ་སྐྱོ་བ་མེད། །ངེས་པར་འབྱུང་ལ་ཐེག་པ་ཀུན་གྱིས་རྟོན་པའི་ཡོན་ཏན་རྟག་ཏུ་ལྡན། །བརྡ་བཏགས་ཆོས་ཉིད་ཐོབ་པ་བློ་ལྡན་རྣམས་ཀྱི་སྐྱབས་འགྲོ་འདི་མཆོག་ཉིད། །ཅེས་པ་ལྟར་རོ། ། (གཉིས་པ་)གཞུང་དོན་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་དགེ་འདུན་གྱི་ཚོགས་ལའང་སྔ་མ་དེ་བཞིན་དུ་བློ་གཏོད་ཅིང་བརྟེན་པར་ཁས་ལེན་པས་སྐྱབས་སུ་མཆིའོ་ཞེས་པའོ། ། (༤) སྡིག་པ་བཤགས་པ། (བཞི་པ་)སྡིག་བཤགས་ཀྱི་སྤྱི་དོན་ལ་བཞི་ལས། (དང་པོ་)སྦྱང་བྱ་སྡིག་པའི་ཁྱད་པར་ནི། ཡུལ་བླ་མ་དང་དཀོན་མཆོག་དང་ཕ་མ་ལ་སོགས་པ་ལ་དམིགས་ནས། དུས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ། རྒྱུ་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་ཏེ། རྟེན་ལུས་ངག་ཡིད་གསུམ་གྱི་སྒོ་ནས། ངོ་བོ་མི་དགེ་བ་བཅུ་ལ་སོགས་པ་རང་བཞིན་དང༌། ཕྱི་དྲོས་ཁ་ཟས་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ། སྦྱོར་བ་རང་གིས་བྱས་པ་དང༌། གཞན་བྱེད་དུ་བཅུག་པ་དང༌། བྱེད་པ་ལ་རྗེས་སུ་ཡི་རང་བས་བསྡུས་པ། བྱེད་ལས་མཐོ་རིས་དང་ཐར་པ་ལ་སྒྲིབ་ཅིང་འཁོར་བ་དང་ངན་སོང་དུ་ལྟུང་བ་རྣམས་སོ། ། (གཉིས་པ་)སྦྱོང་བྱེད་གཉེན་པོའི་དབྱེ་བ་ནི། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ༑༑བཞི་གང་ཞེ་ན། རྣམ་པར་སུན་འབྱིན་པའི་སྟོབས་དང༌། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། སོར་ཆུད་པར་བྱེད་པའི་སྟོབས་དང༌། རྟེན་ཀྱི་སྟོབས་སོ། །དེ་ལ་དང་པོ་ནི་མི་དགེ་བའི་ལས་བྱས་ན་དེ་ལ་འགྱོད་པ་མང་བ་ཡིན་ནོ། །གཉིས་པ་ནི་མི་དགེ་བའི་ལས་བྱས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པ་ཡིན་ནོ། །གསུམ་པ་ནི་སྡོམ་པ་ཡང་དག་པར་བླངས་ནས་སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་པའོ། །བཞི་པ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མྀ་གཏོང་བ་སྟེ་ཞེས་གསུངས་པ་ལྟར་རོ། ། (གསུམ་པ་) སྦྱོང་ཚུལ་སྦྱོར་དངོས་རྗེས་གསུམ་ནི། སྦྱོར་བ་དཀོན་མཆོག་གི་སྤྱན་སྔར་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་ལ་སོགས་པ་བྱས་ནས། དངོས་གཞི་སྡིག་པ་བྱས་པ་འགྱོད་པ་དྲག་པོ་དང་སླན་ཆད་སྡོམ་པའི་སེམས་ཀྱིས་ཡང་དག་པར་བཤགས་ཏེ། རྗེས་སུ་བཤགས་པས་འདག་པར་གསུངས་པ་ལྟར་ཅིས་ཀྱང་དག་ངེས་སྙམ་དུ་ཡིད་ཆེས་བྱེད་པའོ། ། (བཞི་པ་)སྦྱངས་པས་འདག་པའི་ཤེས་བྱེད་ནི། བྱམས་པ་སེང་གེའི་སྒྲ་ཆེན་པོ་ལས། མི་ཤེས་པས་ནི་གང་བྱས་པའི། །སྡིག་པའི་ལས་ནི་བཤགས་པར་གྱིས། །མཁས་པས་ཉེས་པ་བཤགས་ན་ནི༑ ༑ལས་དང་ལྷན་ཅིག་མི་གནས་སོ། །ཞེས་པ་དང༌། གསེར་འོད་དམ་པ་ལས། གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་ཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་པ་དང༌། ལུང་རྣམ་འབྱེད་ལས། གང་གིས་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་འགོག་བྱེད་དེ། །ཉི་ཟླ་སྤྲིན་ལས་བྱུང་བ་བཞིན། །འཇིག་རྟེན་འདིར་ནི་དེ་སྣང་འགྱུར། །ཞེས་པ་དང༌། ལས་རྣམ་འབྱེད་ལས། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ནི། །བདག་ལ་རྣམ་པར་སྨོད་པས་བསྲབས་པར་འགྱུར། །རབ་ཏུ་བཤགས་དང་སྡོམ་པར་བྱེད་པ་ཡིས། །དེ་དག་ཤིན་ཏུ་རྩད་ནས་བཏོན་པ་བཞིན། །ཞེས་གསུངས་པ་ལ་སོགས་པ་ལས་ཤེས་པར་བྱའོ། ། གཞུང་དོན་ལ། བཤགས་ཚུལ་ཐུན་མོང་དུ་བསྟན་པ་དང༌། གཉེན་པོ་ཁྱད་པར་དུ་བཤད་པའོ། ། དང་པོ་ལ་གཉིས་ལས། (དང་པོ་) ཐོག་མེད་སྡིག་པ་བཤགས་པ་ནི། ཡུལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་ཀུན་ན་བཞུགས་པ་ཡི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་མངའ་བ་རྣམས་མདུན་དུ་དམིགས་པ་ལ་ལུས་ཀྱིས་ཐལ་མོ་སྦྱར་ཏེ་ངག་དུ་གསོལ་བ་ནི་དུས་སྔོན་ཐོག་མ་མེད་པ་དང་ལྡན་པའི་འཁོར་བ་ནས་བཟུང་སྟེ་ད་ལྟར་གྱི་ཚེ་རབས་འདིའམ་སྔ་མའི་སྐྱེ་བ་གཞན་དག་ཏུ་རྒྱུ་བདག་གིས་བླང་དོར་གྱི་གནས་མ་འཚལ་ཞིང་མ་རིག་པ་ཉོན་མོངས་པའི་དབང་གིས། ངོ་བོ་སྡིག་པ་མི་དགེ་བ་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ། སྦྱོར་བ་རང་གིས་དངོས་སུ་བགྱིས་པའམ་གཞན་དག་བགྱིད་དུ་སྩལ་བ་ཉིད་དང་ནི། རྒྱུ་འབྲས་ལ་རྨོངས་པའི་གཏི་མུག་གིས་འཁྲུལ་པར་གྱུར་པས་བདག་ཟིལ་གྱིས་ནོན་ཏེ་གཞན་སྡིག་པ་བྱེད་པ་ལ་རྗེས་སུ་ཡི་རང་བ་གང་བགྱིས་པའི་ནོངས་པ་དེ་དག་ལ་ནི་ནོངས་པར་མཐོང་ཞིང་རྟོགས་པར་བགྱིས་ནས་བསམ་པ་ཞེ་ཐག་པས་འགྲོ་བའི་མགོན་པོ་རྣམས་ལ་འཐོལ་ཞིང་བཤགས་ཏེ་སླན་ཆད་ཀྱང་སྡོམ་པར་བགྱིད་དོ་ཞེས་པའོ། ། (གཉིས་པ་)ལྕི་བའི་ཁྱད་པར་བཤགས་པ་ནི། བདག་གིས་ཡུལ་དམ་པ་ཡོན་ཏན་གྱི་ཞིང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་ནི་ཕན་འདོགས་པའི་ཞིང་ཕ་དང་མའམ་བཀུར་བར་འོས་པའི་ཞིང་མཁན་པོ་དང་སློབ་དཔོན་ལ་སོགས་པ་བླ་མ་གཞན་དག་ལ་ཡང་དམིགས་ཏེ། ཀུན་སློང་ཉོན་མོངས་པ་ཞེ་སྡང་ལ་སོགས་པའི་སྒོ་ནས་སྦྱོར་བ་ལུས་དང་ངག་དང་ཡིད་ཀྱིས་གནོད་པའི་ལས་བགྱིས་པ་གང་ལགས་པ། སྡུག་བསྔལ་སྐྱེད་པ་དང་ཐར་པ་ལ་སྒྲིབ་པ་ལ་སོགས་པ་ཉེས་པ་དུ་མའི་སྐྱོན་ཆགས་ཤིང་གནས་པའི་སྡིག་པ་དང་ལྡན་པ་བདག་གིས་སྡིག་པ་གང་ཤིན་ཏུ་ལྕི་ཞིང་མི་བཟད་པ་བགྱིས་པ་དེ་ཐམས་ཅད་འཇིག་རྟེན་གྱི་འདྲེན་པ་རྣམས་ལ་སོ་སོར་མཐོལ་ཞིང་བཤགས་སོ་ཞེས་པའོ། ། གཉེན་པོ་ལ། རྣམ་པར་སུན་འབྱིན་པའི་སྟོབས་དང༌། རྟེན་ལ་སྐྱབས་པའི་སྟོབས་དང༌། གཉེན་པོ་སྤྱོད་པའི་སྟོབས་དང༌། སླན་ཆད་སྡོམ་པའི་སྟོབས་སོ། །དང་པོ་ལ། འགྱོད་པས་མྱུར་དུ་བཤགས་ཚུལ། དོན་མེད་སྡིག་པ་སྤྱད་ཚུལ། མྱུར་དུ་འཆི་བས་འགྱོད་ཚུལ་ལོ། །དང་པོ་ནི། མ་བཤགས་ན་བདག་ནི་སྡིག་པའི་ལས་མ་བྱང་ཞིང་མ་ཟད་པའི་སྔོན་དུ་བསྡད་ལོང་མེད་པར་མྱུར་དུ་འགུམ་པར་འགྱུར་དུ་འཆི་ཞིང༌། སྡིག་པ་མ་བྱང་བར་ཤི་ན་ཕྱི་མར་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་བའི་ཕྱིར་ཐབས་ཇི་ལྟར་བྱས་ན་འཁོར་བར་འཆིང་བྱེད་སྡིག་པ་འདི་ལས་ངེས་པར་ཐར་བར་འགྱུར་པ་དེས་མྱུར་ཞིང་རིངས་པའི་ཚུལ་གྱིས་སྡིག་པ་འབྲས་བུ་དང་བཅས་པ་འདི་ལས་བསྲུང་ཞིང་བསྐྱབ་ཏུ་གསོལ་ཞེས་པའོ། ། (གཉིས་པ་)དོན་མེད་སྤྱད་པ་ལ་གསུམ་ལས། (དང་པོ་)མདོར་བསྟན་ནི། སུས་ཀྱང་ཡིད་ཆེས་བརྟན་པོ་བྱར་མི་རུང་བའི་འཆི་བདག་འདི་ནི་བདག་གི་བྱ་བ་སྔ་མ་རྣམས་བྱས་ཟིན་པ་དང་ཕྱི་མ་དག་མ་བྱས་ཏེ་མ་ཟིན་པ་ལ་དཔྱོད་ཅིང་མི་སྡོད་པས་ན་བ་དང་བཅས་པ་དང་མི་ན་ཞིང་བདེ་བར་གནས་པ་ཀུན་གྱིས་ཀྱང་རུང༌། གློ་བུར་དུ་ནམ་འཆི་ངེས་པ་མེད་པས་ཚེ་འདི་ལ་ཡིད་མི་བརྟན་པར་བྱ་བ་ཡིན་པ་ལ། ལུས་ལོངས་སྤྱོད་དགྲ་གཉེན་དང་བཅས་པ་ཐམས་ཅད་བོར་ཏེ་འཇིག་རྟེན་ཕ་རོལ་ཏུ་ཆ་ཞིང་[ཆས་ཤིང་]འགྲོ་དགོས་པར་བདག་གིས་ཚུལ་དེ་ལྟར་མ་ཤེས་པས་མཛའ་བ་བསྐྱང་བ་དང་མི་མཛའ་བ་གཞོམ་པའི་དོན་གྱི་ཕྱིར། འདོད་ཆགས་དང་ཞེ་སྡང་ལ་བརྟེན་པའི་སྡིག་པ་རྣམ་པ་སྣ་ཚོགས་བྱས་ཏེ་ཤིན་ཏུ་འགྱོད་ཅེས་པའོ། ། (གཉིས་པ་)རྒྱས་བཤད་ནི། གང་གི་དོན་དུ་སྡིག་པ་བྱས་པའི་མི་མཛའ་བ་དགྲ་རྣམས་ཀྱང་མེད་པར་འགྱུར་ཞིང་མཛའ་བ་གཉེན་རྣམས་ཀྱང་མེད་པར་འགྱུར་ལ། བྱེད་པ་པོ་བདག་ཀྱང་མེད་པར་འགྱུར་བ་སྟེ། དེ་བཞིན་དུ་དགྲ་གཉེན་བར་མར་གནས་པ་དང་བསགས་པའི་ལོངས་སྤྱོད་ཐམས་ཅད་ཀྱང་མེད་པར་འགྱུར་བས་དེ་དག་གི་དོན་དུ་སྡིག་པ་བྱས་པ་ནི་འཁྲུལ་པའོ། །དཔེར་ན་རྨི་ལམ་དུ་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་ཡང་སད་པ་ན་དྲན་ཡུལ་ཙམ་དུ་འགྱུར་གྱི་དངོས་སུ་མི་མཐོང་བ་བཞིན་དུ་དགྲ་དང་འཐབ་པ་དང་གཉེན་དང་འགྲོགས་པ་དང་ཟས་ཟོས་པ་དང་ནོར་བསགས་པ་ལ་སོགས་པ་ཟག་བཅས་ཀྱི་དངོས་པོ་གང་དང་གང་ལོངས་སྤྱད་པ་དེ་དང་དེ་རྣམས་འདི་དང་འདི་འདྲ་མྱོང་ངོ་ཞེས་དྲན་པའི་ཡུལ་ཙམ་དུ་འགྱུར་གྱི། སྔར་འདས་པ་ཐམས་ཅད་ཕྱིས་མཐོང་ཞིང་སྡོད་པར་མི་འགྱུར་བས་དེ་དག་གི་ཆེད་དུ་སྡིག་པ་སོག་པར་མི་རིགས་སོ། །དགྲ་གཉེན་ཚེ་འཕོས་ནས་འཐོང་བ་ལྟ་ཞོག རེ་ཞིག་ད་ལྟ་གསོན་པའི་ཚེ་འདི་ཉིད་ལའང་མཛའ་བ་དང་མི་འཛའ་བ་དུ་མ་ཞིག་འདས་ནས་དྲན་ཡུལ་ཙམ་དུ་འགྱུར་གྱི་སླར་མི་མཐོང་བར་མྱོང་བས་གྲུབ་པོ། །སྡིག་པའང་འདས་པས་མི་མྱོང་ངམ་སྙམ་ན། མཛའ་མི་མཛའ་དེ་དག་གི་དོན་དུ་ཆགས་སྡང་ལ་བརྟེན་ནས་བྱས་པའི་སྡིག་པ་རྣམ་སྨིན་མི་བཟད་པ་མྱོང་བར་འགྱུར་བ་གང་ཡིན་པ་དེ་ནི་རང་གི་མདུན་ན་གནས་ཤིང་རྗེས་སུ་འབྲང་སྟེ། རྒྱལ་པོ་ལ་གདམས་པར། རྒྱལ་པོ་དུས་ཀྱིས་བསྙེན་ཏེ་འགྲོ་འགྱུར་ན། །འཁོར་དང་ལོངས་སྤྱོད་གཉེན་བཤེས་རྗེས་མི་འབྲང། །སྐྱེས་བུ་དེ་ནི་གང་དང་གང་སྐྱེས་ཀྱང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །ཞེས་པ་ལྟར་རོ། ། (གསུམ་པ་)དོན་བསྡུ་ནི། དེ་ལྟར་བདག་ནི་སྐྱེ་བ་སྔ་མ་ནས་ཐམས་ཅད་བོར་ཏེ་འོངས་པ་དང་སྐྱེ་བ་ཕྱི་མར་ཐམས་ཅད་བོར་ཏེ་འགྲོ་བའི་གློ་བུར་བ་འགྲོན་པོ་ལྟ་བུ་ཡིན་ནོ་ཞེས་བདག་གིས་རྟོགས་ཤིང་རིག་པར་མ་གྱུར་བས་བླང་དོར་ལ་རྨོངས་པའི་གཏི་མུག་དང་རང་ཕྱོགས་ལ་ཆགས་པའི་འདོད་ཆགས་དང་གཞན་ཕྱོགས་ལ་སྡང་བའི་ཞེ་སྡང་གི་དབང་གིས་སྲོག་གཅོད་ལ་སོགས་པའི་སྡིག་པ་རྣམ་པ་དུ་མ་བྱས་ཏེ་ཤིན་ཏུ་འགྱོད་པས་བཤགས་པར་བྱའོ། ། (གསུམ་པ་)འཆི་བས་འགྱོད་ཚུལ་ལ་བཞི་ལས། (དང་པོ་)ངེས་པར་འཆི་བའི་རྒྱུ་མཚན་ནི། དུས་ཉིན་མོ་དང་མཚན་མོ་རེས་མོས་ཀྱིས་འོང་བ་ལ་སྐད་ཅིག་ཙམ་ཡང་སྡོད་པའི་གོ་སྐབས་ཡོང་ཡེ་མེད་པར་སྐྱེས་བུའི་ཚེ་འདི་རྟག་ཏུ་འགོད་དེ་འབྲིད་པར་འགྱུར་ཞིང་ཚེ་ལ་སྣོན་པའང་གུད་ནས་འོང་བ་མེད་ན་བདག་ལྟ་བུ་ངེས་པར་འཆི་བར་ཅིས་མི་འགྱུར་ཏེ་ཅེས་ཀྱང་འགྱུར་བས་འབད་པར་རིགས་ཏེ། མི་རྟག་པའི་གཏམ་ལས། ལྟག་ཆུ་བཅད་པའི་རྫིང་བཞིན་དུ། །སྣོན་མེད་འབྲིད་པ་དང་བཅས་པས། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན། །གློ་བུར་ཚེ་ལ་སུ་ཡིད་བརྟན། །ཞེས་པ་ལྟར་རོ། ། (གཉིས་པ་)དེ་ལ་སྐྱབས་གཞན་མེད་ཚུལ་ནི། བདག་ནི་ནད་པའི་མལ་ན་འདུག་བཞིན་དུ་གཉེན་ཉེ་དུ་དང་གྲོགས་དགའ་བཤེས་དང་སྨན་པ་དང་ནད་གཡོག་ལ་སོགས་པ་རྣམས་ཀྱིས་མཐའ་ཐམས་ཅད་བསྐོར་ཞིང་ཡོངས་སུ་བསྲུངས་ན་ཡང་སྲོག་འཆད་པའི་ཚེ་གནད་གཅོད་པའི་སྡུག་བསྔལ་གྱི་ཚོར་བ་དྲག་པོ་དག་ཉེ་བ་སུས་ཀྱང་མི་ལེན་པར་བདག་ཉིད་གཅིག་པུས་ཉམས་སུ་མྱོང་བར་འགྱུར་རོ༑ ༑འཇིགས་སུ་རུང་བའི་གཤིན་རྗེའི་ཕོ་ཉས་མངོན་སུམ་དུ་ཟིན་ཏེ་ཞགས་པས་བཅིངས་ནས་ཐོ་བས་རྡུང་ཞིང་འབྲོག་དགོན་པ་ཚེར་མ་སྟུག་པོ་ཅན་དང་ཕ་བོང་ཐག་ཐུག་ཅན་དུ་རྐང་ལག་གཅོད་ཅིང་ཁྲིད་པ་ལ། གཉེན་ཉེ་བ་ཡོད་པས་ཅི་ཞིག་ཕན་ཞིང་གྲོགས་དགའ་བཤེས་ཀྱིས་ཀྱང་ཅི་ཞིག་ཕན་ཏེ་སུས་ཀྱང་བསྐྱབ་པར་མི་ནུས་ཀྱི། དེའི་ཚེ་བསོད་ནམས་བསགས་པ་གཅིག་པུ་སྐྱབས་ཀྱི་མཆོག་ཏུ་གྱུར་བ་ཡིན་ན་དེ་ཡང་བདག་གིས་སྔར་མ་བསྟེན་པས་འགྱོད་དོ། །མགོན་པོ་ཞེས་བོས་ནས་སྒོ་གསུམ་གྱིས་སྤྱོད་པ་བག་མེད་པའི་དབང་དུ་གྱུར་པ་བདག་གིས་ནི་མྱུར་དུ་འཆི་བ་དང་གཤིན་རྗེས་ཁྲིད་པ་དང་དམྱལ་བ་ལྟུང་བ་ལ་སོགས་པའི་འཇིགས་པ་འདི་འདྲ་མ་འཚལ་ཞིང་མ་རིག་ནས་མི་རྟག་ཅིང་མི་བརྟན་ལ་སྙིང་པོ་མེད་པ་ཚེ་འདིའི་འཚོ་ཐབས་ཅུང་ཟད་སྒྲུབ་པའི་ཆེད་དག་ཏུ་སྡིག་པ་མང་པོ་ཉེ་བར་བསྒྲུབས་པ་ཤིན་ཏུ་འགྱོད་པས་གཉེན་པོ་དགེ་བ་ལ་འབད་པར་རིགས་ཏེ། རྒྱལ་པོ་ལ་གདམས་པའི་མདོར། འགྲོ་བ་གཞན་དག་ཏུ་ནི་འགྲོ། མལ་གྱི་ཐ་མར་ནི་ཉལ། སྲོག་ནི་ཅུང་ཟད་ཅིག་ལུས། གཤིན་རྗེའི་སྐྱེས་བུས་ནི་འཇིགས་ཤིང་སྐྲག བྱུར་གྱི་དབང་དུ་ནི་སོང༌། དབུགས་འགྱུ་བ་ནི་འཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། ཕ་མ་དང་ཕུ་ནུ་དང་སྲིང་མོ་དང་བུ་དང་བུ་མོས་ནི་བསྐོར། ནོར་རྣམས་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་མ་ཀྱི་ཧུད་ཕ་ཀྱི་ཧུད་བུ་ཞེས་ཟེར་བ་ན་ཆོས་མ་གཏོགས་པ་སྐྱབས་གཞན་མེད། མགོན་གཞན་མེད། གནས་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང་གནས་དང་མགོན་དང་རྟོན་པར་འགྱུར་རོ་ཞེས་གསུངས་པ་ལྟར་རོ། ། (གསུམ་པ་)འཇིགས་པའི་སྣང་བ་འཆར་ཚུལ་ནི། སྐྱེ་བོ་རྒྱལ་པོའི་ཆད་པས་ཕོག་པ་འགའ་ཞིག་ཡན་ལག་གཅོད་པའི་སར་དེ་རིང་ཙམ་ཞིག་སྐལ་བ་མཉམ་པས་ཁྲིད་པའང་ཤིན་ཏུ་བྲེད་ཅིང་འཇིཊ་པར་གྱུར་ཏེ་སྐོམ་པས་ཁ་སྐོམས་པ་དང་མིག་རྩ་ངན་ཞིང་དམའ་བ་ལ་སོགས་པ་སྔར་ཀྱི་གནས་སྐབས་ལས་གཞན་དུ་འགྱུར་བར་སྣང་ན་སྐལ་བ་མི་མཉམ་པ་གཤིན་རྗེའི་ཕོ་ཉ་བ་ཆེན་པོ་སྲིན་པོ་ལྟར་རབ་ཏུ་འཇིགས་འཇིགས་ལྟར་གྱུར་པའི་ཤ་ཚུགས་ཅན་གྱིས་བཟུང་བར་གྱུར་ཅིང༌། དམྱལ་བའི་སྣང་བ་ལ་སོགས་པའི་འཇིགས་པ་ཆེན་པོའི་ནད་དྲག་པོ་རྣམས་ཀྱིས་ཐེབས་པར་གྱུར་པས་རབ་ཏུ་ཉམ་ཐག་སྟེ་བཤང་གཅིས་ལུས་ལ་གོས་པར་གྱུར་པ་སྨོས་ཀྱང་ཅི་དགོས་དེའི་ཕྱིར་ཡང་དགེ་བ་ལ་འབད་པར་རིགས་སོ། ། (བཞི་པ་)སྐྱབས་མེད་ཉམ་ཐག་འགྱུར་ཚུལ་ནི། སྙིང་རྗེ་ཅན་སུ་ཞིག་གཤིན་རྗེས་བཟུང་བའི་འཇིཊ་པ་ཆེན་པོ་འདི་ལས་ཕོངས་པ་བདག་ལེགས་པར་སྐྱོབ་པར་བྱེད་པར་འགྱུར་ཞེས་སྨྲ་ཞིང༌། འཇིགས་པས་བྲེད་ཤ་ཐོན་པའི་མིག་རབ་ཏུ་བགྲད་ནས་ཁ་ཕྱོགས་བཞིར་བལྟས་ཏེ་སྐྱབས་དག་ཚོལ་བར་བྱེད་ལ། དེ་ལྟར་ཕྱོགས་བཞིར་བཙལ་ཡང་ལས་ངན་པའི་དབང་གིས་སྐྱབས་སུ་ཡང་མེད་པར་མཐོང་ནས་ནི། དེ་ནས་སྐྱབས་མ་རྙེད་པས་ཀུན་ཏུ་ཡི་མུག་པར་འགྱུར་ཞིང༌། ཤི་ནས་དམྱལ་བ་ལ་སོགས་པར་ལྷུང་བའི་གནས་དེར་སྡིག་པ་ཅན་ལ་སྐྱབས་སུ་ཡང་ཡོད་པ་མ་ཡིན་ན་དེའི་ཚེ་བདག་གིས་ཇི་ལྟར་བྱ་སྟེ་འགྱོད་ཀྱང་བཅོས་ཐབས་མེད་པས་ད་ལྟ་ཉིད་ནས་འབད་པར་རིགས་སོ།