སྤྱོད་འཇུག་ས་འགྲེལ།

། (བཞི་པ་)སྦྱིན་བདག་ཀུན་ལས་མཆོག་ཏུ་འགྱུར་ཚུལ་ནི། ཡུལ་དམན་པ་འགྲོ་བ་ཉུང་ཟད་ཙམ་ཕྱོགས་རེ་བ་གྲངས་སུ་བྱས་པ་འགའ་ཞིག་ལ་དམིགས་ནས་ལོ་དུས་སམ་ཟླ་དུས་ལ་སོགས་པར་ནར་མའི་ཟས་སྦྱོར་བས། དུས་ཐུང་ངུ་སྐད་ཅིག་ཙམ་ལ་སོགས་པར། དངོས་པོ་དམན་པ་ཡོན་འབུལ་བ་མེད་པའི་ཟས་ཙམ་སྦྱིན་པར་བྱེད་པ་དང༌། སྦྱོར་བ་དམན་པ་འཐབ་པ་དང་རྡེག་པ་ལ་སོགས་པས་བརྙས་ཤིང་ཐོ་འཚམ་པ་དང་བཅས་པས། ཕན་འདོགས་དམན་པ་ཉིན་ཕྱེད་ཙམ་འགྲངས་པར་བྱེད་པའི་སྦྱིན་བདག་ལ། འཇིག་རྟེན་ན་དགེ་བ་རྒྱ་ཆེན་པོ་བྱེད་པ་ཡིན་ནོ་ཞེས་སྐྱེ་བོ་མང་པོས་བསྟོད་ཅིང་བཀུར་བར་འོས་པ་ཡིན་ན། ཡུལ་རྒྱ་ཆེན་པོ་སེམས་ཅན་ཀྱི་ཁམས་གྲངས་ལས་འདས་ཤིང་མཐའ་ཡས་པ་རྣམས་ལ་དམིགས་ནས་དུས་ཡུན་རིང་པོ་ནམ་མཁའ་གནས་པ་དང་འཁོར་བ་མ་སྟོངས་ཀྱི་བར་དུ། དངོས་པོ་བཟང་བོ་བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བདེ་བ་བླ་ན་མེད་པ། སྦྱོར་བ་ཞི་ཞིང་དུལ་ལ་གུས་པ་དང་བཅས་པས། ཕན་འདོགས་ཁྱད་པར་ཅན་རང་རང་གི་ཡིད་ལ་གང་ཅི་བསམ་པ་མཐའ་དག་མ་ལུས་པ་རྫོགས་པར་བྱེད་པ་རྟག་ཏུ་རྒྱུན་མི་འཆད་པར་སྦྱིན་པའི་སྦྱིན་བདག་ཆེན་པོ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་བསྟོད་ཅིང་བཀུར་བར་འོས་པ་ལྟ་ཞིག་སྨོས་ཀྱང་ཅི་དགོས་ཞེས་པའོ། །རྒྱ་དཔེ་ལས་ནི། བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཅེས་པའི་ཚབ་ལ། མཁའ་དང་སྐྱེ་བོ་ཡོངས་ཟད་མ་ཟད་པར། །ཞེས་པ་ཡོད་དེ། ནམ་མཁའ་གནས་པ་དང་འཁོར་བ་མ་སྟོངས་ཀྱི་བར་དུ་ཞེས་པའི་དོན་ཏོ། ། ༣༽རྒྱལ་སྲས་མཆོད་པར་འོས་ཚུལ། (གསུམ་པ་)མཆོད་པར་འོས་ཚུལ་ལ། ཞིང་གི་མཆོག་ཏུ་བསྒྲུབ་པ་དང༌། འདུད་ཅིང་སྐྱབས་སུ་འགྲོ་བའོ།། ༡ ཞིང་གི་མཆོག་ཏུ་བསྒྲུབ་པ། དང་པོ་ལ་གཉིས་ལས། (དང་པོ་)སྡིག་པའི་ཞིང་གི་མཆོག་ཏུ་གསུངས་ཚུལ་ནི། སེམས་ཅན་དམན་པ་གང་ཞིག་བཤད་མ་ཐག་པ་དེ་འདྲ་བའི་ཡོན་ཏན་དང་ལྡན་པའི་རྒྱལ་བའི་སྲས་པོ་སྦྱིན་བདག་མཆོག་ཏུ་གྱུར་པ་ལ་ལུས་ངག་གིས་གནོད་པ་ལྟ་ཞོག གལ་ཏེ་ཞེ་སྡང་ལ་སོགས་པའི་ངན་སེམས་ཙམ་ཞིག་སྐྱེད་པར་བྱེད་ན་ཡང༌། བྱེད་པ་པོ་དེ་ངན་སེམས་གཅིག་ལ་སོགས་པ་སྐྱེད་པའི་གྲངས་ཇི་ལྟ་བ་བཞིན་དུ་བསྐལ་པ་གཅིག་ལ་སོགས་པར་ནི་དམྱལ་བར་སྡུག་བསྔལ་ཆེན་པོ་མྱོང་ཞིང་གནས་པར་འགྱུར་ཞེས་ཐུབ་པས་གསུངས་ཏེ། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ལ་ཁྲོ་བའམ་བརྙས་པའི་སེམས་བསྐྱེད་ན་དེ་སྙེད་ཀྱི་བསྐལ་པར་བདག་ཉིད་དམྱལ་བར་གནས་པའི་གོ་ཆ་བགོ་བར་བྱའོ། །ཞེས་སོ། ། (གཉིས་པ་)དགེ་བའི་ཞིང་གི་མཆོག་ཏུ་བསྟན་པ་ནི་འོན་ཏེ་སྐལ་བ་དང་ལྡན་པ་གང་ཞིག་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དེ་ལ་ཡིད་རབ་ཏུ་དང་བར་བྱེད་ན་དད་པ་དེ་ཡི་འབྲས་བུ་ནི་ངན་སེམས་ཀྱི་འབྲས་བུ་དེ་བས་ཀྱང་ཆེས་ལྷག་པར་འཕེལ་བ་སྐྱེ་སྟེ། ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས། འཇམ་དཔལ་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་བཏོན་པར་གྱུར་ལ། བྱམས་པའི་སེམས་ལ་གནས་པ་འགའ་ཞིག་གིས་དེ་དག་ཐམས་ཅད་ཀྱི་མིག་བསྐྱེད་པར་བྱས་པ་བས། གང་ལ་ལ་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་སེམས་དང་བས་ལྟ་ན། འདི་ནི་དེ་བས་བསོད་ནམས་ཆེས་ལྷག་པར་སྐྱེའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ལ་གཞན་དག་གིས་དོ་གལ་ལམ་འབད་རྩོལ་ཆེན་པོས་ཆོས་ཟབ་མོའི་བར་ཆད་བྱས་ཀྱང་སེམས་ཅན་ལ་གནོད་པ་ལ་སོགས་པའི་སྡིག་པ་ནམ་ཡང་མི་འབྱུང་ཞིང་བྱམས་པ་དང་སྙིང་རྗེ་ལ་སོགས་པའི་དགེ་བ་ངང་གིས་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་ཕྱིར་རོ། ། ༢ འདུད་ཅིང་སྐྱབས་སུ་འགྲོ་བ། (གཉིས་པ་)འདུད་པ་ནི། གང་ཟག་གང་ལ་སེམས་ཀྱི་དམ་པ་རྒུད་པ་མཐའ་དག་སེལ་ཞིང་འབྱོར་བ་མ་ལུས་པ་སྩོལ་བས་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་སྐྱེས་པར་གྱུར་པ་དེ་ཡི་སྐུ་ལ་སྒོ་གསུམ་གུས་པའི་སྒོ་ནས་དུས་ཐམས་ཅད་དུ་ཕྱག་འཚལ་ཞིང་བྱང་ཆུབ་སེམས་དཔའ་གང་ལ་ཕན་པ་བྱས་ན་བདེ་བ་སྟེར་བར་མ་ཟད། བརྙས་ཐབས་ལ་སོགས་པའི་གནོད་པ་བྱས་ཀྱང་སྙིང་རྗེ་ཆེན་པོས་གནས་སྐབས་དང་མཐར་ཐུག་གི་བདེ་བ་འབྲེལ་ཞིང་སྦྱིན་པར་མཛད་པ། མཐའ་གཅིག་ཏུ་བདེ་བ་ཐམས་ཅད་པའི་འབྱུང་བའི་གནས་སྐྱེས་བུ་དམ་པ་དེ་ལ་རྟག་ཏུ་བརྟེན་པར་ཁས་བླངས་ནས་བློ་གཏད་དེ་སྐྱབས་སུ་མཆིའོ། །ཡུལ་དམ་པ་ལ་ངན་སེམས་བསྐྱེད་ན་དམྱལ་བར་ལྟུང་བ་ཡང་མི་འགལ་ཞིང༌། ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཐབས་ལ་མཁས་པ་དང་སྨོན་ལམ་གྱི་མཐུ་ལས་མཐར་བདེ་བ་ཆེན་པོ་ལ་སྦྱོར་བ་ཡང་མི་འགལ་བས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དྲན་པའི་སྒོ་ནས་དེ་དང་ལྡན་པའི་གང་ཟག་དམ་པ་རྣམས་ལ་ཡང་མོས་པར་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཐོག་མར་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བཤད་པ་ཞེས་བྱ་བ་སྟེ་ལེའུ་དང་པོའི་རྣམ་པར་བཤད་པའོ།། །། ལེའུ་གཉིས་པ། སྡིག་པ་བཤགས་པའི་རྣམ་བཤད། ② ཕན་ཡོན་ཅན་ཇི་ལྟར་བླང་ཚུལ། དེ་ལྟར་ཕན་ཡོན་རིག་ནས། ཕན་ཡོན་ཅན་ཇི་ལྟར་བླང་ཚུལ་ལ་གསུམ་སྟེ། སྦྱོར་བ་ཡན་ལག་བདུན་པ་བྱ་བ། དངོས་གཞི་བྱང་ཆུབ་སེམས་བསྐྱེད་གཟུང་བ། མཇུག་ཏུ་ཇི་ལྟར་བྱ་བའི་རིམ་པའོ། ། (༡) སྦྱོར་བ་ཡན་ལག་བདུན་པ། དེ་ཡང་གོས་ཚོས་སུ་སྒྱུར་བ་ལ་དྲི་མ་འཁྲུ་བ་དང་འདྲ་བར་སེམས་བསྐྱེད་སྐྱེ་བ་ལ་རྒྱུད་ཡོངས་སུ་དག་པའི་ཆེད་དུ་སྦྱོར་བ་ནི། མཆོད་བསྟོད་ཕྱག་འཚལ་སྐྱབས་འགྲོ་དང༌། །སྡིག་བཤགས་རྗེས་སུ་ཡི་རང་དང༌། །བསྐུལ་ཞིང་གསོལ་བ་གདབ་པ་དང༌། །ཡོངས་སུ་བསྔོ་བའི་ཡན་ལག་གོ ། (༡) མཆོད་བསྟོད། མཆོད་བསྟོད་ལ། མཆོད་པ་འབུལ་བ་དང༌། བསྟོད་དབྱངས་བསྒྲགས་པའོ། །དང་པོ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ་ལས། དང་པོ་ནི། (གང་གི་ཆེད་དུུ་)དེ་ལྟར་ཡོན་ཏན་རིན་ཆེན་དཔག་ཏུ་མེད་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་དེ་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་དུ། (ཡུལ་གང་ལ་)དེ་བཞིན་ཉིད་དག་པ་གཉིས་ལྡན་གྱི་ངང་དུ་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ལུང་དང་རྟོགས་པས་བསྡུས་པའི་དམ་པའི་ཆོས་དཀོན་མཆོག་དྲི་མ་མེད་ཅིང་རྣམ་པར་དག་པ་དང་སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་འཕགས་པའི་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་གསུམ་ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་རྒྱ་མཚོ་ལྟར་གཏིང་དཔག་དཀའ་བ་དང་ལྡན་པ་རྣམས་ལ། (ཚུལ་)དངོས་དང་ཡིད་ལས་བྱུང་བའི་མཆོད་རྫས་རྣམས་ཀྱིས་འཁོར་གསུམ་ཡོངས་སུ་དག་ཅིང་ཤིན་ཏུ་དང་བས་ལེགས་པར་མཆོད་དོ་ཞེས་པའོ། ། (གཉིས་པ་)རྒྱས་བཤད་ལ། ཡིད་ཀྱི་མཆོད་པ། ལུས་ཀྱི་མཆོད་པ། འབྱོར་བའི་མཆོད་པའོ། །དང་པོ་ལ་གསུམ་ལས། (དང་པོ་)དབུལ་བྱའི་དངོས་པོ་ནི། ཞིང་ཁམས་མཐའ་ཡས་པ་རྣམས་ན་པདྨ་དང་ཀུ་མུ་ད་ལ་སོགས་པའི་མེ་ཏོག་དང༌། ཛཱ་ཏི་དང་ཨ་མྲ་ལ་སོགས་པའི་འབྲས་བུ་ཇི་སྙེད་ཡོད་པ་དང༌། ནད་ཞི་བར་བྱེད་པའི་སྨན་གྱི་རྣམས་པའམ་རིགས་སུ་གཏོགས་པ་གང་དག་ཡོད་པ་དང༌། བཻཌཱུརྱ་དང་ཨིནྡྲ་ནཱི་ལ་ལ་སོགས་པ་འཇིག་རྟེན་ན་རིན་ཆེན་གྱི་ཁྱད་པར་ཇི་སྙེད་ཡོད་པ་དང༌། རྒྱལ་པོའི་སྲས་ཀྱིས། བསིལ་དང་ཞིམ་དང་ཡང་དང་མཇམ། །དྭངས་བ་དང་ནི་དྲི་མ་མེད། །འཐུངས་ན་ལྟོ་ལ་མི་གནོད་དང༌། །མགྲིན་པ་ལ་ཡང་མི་གནོད་པའོ། །ཞེས་བཤད་པ་ལྟར་ཡན་ལག་བརྒྱད་དང་ལྡན་པའི་ཆུ་གཙང་མ་ཡིད་དུ་འོང་བ་ཇི་སྙེད་ཡོད་པ་དང༌། ནོར་བུ་རིན་ཆེན་གྱི་ཁྱད་པར་སྣ་ཚོགས་ལས་གྲུབ་པའི་རི་བོ་དང་ནི་དེ་བཞིན་དུ་ཡིད་དུ་འོང་བའི་ནགས་ཚལ་དང་བཅས་པའི་ས་ཕྱོགས་རབ་ཏུ་དབེན་ཞིང་ཉམས་དགའ་བ་རྣམས་དང༌། ལྗོན་པའི་ཤིང་མེ་ཏོག་མང་པོའི་རྒྱན་གྱིས་སྤྲས་པས་རབ་ཏུ་སྤུད་ཅིང་འབར་བས་ལྷག་གེ་བར་གནས་པ་དང༌། ཤིང་ལྗོན་པ་གང་ཞིག་ཁ་དོག་དང་དྲི་རོ་ཕུན་སུམ་ཚོགས་པ་དང་ལྡན་པའི་འབྲས་བུ་བཟང་ལ་མང་བའི་ལྗིད་ཀྱིས་ཡལ་ག་རྣམས་དུད་ཅིང་དམའ་བར་འདུག་པ་དང༌། ཁྱད་པར་སུམ་ཅུ་རྩ་གསུམ་གྱི་ལྷ་ལ་སོགས་པའི་འཇིག་རྟེན་ན་ཡང་ཙན་དན་ལ་སོགས་པའི་དྲི་ཞིམ་པོ་དང་ནི། ཨ་ག་རུ་ནག་པོ་ལ་སོགས་པའི་བདུག་སྤོས་རྣམས་དང༌། ཅི་འདོད་པ་ཐམས་ཅད་བསམ་མ་ཐེག་འབྱུང་བའི་དཔག་བསམ་གྱི་ཤིང་ལྗོན་པ་དང༌། ཤེལ་དང་པདྨ་རཱ་ག་ལ་སོགས་པའི་རིན་ཆེན་མང་པོ་ལས་གྲུབ་པའི་ཤིང་ལྗོན་པ་དང་རབ་ཏུ་མཛེས་པའི་མཚོ་དང་རྫིང་བུ་པདྨ་ལ་སོགས་པའི་མེ་ཏོག་མང་པོས་རྣམ་པར་བརྒྱན་པ་དག་ལ། ངང་བ་དང་བྱ་བཞད་ལ་སོགས་པ་སྐད་སྙན་པ་ཤིན་ཏུ་ཡིད་དུ་འོང་བ་སྒྲོགས་པ་དང་ལྡན་པ་རྣམས་དང་མ་རྨོས་ཤིང་མ་བཏབ་པར་འཁྲུངས་པའི་འབྲས་སཱ་ལུ་གྲ་མ་དང་ཕུབ་མ་མེད་པ་ལ་སོགས་པའི་ལོ་ཐོག་གི་རྣམ་པ་མང་པོ་དང༌། སྔར་སྨོས་པ་དེ་དག་ལས་གཞན་ཡང་རེ་རེ་ནས་བརྗོད་ཀྱིས་མི་ལང་བའི་མཆོད་པར་འོས་པའི་རྒྱན་གྱི་རྣམ་གྲངས་ཇི་སྙེད་པ་རྣམས་ནི་ཡུལ་ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པར་ཁྱབ་པ་སུས་ཀྱང་བདག་གི་བར་ཡོངས་སུ་བཟུང་བ་མེད་པ་སྒྲ་མི་སྙན་པའི་ལོངས་སྤྱོད་ལྟ་བུ་དེ་དག་ཀུན་དབུལ་བར་བྱའོ། ། (གཉིས་པ་)ཇི་ལྟར་འབུལ་ཚུལ་ནི། ཤིན་ཏུ་དད་པའི་བློ་ཡིས་བླངས་ནས་ཐུབ་པའི་དབང་པོ་སྐྱེས་བུ་རྣམས་ཀྱི་མཆོག་ཏུ་གྱུར་པ་སངས་རྒྱས་དང་དེའི་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་འཁོར་གསུམ་ཡོངས་སུ་དག་པས་ལེགས་པར་འབུལ་ན་ཡོན་གནས་དམ་པ་སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་ཅག་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ནས་བདག་གི་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འདི་དག་ཅི་བདེ་བར་བཞེས་སུ་གསོལ་ཞེས་པའོ། ། (གསུམ་པ་)འབུལ་བའི་རྒྱུ་མཚན་ནི། བདག་ནི་སྔོན་གྱི་སྦྱིན་པ་ལ་སོགས་པའི་བསོད་ནམས་དང་མི་ལྡན་པས་ཚེ་འདིར་ལོངས་སྤྱོད་ཀྱིས་དབུལ་ཞིང་བཀྲེན་པ་ཆེན་པོ་ལ་གྱུར་པ་སྟེ། འཕགས་པ་མཆོད་པར་འོས་པའི་ནོར་སྔར་བསྟན་པ་དེ་དག་ལས་གཞན་དངོས་སུ་བདག་ལ་ཅང་མ་མཆིས་པ་དེས་ན་རྟག་ཏུ་གཞན་ལ་ཕན་པ་དང་བདེ་བའི་དོན་ཁོ་ན་དགོངས་པར་མཛད་པའི་མགོན་པོ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཡིད་ཀྱིས་ཕུལ་བའི་མཆོད་པ་འདི་རྣམས་ཁྱེད་ལ་ཕོངས་པ་མི་མངའ་ཡང་བདག་ཅག་གི་རྒྱུད་ལ་ཚོགས་གཉིས་རྫོགས་པའི་དོན་གྱི་སླད་དུ་ཉིད་ཀྱི་རྫུ་འཕྲུལ་གྱི་མཐུས་ཞིང་ཁམས་སོ་སོ་ན་གནས་པ་རྣམས་ལེགས་པར་བཞེས་ཤིག་ཅེས་པའོ། ། (གཉིས་པ་)ལུས་ཀྱྀ་མཆོད་པ་ལ་གཉིས་ལས། (དང་པོ་)ཇི་ལྟར་འབུལ་ཚུལ་ནི། (གང་ལ་)བདུད་བཞི་ལས་རྣམ་པར་རྒྱལ་བ་རྫོགས་པའི་སངས་རྒྱས་དང་དེའི་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ༑ (གང་གིས་)དད་པ་དང་ལྡན་པ་བདག་གིས་ནི་བདག་གི་ལུས་དངོས་སུ་ཡོད་པ་འདི་ཀུན། དུས་(ཇི་སྲིད་)གཏན་དུ་རྒྱུན་མི་འཆད་པར་དབུལ་བར་བགྱིའོ། །གཞན་ལ་ལེགས་པ་ཁོ་ན་སེམས་པ་སེམས་དཔའ་མཆོག་ཏུ་གྱུར་བ་རྣམས་ཀྱིས་བདག་གི་བདོག་པའི་དངོས་པོ་འདི་ནི་ཡོངས་སུ་བཞེས་པར་མཛོད་ཅིག་ཤིན་ཏུ་གུས་པས་སྐྱེས་བུ་དམ་པ་ཁྱེད་ཀྱི་བཀའ་བཞིན་སྒྲུབ་པའི་བྲན་ནམ་འབངས་སུ་མཆི་བར་བགྱིའོ། ། (གཉིས་པ་)ཕུལ་ནས་སྒྲུབ་ཚུལ་ནི། དམན་པ་བདག་ནི་དམ་པ་ཁྱེད་ཀྱིས་བདག་གི་བར་ཡོངས་སུ་གཟུང་བ་ན་མཉེས་པའི་སླད་དུ་སྲིད་པ་འཁོར་བ་ན་གནས་པ་ན་ཡང་གཞན་གྱི་དོན་གྱི་སྡུག་བསྔལ་ལ་མི་འཇིགས་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་འཕྲལ་དང་ཡུན་དུ་ཕན་པའི་དོན་ཁོ་ན་བསྒྲུབ་པར་བགྱིའོ། །མི་དགེ་བ་སྤྱད་ན་གཞན་ལ་ཕན་པ་ལྟ་ཞོག་རང་དོན་ཡང་མི་ནུས་པས་སྔོན་ཀྱི་སྡིག་པ་མི་དགེ་བ་རྣམས་ལས་རྣམ་པར་སུན་འབྱིན་པའི་ཚུལ་གྱིས་ཡང་དག་པར་འདའ་བར་བགྱིད་ཅིང༌། སྡིག་པ་གཞན་ཡང་སླན་ཆད་སྡོམ་པའི་ཚུལ་གྱིས་མི་བགྱེད་དེ་སྤོང་བར་དམ་འཆའ་ཞིང་དགེ་བ་ལ་འབད་པར་བགྱིད་དོ། ། (གསུམ་པ་)འབྱོར་བའི་མཆོད་པ་ལ། ཁྲུས་དང་དབྱི་བ་གོས་རྒྱན་དྲི་བཟང་དང༌། །མེ་ཏོག་བདུག་སྤོས་ཞལ་ཟས་སྣང་གསལ་དང༌། །ས་གཞི་ཕོ་བྲང་གདུགས་ཀྱི་མཆོད་པ་དང༌། །རོལ་མོ་དབུལ་ཞིང་སྨོན་ལམ་གདབ་པའོ། །(དང་པོ་)ཁྲུས་ཀྱི་མཆོད་པ་ནི། (གང་དུུ་)གནས་ཡིད་དུ་འོང་བར་ཁྲུས་ཀྱི་ཁང་པ་བཟང་པོ་ག་བུར་ལ་སོགས་པས་བསྒོས་པས་ཤིན་ཏུ་དྲི་ཞིམ་པ་འོག་ཐམས་ཅད་ཤེལ་གྱིས་རང་བཞིན་གྱི་ས་གཞི་དྲི་མ་མེད་པས་གསལ་ཞིང་འོད་འཕྲོ་བས་འཚེར་བ་བྱི་དོར་བྱས་ཤིང་ལེགས་པར་བསྟར་བ། བར་བར་ནོར་བུ་རིན་ཆེན་འོད་ཟེར་སྣ་ཚོགས་འབར་བའི་ཀ་བ་ཡིད་དུ་འོང་བ་དུ་མ་དང་ལྡན་པ་སྟེང་ཐམས་ཅད་དུ་མུ་ཏིག་གི་ཕྲེང་བས་སྤྲས་པས་དེའི་འོད་ཆགས་པའི་བླ་རེ་རབ་ཏུ་མཛེས་པས་བྲེས་ཤིང་བརྒྱན་པ་དེར། (གང་ལ་)ཡུལ་དམ་པ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་དེ་ཡི་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ། (གང་གིས་)ཡོ་བྱད་བཻཌཱུརྱ་ལ་སོགས་པའི་རིན་ཆེན་མང་པོ་ལས་བྱས་པའི་བུམ་པ་དྲི་ཞིམ་པོ་སྣ་ཚོགས་སྦྱར་བའི་སྤོས་ཀྱི་ཆུ་ཡིད་དུ་འོང་ཞིང་ལེགས་པར་བཀང་བ་ཡིད་འཕྲོག་པའི་གླུ་དབྱངས་སྙན་པ་དང་ནི་རྔ་ཟླུམ་ལ་སོགས་པའི་རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ་བའོ། ། (གཉིས་པ་)དེ་ནས་སྐུ་དབྱི་བ་ནི། ཁྲུས་གསོལ་མ་ཐག་པའི་རྒྱལ་བ་སྲས་བཅས་དེ་དག་གི་སྐུ་ལ་དུ་ཀཱུལའི་རས་ལ་སོགས་པ་མཚུངས་པ་མེད་པའི་གོས་དྲི་མ་མེད་པས་གཙང་མར་གྱུར་བ་ལ་གུར་གུམ་ལ་སོགས་པའི་དྲི་ཞིམ་པོ་རབ་ཏུ་བསྒོས་པས་སྐུ་ཕྱི་ཞིང་ཕྱི་དོར་ལེགས་པར་འགྱིའོ། ། (གསུམ་པ་)གོས་དང་རྒྱན་གྱི་མཆོད་པ་ནི། སྐུ་ཕྱིས་པའི་རྗེས་དེ་ནས་ཡུལ་དམ་པ་དེ་དག་ལ་རུང་བའི་ཚོན་གྱིས་ཁ་དོག་ལེགས་པར་བསྒྱུར་བའི་ན་བཟའ་ཆོས་གོས་ལ་སོགས་པ་ཤིན་ཏུ་དྲི་ཞིམ་པོས་བྱུགས་པའི་དམ་པ་རྣམས་འབུལ་ཞིང༌། ཁྱད་པར་བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཆ་ལུགས་ཅན་རྣམས་ལ་ལྷ་རྫས་ལས་གྲུབ་པའི་གོས་བཟང་པོ་སྲབ་ཅིང་ཡང་ལ་རེག་བྱ་འཇམ་པ་ཁ་དོག་དང་དབྱིབས་སྣ་ཚོགས་པའི་ལྷབ་ལྷུབ་ལ་སོགས་པ་དང༌། རིན་པོ་ཆེའི་དབུ་རྒྱན་དང་སྙན་ཆ་དང་གདུ་བུ་དང་སྐ་རགས་དང་དོ་ཤལ་ལ་སོགས་པའི་རྒྱན་མཆོག་བརྒྱ་ཕྲག་མང་པོ་དེ་དང་དེ་དག་གིས་འཕགས་པ་མི་ཕམ་མགོན་པོ་དང་ཀུན་ཏུ་བཟང་པོ་དང་འཇམ་པའི་དབྱངས་དང་འཇིག་རྟེན་དབང་ཕྱུག་དང༌། སོགས་པའི་སྒྲས་ཕྱག་ན་རྡོ་རྗེ་དང་སའི་སྙིང་བོ་དང་ནམ་མཁའི་སྙིང་པོ་ལ་སོགས་པ་གཞན་རྣམས་ལའང་བརྒྱན་པར་འགྱིའོ། ། (བཞི་པ་) དྲི་བཟང་གི་མཆོད་པ་ནི། གླིང་བཞི་བ་བྱེ་བ་ཕྲག་བརྒྱ་ཡོད་པའི་སྟོང་གསུམ་ནི་ཞིང་ཁམས་གཅིག་ཡིན་ལ། དེ་ལྟ་བུ་མཐའ་ཡས་པ་ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་དྲི་ཞིམ་པོའི་ངད་རབ་ཏུ་ལྡང་ཞིང་འཕྲོ་བའི་ཙན་དན་ལ་སོགས་པའི་དྲི་མཆོག་རྣམས་ཀྱིས་ཐུབ་པའི་དབང་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་གསེར་བཟང་པོ་ལེགས་པར་བཏུལ་ཞིང་སྦྱངས་ཏེ་བཙོ་མར་གྱུར་པ་ལ་བྱི་དོར་བྱས་པ་ལྟར་འོད་ཟེར་གྱི་མདངས་ཆགས་ཤིང་འབར་བ་དེ་དག་ལ་བྱུགས་ཏེ་བསྐུས་ནས་མཆོད་པར་བགྱིའོ། ། (ལྔ་བ་)མེ་ཏོག་གི་མཆོད་པ་ནི། (གང་ལ་)ཐུབ་པའི་དབང་པོ་མཆོད་པར་བྱ་བའི་གནས་མཆོག་ཏུ་གྱུར་བ་རྣམས་ལ་(གང་གིས་)ཁ་དོག་དང་དབྱིབས་མཛེས་པས་ཡིད་དུ་འོང་བའི་ལྷ་རྫས་ཀྱི་མེ་ཏོག་མནྡཱ་ར་བ་དང༌། དཔག་བསམ་ཤིང་གི་མེ་ཏོག་མནྡཱ་ར་བ་ཆེན་པོ་དང༌། པདྨ་དང་ཨུཏྤལ་དང་ཙམ་པ་ཀ་ལ་སོགས་པ་དྲི་ཞིམ་པོ་དང་ལྡན་པ་ཐམས་ཅད་སིལ་མ་འཐོར་ཞིང་ཚལ་དུ་བཀྲམ་པ་དང༌། མེ་ཏོག་སྣ་ཚོགས་པའི་ཕྲེང་བ་སྤེལ་ལེགས་པར་བརྒྱུས་པའི་ཆུན་འཕྱང་ལ་སོགས་པ་ཡིད་དུ་འོང་བ་རྣམས་ཀྱིས་མཆོད་པར་བྱའོ། ། (དྲུག་པ་)བདུག་སྤོས་ཀྱི་མཆོད་པ་ནི། ཨ་ག་རུ་ལ་སོགས་པའི་སྤོས་མཆོག་ཏུ་གྱུར་པ་ཚོར་མ་ཐག་ཡིད་འཕྲོག་པར་བྱེད་པའི་དྲི་ཞིམ་པོའི་ངད་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་ལྡང་པ་ཡི་བདུག་པ་བསྲེགས་པའི་དུ་བ་སྤྲིན་གྱི་ཚོགས་ལྟར་འཁྲིགས་པ་རྣམས་ཀྱང༌། (གང་ལ་)ཡུལ་དམ་པ་དེ་དག་ལ་གུས་པས་འབུལ་བའོ། ། (བདུན་པ)ཞལ་ཟས་ཀྱི་མཆོད་པ་ནི། འབྲས་ཆན་དང་ཀ་ར་དང་སྣུམ་ཁུར་ལ་སོགས་པའི་ཞལ་ཟས་ཀྱི་ཁྱད་པར་བཟའ་བ་དང་བཅའ་བ་དང་བཏུང་བ་དང་གཞིབ་པ་ལ་སོགས་པ་ཁ་དོག་དང་དྲི་རོ་ཕུན་སུམ་ཚོགས་པ་སྣ་ཚོགས་པ་དང་བཅས་པ་ཡི་ལྷ་རྫས་ལས་གྲུབ་པའི་བཤོས་གཙང་མ་རྣམས་ཀྱང་ཐུབ་པའི་དབང་པོ་དེ་དག་ལ་རབ་ཏུ་དང་བས་དབུལ་བར་འགྱིའོ། ། (བརྒྱད་པ་)སྣང་གསལ་གྱི་མཆོད་པ་ནི། སྣོད་གསེར་གྱི་རང་བཞིན་ལས་བྱས་ཤིང་དབྱིབས་པདྨ་རྒྱས་པ་ལྟར་མཛེས་པའི་གོང་བུ་གྲལ་ལ་ཚར་དུ་དངར་སྟེ་བསྒྲིགས་པ་ཡི་ནང་དུ། བཅུད་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལ་སོགས་པ་འོད་རབ་ཏུ་གསལ་བས་ཉིན་མཚན་རྟག་ཏུ་སྣང་བར་བྱེད་པའི་སྒྲོན་མེ་རྣམས་ཀྱང་མཆོད་གནས་མཆོག་ཏུ་གྱུར་པ་དེ་དག་ལ་དབུལ་བར་བགྱིའོ། ། (དགུ་པ་)ས་གཞི་བསྟར་བའི་མཆོད་པ་ནི། ས་གཞི་ཐམས་ཅད་ལེགས་པར་བསྟར་ཞིང་བྱི་དོར་བྱས་པ་དྲི་ཞིམ་པོའི་སྤོས་ཀྱིས་ཉེ་བར་བྱུགས་པ་དེར་མེ་ཏོག་ཁ་དོག་དང་དབྱིབས་སྣ་ཚོགས་པ་ཡིད་དུ་འོང་བ་སིལ་མ་མང་པོ་རྣམས་གཅལ་དུ་བགྲམ་ཞིང་དགོད་པར་བགྱིའོ། ། (བཅུ་པ་)ཕོ་བྲང་གི་མཆོད་པ་ནི། (གང་)གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་ནང་ན་ལྷའི་བུ་མོ་རྣམས་ཀྱིས་བསྟོད་པའི་དབྱངས་ཡིད་དུ་འོང་བ་སྒྲོགས་པ་དང་ལྡན་ཞིང༌། ཕྱི་ནང་ཐམས་ཅད་དུ་མུ་ཏིག་དང་རིན་ཆེན་སྣ་ཚོགས་པའི་རྒྱན་གྱི་ཆུན་པོ་འཕྱང་བས་མཛེས་པ་གཟི་བརྗིད་ཀྱི་འོད་ཟེར་རབ་དུ་འབར་བས་དཔག་ཏུ་མེད་ཅིང་མཐའ་ཡས་པ་ནམ་མཁའི་རྒྱན་ལྟ་བུར་གྱུར་པ་དེ་དག་ཀྱང༌། (གང་ལ་)སེམས་ཅན་ཐམས་ཅད་ལ་ཐུགས་རྗེའི་རང་བཞིན་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དབུལ་བར་བགྱིའོ། ། (བཅུ་གཅིག་པ་)གདུགས་ཀྱི་མཆོད་པ་ནི། རིན་ཆེན་སྣ་ཚོགས་ལས་གྲུབ་ཅིང་ཚ་བ་སྐྱོབ་པའི་གདུགས་རབ་ཏུ་མཛེས་པ་གསེར་གྱི་ཡུ་བ་རིང་བོ་ཅན་ཁོར་ཡུག་ཐམས་ཅད་དུ་མུ་ཏིག་གི་སེ་མོ་དོ་ལ་སོགས་པའི་རྒྱན་གྱི་རྣམ་པ་མང་པོས་ཡིད་དུ་འོང་བར་རྣམ་པར་བརྒྱན་པ་དབྱིབས་ཤིན་ཏུ་ལེགས་ཤིང་བལྟ་ན་སྡུག་པ་གྱེན་དུ་བསླང་སྟེ་གྱེན་དུ་བསྒྲེང་བའང་དུས་རྟག་ཏུ་ཐུབ་པའི་དབང་བོ་སྲས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། ། (བཅུ་གཉིས་པ་)རོལ་མོ་དབུལ་བ་ནི། སྔར་བཤད་པ་དེ་དག་ལས་གཞན་ཡང་མཆོད་པའི་ཚོགས་དུང་དང་པི་ཝང་དང་རྔ་བོ་ཆེ་ལ་སོགས་པ་རོལ་མོའི་བྱེ་བྲག་མཐའ་ཡས་པ་རྣམས་དང༌། གར་དང་བཅས་པའི་གླུ་དབྱངས་སྙན་པ་ཡིད་དུ་འོང་བ་དང་ལྡན་པ། གང་ཞིག་ཐོས་པས་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱང་དགའ་བས་ཚིམ་པར་བྱེད་པའི་མཆོད་པའི་སྤྲིན་དཔུང་དཔག་ཏུ་མེད་པ་རྣམས་དམ་པ་དག་གི་སྤྱན་སྔར་འབྱུང་ཞིང་རྟག་ཏུ་རྒྱུན་མི་འཆད་པར་སོ་སོར་གནས་པར་གྱུར་ཅིག (བཅུ་གསུམ་པ་)སྨོན་ལམ་གདབ་པ་ནི། དམ་པའི་ཆོས་ལ་སོགས་པ་དཀོན་མཆོག་རིན་པོ་ཆེ་ཐམས་ཅད་དང་ཆོས་སྐུའི་རྟེན་མཆོད་རྟེན་རིང་བསྲེལ་གྱི་སྙིང་བོ་ཅན་རྣམས་དང་གཟུགས་སྐུའི་རྟེན་རི་མོར་བྲིས་པ་དང་ལུགས་སུ་བླུག་པ་དང༌། འབུར་དུ་བཏོད་པ་ལ་སོགས་པའི་སྐུ་གཟུགས་ཐམས་ཅད་ལ་རིན་ཆེན་དང་མེ་ཏོག་དང་དྲི་བཟང་དང་གོས་དང་རྒྱན་དང་འབྲུ་དང་སྨན་ལ་སོགས་པའི་ཆར་བ་དུས་རྟག་ཏུ་རྒྱུན་མི་འཆད་པར་བར་མཚམས་མེད་པར་འབབ་པར་ཤོག་ཅེས་པའོ། ། (གསུམ་པ་)དོན་བསྡུ་ནི། ཇི་ལྟར་ན་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་བོ་ལ་སོགས་པ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་རྣམ་པར་འཕྲུལ་བ་མཐའ་ཡས་པས་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ལ་མཆོད་པ་མཛད་པའི་ཚུལ། དཀོན་མཆོག་ཏ་ལ་ལའི་མདོར། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང༌། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཅེས་པ་ལ་སོགས་པ་དང༌། ལག་པའི་མཐིལ་ནས་མཆོད་པ་བསམ་ཡས་རྣམས། །རྒྱལ་བ་གཅིག་ལ་དེ་དག་བྱེད་པ་ལྟར། །རྒྱལ་བ་མ་ལུས་ཀུན་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲ་འོ། །ཞེས་གསུངས་པ་དེ་བཞིན་དུ་བདག་གིས་ཀྱང་མོས་པའི་བསམ་པས་དེ་བཞིན་གཤེགས་པ་འགྲོ་བའི་མགོན་པོ་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་བླ་ན་མེད་པའི་མཆོད་པ་དབུལ་བར་འགྱིའོ། ། (གཉིས་པ་)བསྟོད་པ་ནི། ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་གྱི་ཚོགས་རྒྱ་མཚོ་ལྟར་ཟད་མི་ཤེས་པ་མངའ་བ་རྣམས་ལ་བདག་གིས་བསྟོད་པའི་དབྱངས་ཀྱི་ཡན་ལག་ཀྱང་རྒྱ་མཚོ་ལྟར་ཟད་མི་ཤེས་པ་རྣམས་ཀྱིས་བསྟོད་པར་བགྱིའོ། །བསྟོད་པའི་གླུ་དབྱངས་སྙན་པར་བསྒྲགས་པའི་སྤྲིན་དཔུང་རྣམས་རྒྱལ་བ་སྲས་དང་བཅས་པ་དེ་དག་ལ་ངེས་པར་ཏེ་གདོན་མི་ཟ་བར་དུས་དང་རྣམ་པ་ཀུན་ཏུ་འབྱུང་བར་གྱུར་ཅིག་ཅེས་པ་སྟེ། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པ་ལྟར་རོ། ། (༢) ཕྱག་འཚལ་བ། (གཉིས་པ་)ཕྱག་འཚལ་བ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་བ་སྟེ་དུས་གསུམ་དུ་གཤེཊ་ཤིང་བཞུགས་པ་ཤེས་བྱ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀུན་དང༌། ལུང་དང་རྟོགས་པའི་བདག་ཉིད་ཅན་དམ་པའི་ཆོས་དང་ཚོགས་ཀྱི་མཆོག་ཐེག་ཆེན་ཕྱིར་མི་ལྡོག་པའི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱོགས་བཅུའི་ཞིང་ཁམས་ཀྱི་རྡུལ་ཕྲ་རབ་ཀུན་གྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པར་ལུས་དཔག་ཏུ་མེད་པར་སྤྲུལ་ནས་གུས་པས་བཏུད་པས་ནི་བདག་ཉིད་ཕྱག་འཚལ་ཏེ། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ༑ ༑ཞེས་པ་ལྟར་རོ། །གཞན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཀྱི་རྟེན་པའི་གཞི་གནས་ཁྱད་པར་ཅན་རྣམས་དང༌། གནས་ཆེན་པོ་བརྒྱད་ལ་སོགས་པ་ན་བཞུགས་པའི་མཆོད་རྟེན་ཀུན་ལའང་བདག་ཉིད་ཕྱག་འཚལ་ཞིང༌། ལུང་ནོད་པའི་ཡུལ་མཁན་པོ་དང༌། དེ་བཞིན་དུ་ཐར་པའི་དོན་སྟོན་པའི་སློབ་དཔོན་དང་ཚངས་སྤྱོད་ཀྱི་སྡོམ་པ་ལ་སོགས་པའི་བརྟུལ་ཞུགས་མཆོག་ལ་གནས་པ་རྣམས་ལའང་གུས་པས་ཕྱག་འཚལ་ལོ། ། (༣) སྐྱབས་སུ་འགྲོ་བ། (གསུམ་པ་)སྐྱབས་འགྲོའི་སྤྱི་དོན་ལ་གཉིས་ལས།(དང་པོ་)ཐུན་མོང་བ་ནི་དོན་ལྔས་རིག་པར་བྱ་སྟེ། རྒྱུ་དང་ཡུལ་དང་ངོ་བོ་དང༌། །བསླབ་བྱ་དང་ནི་ཕན་ཡོན་ནོ། །(དང་པོ་)རྒྱུ་ནི། ལས་རྒྱུ་འབྲས་བདེན་པར་ཡོད་པ་ལ་མངོན་པར་ཡིད་ཆེས་པའི་དད་པ་དང༌།ཡོན་ཏན་ཅན་ལ་དང་བའི་དད་པ་དང༌། །ནུས་པ་ལ་འདོད་པའི་དད་པ་སྐྱེས་པ་ལས་སོ། ། (གཉིས་པ་)ཡུལ་ནི། སངས་རྒྱས་སྐུ་གཉིས་དང༌། ཆོས་མྱ་ངན་ལས་འདས་པ་དང༌། དགེ་འདུན་གང་ཟག་བརྒྱད་ལ་སོགས་པ་སྟེ། སྐྱབས་གསུམ་བདུན་ཅུ་བར། ཐུབ་པའི་དབང་པོའི་སྐུ་གཉིས་དང༌། །མྱ་ངན་འདས་དང་གང་ཟག་བརྒྱད། །དེ་ལ་གུས་པས་སྐྱབས་འགྲོ་གང༌། །གསུམ་ལ་སྐྱབས་སུ་སོང་བ་ཡིན། །ཞེས་པ་ལྟར་རོ། ། (གསུམ་པ་)ངོ་བོ་ནི། འཇིགས་པའི་ཉེན་ནས་ཡུལ་དམ་པ་ལ་བློ་གཏོད་ཅིང་བརྟེན་པར་ཁས་ལེན་པ་སྟེ། སངས་རྒྱས་ལ་སྟོན་པ་དང༌། ཆོས་ལ་ལམ་དང༌། དགེ་འདུན་ལ་གྲོགས་སུ་འདུ་ཤེས་པས་སོ།། (བཞི་པ་)བསླབ་བྱ་ནི། ཐུན་མོང་དུ་ཐོས་པའི་སའི་བསྡུ་བར། སྦྱོར་བས་དགེ་བའི་རྟེན་གཞི་དང༌། དབང་པོ་མི་རྒོད་པར་བྱ་བ་དང༌། བསླབ་པའི་གཞི་བླང་བར་བྱ་བ་དང༌། སེམས་ཅན་ལ་སྙིང་རྗེ་བར་བྱ་བ་དང༌། དུས་དུས་སུ་དཀོན་མཆོག་མཆོད་པར་བྱ་བ་ལ་བསླབ་པར་གསུངས་ཤིང༌། ཁྱད་པར་དུ་མྱ་ངན་ལས་འདས་པའི་མདོར། གང་ཞིག་སངས་རྒྱས་སྐྱབས་སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་བས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བ། །མུ་སྟེཊ་ཅན་ལ་ཕྱོགས་མི་བྱ། །ཞེས་གསུངས་པ་ལྟར་རོ།