སྤྱོད་འཇུག་ས་འགྲེལ།

། ཅེས་པ་ལྟར་རོ༑ ༑མདོར་ན་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ཁྱད་པར་ཅན་ཏེ། ཡུམ་གྱི་རྒྱན་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ལྟར་རོ། ། ༢ སྨོན་པ་དང་འཇུག་པའི་ཁྱད་པར། (གཉིས་པ་)སྨོན་འཇུག་གི་ཁྱད་པར་ལ་དམ་པ་གཞན་གྱི་བཞེད་ཚུལ་ནི་དཾཥྟ་སེ་ན་(དང་ཡེ་ཤེས་ཞབས་)ལ་སོགས་པ་འགའ་ཞིག་འཇིག་རྟེན་པའི་ལམ་གྱིས་བསྡུས་པ་སྨོན་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་གྱིས་བསྡུས་པ་འཇུག་པར་འདོད་ཅིང༌། ཨ་བྷཱ་ཡ་དང་ཡེ་ཤེས་གྲགས་པ་ལ་སོགས་པ་ནི་འདུན་ལྡན་སེམས་བསྐྱེད་ལ་སོགས་པ་གསུམ་སྨོན་པ་དང༌། ཕྱི་མ་བཅུ་དགུ་འཇུག་པར་འདོད་དེ། འདུན་སོགས་གསུམ་གྱི་དབྱེ་བ་ཡིས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པའི་སེམས་ཞེས་བྱ་བ་ནི། །རྣམ་པ་བཅུ་དགུ་དག་ཏུ་བཞེད། །ཅེས་པ་ལྟར་རོ། །(བྱང་སའི་འགྲེལ་བ་)རྒྱ་མཚོ་སྤྲིན་ལ་སོགས་པའི་དགོངས་པས་བྱང་ཆུབ་ཐོབ་འདོད་ཀྱི་བློ་དེ་ཆོ་གས་མ་བསྐྱེད་པ་སྨོན་པ་དང༌། ཆོ་གས་བསྐྱེད་པ་འཇུག་པར་བཞེད་ཅིང༌། ཤེས་རབ་འབྱུང་གནས་ལ་སོགས་པ་སེམས་དེ་བྱང་ཆུབ་ཀྱི་སྤྱོད་པས་མ་ཟིན་པ་སྨོན་པ་དང་ཟིན་པ་ལ་འཇུག་པར་འདོད་ལ། ཇོ་བོ་ཆེན་པོ་ལ་སོགས་པ་འབྲས་བུ་སངས་རྒྱས་ལ་དམིགས་པ་སྨོན་པ། རྒྱུ་ལམ་ལ་དམིགས་པ་འཇུག་པར་བཞེད་དེ། ཁ་ཅིག་ཕྱིར་མི་ལྡོག་མ་ཐོབ་ཀྱི་བར་ལ་སྨོན་པ་དང༌། ཐོབ་ནས་འཇུག་པར་འདོད་པ་ལ་སོགས་པའོ། །རྒྱལ་སྲས་འདིའི་དགོངས་པ་ནི་ཆོ་ག་མེད་ཀྱང་སངས་རྒྱས་ཀྱི་སྐུ་མཐོང་བ་དང་སེམས་ཅན་ལ་སྙིང་རྗེ་སྐྱེས་པ་ལ་སོགས་པའི་དབང་གིས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་འདོད་ཅིང་དོན་དུ་གཉེར་བ་སྨོན་པ་སེམས་བསྐྱེད་དང༌། ཆོ་གས་སྡོམ་པ་ཡང་དག་པར་བླངས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་བྱང་ཆུབ་ཆེན་པོའི་ལམ་དུ་ཞུགས་ནས་འགྲོ་བཞིན་པ་ནི་འཇུག་པ་སེམས་བསྐྱེད་ཅེས་བྱ་སྟེ། དེ་ཁོ་ན་ཉིད་ལ་འཇུག་པར་ཡང༌། དེ་ལ་དང་པོ་མགོན་པོ་ཡིས། །དོན་གཉེར་རྣམ་པར་ཡང་དག་བཤད། །གཉིས་པ་སྦྱིན་པ་ལ་སོགས་ལ། །འཇུག་པའི་རྣམ་པར་རབ་ཏུ་བསྒྲགས། །ཞེས་པ་དང༌། དབུ་མ་སྒོམ་རིམ་དུ། འགྲོ་བ་མཐའ་དག་ལ་ཕན་པའི་ཆེད་དུ་བདག་སངས་རྒྱས་སུ་གྱུར་ཅིག་ཅེས་ཐོག་མར་དོན་དུ་གཉེར་བ་ནི་སྨོན་པའི་སེམས་སོ། །གང་ཕན་ཆད་སྡོམ་པ་གཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་འཇུག་པའི་སེམས་སོ་ཞེས་བཤད་པ་དང་ཡང་མཐུན་པ་ཉིད་དོ། ། ༣ སེམས་བསྐྱེད་དང་སྡོམ་པའི་ཁྱད་པར། (གསུམ་པ་)སེམས་བསྐྱེད་དང་སྡོམ་པའི་ཁྱད་པར་ལ། སེམས་བསྐྱེད་ནི་སྔར་བཤད་པ་ལྟར་སྨོན་འཇུག་གཉི་གའི་བདག་ཉིད་ཅན་ཡིན་ལ། སྡོམ་པ་ནི་(བྱེ་བཤད་དུུ་)ལུས་དང་ལོངས་སྤྱོད་ལ་ལྟོས་པ་མེད་པར་སྒོ་གསུམ་གྱིས་རྣམ་པ་ཐམས་ཅད་དུ་གཞན་ལ་ཕན་པར་ཞུགས་པ་འཇུག་པའི་བདག་ཉིད་ཅན་ཏེ་ཐེག་པ་ཆེན་པོ་པའི་རྒྱུད་ཀྱིས་བསྡུས་པའི་ཚུལ་ཁྲིམས་སོ། །དེ་ལ་དབྱེ་ན་སྤང་བྱ་མི་དགེ་བ་མཐའ་དག་སྤོང་བ་སྡོམ་པའི་ཚུལ་ཁྲིམས་དང༌། གཉེན་པོ་དགེ་བ་མཐའ་དག་སྒྲུབ་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། བྱེད་ལས་གཞན་གྱི་དོན་ཁོ་ན་བྱེད་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་མོ། །དེ་ལྟར་གསུམ་ནི་དག་པར་བྱེད་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ལ། གནས་པར་བྱེད་པ་སེམས་ཀྱི་བསླབ་པ་དང༌། གྲོལ་བར་བྱེད་པ་ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་སློབ་པའང་སྡོམ་པའི་ཁྱད་པར་ཉིད་དོ། །དེས་ན་སེམས་བསྐྱེད་ཡིན་ལ་སྡོམ་པ་མ་ཡིན་པ་ཡོད་དེ་ཆོ་གས་མ་བསྐྱེད་ཅིང་སྤྱོད་པ་དང་མ་འབྲེལ་བའི་སྨོན་པ་ཙམ་སྐྱེས་པ་ལྟ་བུའོ། །སྔོམ་པ་ཡིན་ལ་སེམས་བསྐྱེད་མ་ཡིན་པ་ནི་མེད་དེ། ཐེག་ཆེན་གྱི་སྡོམ་པ་གང་ཡིན་ལ་སེམས་བསྐྱེད་ཀྱིས་ཁྱབ་པའི་ཕྱིར་རོ། ། ༤ དེ་དག་ཀྱང་ཇི་ལྟར་བླང་ཚུལ། (བཞི་པ་)བླང་ཚུལ་ལ། སོ་སོར་བླང་ཚུལ་དང༌། ཐུན་མོང་དུུ་བླང་ཚུལ་ལོ། ། ① སོ་སོར་བླང་ཚུལ། དང་པོ་ལ་གཉིས་ལས། ༡ སེམས་བསྐྱེད་བླང་ཚུལ། (དང་པོ་)སེམས་བསྐྱེད་བླང་ཚུལ་ནི། ཡུལ་དགེ་བའི་བཤེས་གཉེན་ནམ་རྒྱལ་བ་སྲས་བཅས་མདུན་དུ་དམིགས་པའི་སྤྱན་སྔར། གང་ཟག་བྱང་ཆུབ་ཆེན་པོ་འདོད་པ་རྣམས་ཀྱིས་སྦྱོར་བ་ཡན་ལག་བདུན་པ་ལ་སོགས་པས་རྒྱུད་ཡོངས་སུ་སྦྱངས་ཏེ། དངོས་གཞི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། ། བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིའོ། །ཞེས་པ་ལ་སོགས་པས་བླངས་ནས། མཇུག་ཏུ་སྲོག་གི་ཕྱིར་ཡང་བརྫུན་མི་སྨྲ་བ་དང༌། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང༌། སེམས་ཅན་ལ་ལྷག་པའི་བསམ་པས་གནས་པ་དང༌། གཞན་དག་ཐེག་པ་ཆེན་པོ་ལ་འགོད་པ་སྟེ་དཀར་པོའི་ཆོས་བཞི་བསྟེན་པ་དང༌། བླ་མ་དང་མཆོད་པར་འོས་པ་སླུུ་བ་དང༌། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའ་ལ་སྡང་ཤུགས་ཀྱིས་སྐྱོན་བརྗོད་པ་དང༌། སེམས་ཅན་ལ་གཡོ་སྒྱུས་ཀུན་ཏུ་སྤྱོད་པ་སྟེ་ནག་པོའི་ཆོས་བཞི་སྤོང་བ་དང༌། གཞན་ཡང་བསླབ་བྱ་མཐའ་ཡས་པ་སྲུང་བ་དང༌། བསྡུ་ན་གང་གིས་སེམས་ཅན་ལ་ཕན་པ་ཐམས་ཅད་སྒྲུབ་པ་དང༌། གནོད་པ་ཐམས་ཅད་སྤང་བ་ལ་བསླབ་ཅིང༌། གལ་ཏེ་རྟེན་སྨོན་པ་བཏང་བ་ལ་སོགས་པས་ཉམས་ན་འགྱོད་པས་བཤགས་བསྡམས་བྱས་ཏེ། སླར་ཡང་ཆོ་གས་ཡང་དག་པར་བླངས་ནས་སྲུང་བའོ། ། ༢ སྡོམ་པ་བླང་ཚུལ། (གཉིས་པ་)སྡོམ་པ་བླང་ཚུལ་ནི། ཡུལ། (སྡོམ་པ་ཉི་ཤུ་པར་) བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་པ་ལྟར་དགེ་བའི་བཤེས་གཉེན་ནམ། (བྱང་སར་)དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར། གང་ཟག་(ཇོ་བོས་)སོ་སོར་ཐར་བ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་པ་ལྟར་དག་པའི་རྟེན་ནམ་ལེན་སེམས་དང་སྲུང་སེམས་ཡོད་པ་གཞན་གྱིས་ཀྱང་རུང༌། སྦྱོར་བ་བདུན་རྣམ་དག་དང་སྐྱབས་སུ་འགྲོ་བ་ལ་སོགས་པས་སེམས་སྦྱངས་ཏེ། དངོས་གཞི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་བཞིན་གནས་ལྟར་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པ་ལ་སོགས་པས་བླངས་ནས། མཇུག་ཏུ་མཁྱེན་པར་གསོལ་བ་ལ་སོགས་པ་བྱས་ལ། (བསླབ་བཏུས་སུུ་)རྩ་ལྟུང༌། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་དང༌། དམ་པའི་ཆོས་སྤོང་བ་དང༌། །དགེ་སློང་(ཚུལ་ཁྲིམས་འཆལ་བ་ཡིན་ཡང་)ཆད་པས་གཅོད་ཅིང་རབ་ཏུ་བྱུང་བ་འབེབས་པ་དང༌། མཚམས་མེད་པ་ལྔ་བྱེད་པ་དང༌། ལོག་པར་ལྟ་བ་འཛིན་པ་(རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་)དང༌། གྲོང་(དང་ལྗོངས་དང་གྲོང་ཁྱེར་དང་གྲོང་རྡལ་དང་ཡུལ་འཁོར་)ལ་སོགས་པ་འཇོམས་པ་(བློན་པོ་ལ་འབྱུང་ཉེ་བ་ལྔ་)དང༌། བློ་མ་སྦྱངས་པ་ལ་སྟོང་པ་ཉིད་སྟོན་པ་དང༌། ཐེག་ཆེན་ལ་ཞུགས་པ་ཕྱིར་བཟློག་པ་དང༌། སོ་སོར་ཐར་བ་སྤངས་ཏེ་ཐེག་ཆེན་ལ་སྦྱོར་བ་དང༌། སློབ་པའི་ཐེག་པས་ཆགས་སོགས་སྤོང་བ་མིན་པར་འཛིན་པ་དང༌། རྙེད་བཀུར་གྱི་ཕྱིར་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང༌། རང་ཉིད་ཟབ་མོ་བཟོད་པར་སྨྲ་བ་དང༌། དཀོན་མཆོག་གསུམ་གྱི་དཀོར་སྦྱིན་ཞིང་ལེན་པར་བྱེད་པ་དང༌། བསམ་གཏན་པའི་ལོངས་སྤྱོད་ཁ་ཏོན་པ་ལ་སྦྱིན་པ་(ཕལ་བ་ལ་འབྱུང་ཉེ་བ་བརྒྱད་)ལ་སོགས་སྤོང་ཞིང༌། གལ་ཏེ་ཉོན་མོངས་པའི་དབང་གིས་ལྟུང་བ་བྱུང་ན། (སྡོམ་པ་ཉི་ཤུ་པར་) སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཞེས་པ་ལྟར་རམ། རྨི་ལམ་འཕགས་པ་མཁའ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་པ་ལྟར་སོར་ཆུད་པར་བྱས་ཏེ་སྲུང་བའོ། ། ② ཐུན་མོང་དུ་བླང་ཚུལ། (གཉིས་པ་)ཐུན་མོང་དུ་བླང་ཚུལ་ནི། སློབ་དཔོན་འདིའི་དགོངས་པ་དང་མཐུན་པར་གཞུང་ལས་ཇི་ལྟར་འབྱུང་བ་བཞིན་གཉི་ག་ལྷན་ཅིག་ཏུ་ཡང་དག་པར་བླངས་ཏེ་བསླབ་བྱ་རྒྱ་ཆེན་པོ་རྣམས་ལ་ཡང་ཐུན་མོང་དུ་སློབ་པའོ། །ཁ་ཅིག་དབུ་མ་ལུགས་དང་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཅེས་བྱ་བ་གཉིས་སུ་འབྱེད་པ་ནི་མ་བརྟགས་པ་སྟེ་ཐ་དད་དུ་འདོད་པའི་གཞུང་རྣམས་ཀྱང༌། (འདིའི་འགྲེལ་བ་རྣམས་སུ་སྡོམ་པ་ཉི་ཤུ་བ་ལ་སོགས་པ་ནས་དྲངས་བ་ལྟ་བུུ་)ཕན་ཚུན་གཅིག་ནས་གཅིག་ཏུ་དྲངས་ཤིང་འཆད་པས་ཐེག་པ་ཆེན་པོའི་སེམས་བསྐྱེད་རྣམས་ནི་(ཐུབ་པའི་དགོངས་རྒྱན་དུ་བྱང་ས་དང་སྡོམ་པ་ཉི་ཤུ་བ་དང་འདི་དང་བསླབ་བཏུས་ལ་སོགས་པ་ནས་འབྱུང་བ་རྣམས་ལུགས་གཅིག་ཏུ་བཤད་པ་ལྟ་བུུ་)ལུགས་གཅིག་པ་ཉིད་དུ་སྔོན་ཀྱི་མཁས་པ་རྣམས་ཀྱིས་བཀྲལ་བའི་ཕྱིར་རོ། ། ⒉ དོན་དམ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད། (གཉིས་པ་)དོན་དམ་སེམས་བསྐྱེད་ནི། སངས་རྒྱས་ལ་སོགས་པའི་དགེ་བའི་བཤེས་གཉེན་མཉེས་པར་བྱས་ཏེ་མན་ངག་གི་ལུང་བླངས་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རིམ་པ་ལྟར་བསགས་པ་ལས། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པ་སྟེ། རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་པ་ལྟར་རོ། །དེ་ཡང་མཚན་ཉིད་པ་ནི་ས་དང་པོ་རབ་ཏུ་དགའ་བ་ལ་ཆོས་ཐམས་ཅད་བདག་མེད་པར་མཉམ་པ་ཉིད་དང༌། སེམས་ཅན་ཐམས་ཅད་དེའི་རང་བཞིན་ཅན་ཏུ་མཉམ་པ་ཉིད་དང༌། རང་གཞན་གྱི་སྡུག་བསྔལ་ཐམས་ཅད་སྤང་བར་བྱ་བར་མཉམ་པ་ཉིད་དང༌། སངས་རྒྱས་ཐམས་ཅད་ལ་བདག་ཉིད་དང་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པར་མཉམ་པ་ཉིད་རྟོགས་པ་ལས་ཐོབ་སྟེ། ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་བྱ་བ་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་དགའ་ཁྱད་པར་འཕགས། །ཞེས་པ་ལྟར་རོ། ། ❹ ཕན་ཡོན། (བཞི་པ་)ཕན་ཡོན་ནི། རིན་ཆེན་ཕྲེང་བར། སྐྱེས་བུ་གང་ཞིག་བྱང་ཆུབ་སེམས། །སྐད་ཅིག་ཙམ་ནི་སྒོམ་བྱེད་ན། །དེ་ཡི་བསོད་ནམས་ཕུང་པོ་འདི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཅེས་པ་དང༌། དཔས་བྱིན་གྱིས་ཞུས་པར། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་པ་ལྟར་བསོད་ནམས་བསམ་གྱིས་མི་ཁྱབ་པ་ཐོབ་པ་དང༌། རྒྱན་ལས། བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང༌། །མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་བསྡམས། །གཉིས་འཕེལ་བྱེད་པ་རྟག་ཏུ་དགེ་བ་དང༌། །བརྩེ་ལྡན་བདེ་དང་སྡུག་བསྔལ་དག་གིས་དགའ། །ཞེས་པ་ལྟར་ཉེས་སྤྱོད་སྤོང་བས་ངན་སོང་ལས་གྲོལ་བ་དང༌། དགེ་བ་འཕེལ་བས་བདེ་བ་ལ་སྤྱོད་པ་དང༌། སྙིང་རྗེ་འཕེལ་བས་སྡུག་བསྔལ་གྱིས་ཀྱང་དགའ་བ་ལ་སོགས་མཐའ་ཡས་པ་ཐོབ་སྟེ་རྒྱ་ཆེར་འཆད་པར་འགྱུར་བ་ལྟར་རོ། ། (༢) གཞུང་དོན་ལ་གཉིས། (གཉིས་པ་)གཞུང་དོན་ལ། སེམས་བསྐྱེད་ཀྱི་ཕན་ཡོན་བསྟན་པ་དང༌། ཕན་ཡོན་ཅན་ཇི་ལྟར་བླང་ཚུལ་ལོ། ། ① སེམས་བསྐྱེད་ཀྱི་ཕན་ཡོན་བསྟན་པ། དང་པོ་ལ། ཕན་ཡོན་ཆེན་པོ་འཐོབ་ཚུལ། དེའི་འཐད་པ་སྒྲུབ་བྱེད། རྒྱལ་སྲས་མཆོད་པར་འོས་ཚུལ་ལོ། ། ༡༽ཕན་ཡོན་ཆེན་པོ་འཐོབ་ཚུལ། དང་པོ་ལ། ཐུན་མོང་དུ་བསྟན་པ་དང༌། སྨོན་འཇུག་གི་ཁྱད་པར་རོ། ། ❶ ཐུན་མོང་དུ་བསྟན་པ། དང་པོ་ལ། སེམས་བསྐྱེད་བརྟན་པར་བཟུང་བ། རྒྱལ་བའི་སྲས་པོར་འགྱུར་ཚུལ། ཕན་ཡོན་དཔེ་ཡིས་བསྔགས་པ། ལུང་གི་ཤེས་བྱེད་དགོད་པའོ། ། (༡) སེམས་བསྐྱེད་བརྟན་པར་བཟུང་བ། དང་པོ་ལ་གསུམ་ལས། ⑴ སྡིག་ཆེན་སེལ་བས་བརྟན་པར་བཟུང་བ། (དང་པོ་)སྡིག་ཆེན་སེལ་བས་བརྟན་པར་བཟུང་བ་ནི། དལ་འབྱོར་རྙེད་པར་དཀའ་ཞིང་ཆོས་ཀྱི་བློ་སྐྱེ་བ་ཡང་དཀོན་ལ། སྐྱེས་ཀྱང་ཡུན་རིང་དུ་མི་གནས་པ་དེ་ལྟ་བས་ན། བསོད་ནམས་ཆ་མཐུན་གྱི་དགེ་བ་ནི་གློག་འགྱུ་བ་དང་འདྲ་བར་རེས་འགའ་ཙམ་ཡིན་པས་ཉམས་སྟོབས་ཆུང་བ་ཉིད་ལ་རྟག་ཏུ་གནས་ཤིང༌། སྡིག་པ་མི་དགེ་བ་སྤྲིན་རུམ་གྱི་མུན་ནག་ལྟར་སྟོབས་ནུས་ཆེན་པོས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་སྐྱེད་ཅིང་ཤིན་ཏུ་མི་བཟད་པ་གང་ཡིན་པ་དེ་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་མིན་པ་དགེ་བ་ཕལ་བ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར་ཏེ་མི་འགྱུར་ལ། བྱང་ཆུབ་སེམས་ཀྱིས་ནི་ཟིལ་གྱིས་གནོན་པས་གཟུང་བར་རིགས་ཏེ། ཆོས་བཞི་བསྟན་པ་ལས། རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་དག་སྟོབས་དང་ལྡན་པ་ལ་བརྟེན་པས་སྡིག་པ་རྣམས་ཟིལ་གྱིས་གནོན་པར་འགྱུར་རོ་ཞེས་པ་ལྟར་རོ། ། ⑵ ཕན་བདེ་ཐོབ་པས་བརྟན་པར་བཟུང་བ། (གཉིས་པ་)ཕན་བདེ་ཐོབ་པས་བརྟན་པར་གཟུང་བ་ནི། བསྐལ་པ་གྲངས་མེད་གསུམ་ལ་སོགས་དུ་མར་སེམས་ཅན་ལ་ཕན་པའི་ཐབས་འབའ་ཞིག་རབ་ཏུ་དགོངས་པར་མཛད་པ་ཡི་ཐུབ་དབང་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འདི་ཉིད་ཀྱིས་ཕན་པ་དང་བདེ་བའི་དོན་ཐམས་ཅད་འགྲུབ་པར་གཟིགས་ཏེ་འདིས་ནི་གྲངས་དང༌། ཚད་གཞལ་དུ་མེད་པའི་སྐྱེ་བོའི་ཚོགས་རྣམས་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་མཆོག་ཏུ་གྱུར་བ་རྣམས་ཀྱང་དཀའ་སྤྱད་དྲག་པོ་དང་ངན་ངོན་གྱི་འབད་རྩོལ་ལ་མི་ལྟོས་པར་བདེ་བླག་ཉིད་དུ་ཐོབ་པར་བྱེད་པའི་ཕྱིར་རོ། ། ⑶ འདོད་པ་འགྲུབ་པས་བརྟན་པར་བཟུང་བ། (གསུམ་པ་)འདོད་པ་འགྲུབ་པས་བརྟན་པར་གཟུང་བ་ནི། ཤེས་ལྡན་གང་ཞིག་སྲིད་པ་འཁོར་བར་དམྱལ་བ་ལ་སོགས་པའི་སྡུག་བསྔལ་བརྒྱ་ཕྲག་མང་པོ་གཞོམ་པར་འདོད་ཅིང་དེའི་ཐབས་ལ་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་མི་བདེ་བ་སྐྱེ་རྒ་ན་འཆི་ལ་སོགས་པའི་ཕོངས་པ་འཐའ་དག་བསལ་བར་འདོད་པ་དང་རང་གཞན་ཐམས་ཅད་ཀྱིས་གནས་སྐབས་དང་མཐར་ཐུག་གི་བདེ་བ་མང་པོ་བརྒྱ་ཕྲག་དུ་མ་ལ་ལོངས་སྤྱད་པར་འདོད་པས་ཀྱང་དེ་དག་ངེས་པར་འགྲུབ་པའི་ཐབས་བྱང་ཆུབ་ཀྱི་སེམས་འདི་ཉིད་རྟག་པར་དུས་ཐམས་ཅད་དུ་གཏང་བར་མི་བྱ་སྟེ་གཟུང་བར་བྱའོ། ། (༢) རྒྱལ་བའི་སྲས་པོར་འགྱུར་ཚུལ། (གཉིས་པ་ )རྒྱལ་སྲས་སུ་འགྱུར་ཚུལ་ནི། གང་ལ་བསམ་པ་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་སྐྱེས་པར་གྱུར་ན་སྐྱེས་མ་ཐག་པ་དེའི་སྐད་ཅིག་གིས་སྔར་འཁོར་བའི་བརྩོན་རར་ལས་དང་ཉོན་མོངས་པའི་འཆིང་བས་བསྡམས་པའི་དབང་གིས་སྡུག་བསྔལ་སྣ་ཚོགས་ཀྱིས་ཉམ་ཐག་པའི་སེམས་ཅན་རྣམས་ཀྱང༌། མིང་འཕོས་ནས་བདེ་བར་གཤེགས་པ་རྣམས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པར་བྱ་བར་འགྱུར་ཞིང་དོན་འཕོས་ནས་འཇིག་རྟེན་པ་ལྷ་དང་མི་དང་ལྷ་མིན་དང་བཅས་པ་འགྲོ་བ་མང་པོའི་ཕྱག་དང་མཆོད་པ་དང་བཀུར་སྟི་བྱ་བའི་འོས་སུ་འགྱུར་བའོ། ། (༣) ཕན་ཡོན་དཔེ་ཡིས་བསྔགས་པ་ལ་ལྔ། (གསུམ་པ་)དཔེས་བསྔགས་པ་ལ་ལྔ་ལས། ⑴ གསེར་འགྱུར་གྱི་དཔེས་བསྔགས་པ། (དང་པོ་)གསེར་འགྱུར་གྱི་དཔེས་བསྔགས་པ་ནི། དངུལ་ཆུ་སྨིན་པའི་རིགས་གསེར་འགྱུར་རྩི་ཞེས་བྱ་བ་ཉུང་ངུས་ཡིས་ཀྱང་ལྕགས་མང་པོ་ཞིག་གསེར་བཟང་པོའི་རྣམ་པ་མཆོག་ཏུ་བསྒྱུར་ནུས་པ་ལྟ་བུ་མི་གཙང་བའི་རྫས་མང་པོ་ལས་གྲུབ་པའི་ལུས་འདི་བླངས་ནས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་སྐུ་རྒུད་པ་མཐའ་དག་ལས་སྐྱོབ་ཅིང་དགོས་འདོད་མ་ལུས་པ་རྩོལ་བའི་ཡིད་བཞིན་གྱི་ནོར་བུ་རིན་ཆེན་རིན་ཐང་གཞལ་དུ་མེད་པའི་ཡོན་ཏན་དང་ལྡན་པར་བསྒྱུར་བས་ན། རྩི་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་འདི་རབ་ཏུ་བརྟན་ཞིང་གཡོ་བ་མེད་པར་ཟུངས་ཤིག་ཅེས་པ་སྟེ། མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་སྒྱུར་རོ། །དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བའམ་ལྕགས་སུ་སྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྩི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་ཡེ་ཤེས་ཀྱིས་ཟིན་པས་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པའི་གསེར་གྱི་ཁ་དོག་ཏུ་བྱེད་ཀྱང༌། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྩི་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པ་ཐམས་ཅད་ཀྱིས་ཉོན་མོངས་པའམ་ཟད་པར་བྱ་བར་མི་ནུས་སོ། །ཞེས་པ་ལྟར་རོ། ། ⑵ རིན་པོ་ཆེའི་དཔེས་བསྔགས་པ། (གཉིས་པ་)རིན་པོ་ཆེའི་དཔེས་བསྔགས་པ་ནི། དཔེར་ན་དེད་དཔོན་མཁས་པས་ལེགས་པར་བརྟགས་པའི་ནོར་བུ་ཚོང་པ་རྣམས་ཀྱིས་གཅེས་པར་འཛིན་པ་དེ་བཞིན་དུ་འགྲོ་བ་མཐའ་ཡས་པ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་དེད་དཔོན་མཚུངས་མེད་གཅིག་པུ་རྫོགས་པའི་སངས་རྒྱས་ཀྱི་མཁྱེན་རབ་ཚད་མེད་པ་དང་ལྡན་པའི་བློས། ལེགས་པར་ཡོངས་སུ་བརྟགས་ན་ཡོན་ཏན་གྱི་རིན་ཐང་ཆེན་པོ་དང་ལྡན་པར་མཁྱེན་ཞིང་སངས་རྒྱས་ཀྱིས་བརྟགས་པ་ལ་འཁྲུལ་བ་མི་མངའ་བས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པའི་གནས་འཁོར་བའི་རྒྱ་མཚོ་དང་བྲལ་བར་འདོད་པའི་སེམས་ཅན་རྣམས་ཀྱིས་རྙེད་པར་དཀའ་ཞིང་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལྟ་བུའི་བྱང་ཆུབ་ཀྱི་སེམས་འདི་གུས་པ་ཆེན་པོས་ལེགས་པར་གཡོ་བ་མེད་པས་བརྟན་པར་ཟུངས་ཤིག་ཅེས་པ་སྟེ། མདོ་ལས། སེམས་ཅན་ཐམས་ཅད་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་ཐང་དུ་མི་ཆོག་གོ །ཞེས་པ་ལྟར་རོ། ། ⑶ ལྗོན་ཤིང་གི་དཔེས་བསྔགས་པ། (གསུམ་པ་)ལྗོན་ཤིང་གི་དཔེས་བསྔགས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་གཞན་བྱང་ཆུབ་ཀྱིས་སེམས་ཀྱིས་མ་ཟིན་པ་ཀུན་ནི་ཆུ་ཤིང་ལན་ཅིག་འབྲས་བུ་སྨིན་ན་རྩ་བ་ཟད་དེ་སླར་མི་སྐྱེ་བ་བཞིན་དུ་ནི་རང་རང་གི་འབྲས་བུ་བསྐྱེད་ནས་བསོད་ནམས་ཆ་མཐུན་གྱི་རྣམ་སྨིན་ཕྱུངས་ནས་ཟད་ཅིང༌། ཉན་རང་གི་ཕུང་པོ་ལྷག་མེད་དུ་ཟད་པར་འགྱུར་བ་ཉིད་ཡིན་ལ། བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་ཟིན་པའི་དགེ་བ་ནི་དཔག་བསམ་ལྗོན་ཤིང་གི་འབྲས་བུ་མི་ཟད་ཅིང་འཕེལ་བ་བཞིན་དུ་རྟག་པར་ཡང་འཁོར་བ་ནས་མྱ་ངན་ལས་འདས་པའི་བར་དུས་ཐམས་ཅད་དུ་གནས་སྐབས་འཁོར་ལོས་སྒྱུར་བ་ལ་སོགས་པའི་བདེ་བ་དང་མཐར་ཐུག་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱི་འབྲས་བུ་འབྱིན་པས་ཀྱང་མི་ཟད་ཅིང་གོང་ནས་གོང་དུ་ལྷག་པར་འཕེལ་བར་འགྱུར་རོ་ཞེས་པ་སྟེ། (དཀོན་མཆོག་ཟ་མ་ཏོག་གི་)མདོ་ལས། འཇམ་དཔལ་འདི་ལྟ་ལྟེ་དཔེར་ན་སྤོས་ཀྱི་ཤིང་ལྗོན་པ་སྣ་ཚོགས་ནི་ཁམས་བཞིས་བཟུང་ན་རྣམ་པར་འཕེལ་ལོ། །དེ་བཞིན་དུ་ཚོགས་སྣ་ཚོགས་བསགས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན་རྣམ་པར་འཕེལ་ལོ་ཞེས་པ་ལྟར་རོ། ། ⑷ དཔའ་བོའི་དཔེས་བསྔགས་པ། (བཞི་པ)དཔའ་བོའི་དཔེས་བསྔགས་པ་ནི། མཚམས་མེད་པ་ལ་སོགས་པའི་སྡིག་པ་ཤིན་ཏུ་མི་བཟད་པ་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་བ་ལ་སོགས་པ་བྱས་པ་ཡིན་ན་ཡང་སྲུང་མ་དཔའ་བོ་ལ་བརྟེན་ནས་ལམ་དུ་དགྲའི་འཇིགས་པ་ཆེན་པོ་ལས་ཡུད་ཙམ་གྱིས་སྒྲོལ་བ་ལྟར་བྱང་ཆུབ་ཀྱི་སེམས་གང་ལ་བརྟེན་ནས་རིང་པོ་མི་ཐོགས་པར་ཡུད་ཙམ་གྱིས་སྒྲིབ་པ་ཟད་དེ་སྡུག་བསྔལ་ལས་སྒྲོལ་བར་འགྱུར་བས་གཉེན་པོ་སྟོབས་ཆེན་དེ་ལ་བག་ཡོད་པ་ཅན་གྱི་སྐྱེ་བོ་རྣམས་ཀྱིས་ཅིས་མི་བརྟེན་ཏེ་བརྟེན་པར་རིགས་སོ། །རྒྱ་དཔེ་ལ། དེ་ལ་མི་ཤེས་སྐྱེ་བོས་ཅིས་མི་བརྟེན། །ཞེས་པ་ཡོད་ཅིང༌། འགྲེལ་ཆེན་དུའང༌། མི་ཤེས་པའི་སེམས་ཅན་ཤེས་རབ་དང་བྲལ་བའི་རྨོངས་པ་རྣམས་ཀྱིས་ཅིས་མི་བརྟེན་ཞེས་བཤད་པས་ཐམས་ཅད་ཀྱིས་བརྟེན་པར་རིགས་ཏེ། མདོ་ལས་ཀྱང༌། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བརྟེན་པ་ནི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའྀ་སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བརྟེན་པའི་བྱང་ཆུབ་སེམས་དཔའ་ཡང་ཉེས་པར་སྤྱོད་པའི་དགྲ་བོ་ཐམས་ཅད་ཀྱིས་མི་འཇིགས་སོ། །ཞེས་གསུངས་པའི་ཕྱིར་རོ། ། ⑸ དུས་མཐའི་མེའི་དཔེས་བསྔགས་པ། (ལྔ་པ་)དུས་མཐའི་མེའི་དཔེས་བསྔགས་པ་ནི། ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་དེས་ནི། དུས་ཀྱི་མཐའ་འཇིག་རྟེན་འཇིག་པའི་དུས་སུ་ཉི་མ་བདུན་ཤར་བའི་མེས་བསམ་གཏན་དང་པོ་མན་ཆད་ཀྱི་སྣོད་ཐལ་བ་ཙམ་ཡང་མ་ལུས་པར་སྲེག་པར་བྱེད་པ་དེ་བཞིན་དུ། མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཆེན་པོ་རྣམས་ཀྱང་བཟོད་ཆེན་ཐོབ་པའི་སྐད་ཅིག་གམ་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་གིས་ངེས་པར་སྲེག་པར་བྱེད་ཅིང་རྣམ་སྨིན་རྩ་བ་ནས་འཇོམས་པར་བྱེད་པས། དེ་ལ་བག་ཆགས་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་འདིར་ཡང་གདམས་ཏེ། མདོ་ལས། ཉེས་བྱས་ཐམས་ཅད་སྲེག་བར་བྱེད་པས་སྲེག་པའི་བསྐལ་པའི་མེ་ལྟ་བུའོ་ཞེས་པ་ལྟར་རོ། ། (༤) ལུང་གི་ཤེས་བྱེད་དགོད་པ། (བཞི་པ་)ཤེས་བྱེད་ནི། དེ་དག་ལས་གཞན་ཡང་(གང)བྱང་ཆུབ་ཀྱི་སེམས་དེའི་ཕན་ཡོན་དཔག་ཏུ་མེད་ཅིང་མཐའ་ཡས་པ་དག (གང་གིས་)རྒྱལ་བའི་རྒྱལ་ཚབ་འཕགས་པ་བྱམས་པ་མགོན་པོ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་བློ་གྲོས་དང་ལྡན་པས་(གང་ལ་)ཚོང་དཔོན་གྱི་བུ་གཞོན་ནུ་ནོར་བཟང་འཇམ་དཔལ་གྱི་དྲུང་དུ་སེམས་བསྐྱེད་དེ། བྱང་ཆུབ་ཀྱི་སྤྱོད་པ་ཚོལ་ཞིང་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་བྱམས་པའི་སྤྱན་སྔར་འོངས་པ་ལ་བཤད་དེ། (ཇི་ལྟར་)སྡོང་པོ་བཀོད་པ་ལས། ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི། །ནོར་བཟང་ནོར་རྣམས་རབ་ཏུ་བརྟན་པའི་བུ། །བྱང་ཆུབ་སྤྱོད་པ་དམ་པ་ཡོངས་ཚོལ་ཞིང༌། །མཁས་པ་ང་ཡི་དྲུང་དུ་ལེགས་པར་འོངས། །ཞེས་འཁོར་རྣམས་ལ་གསུངས་ནས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་པའི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་དཀར་བོའི་ཆོས་རྣམ་པར་འཕེལ་བར་བྱེད་བས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རྟེན་པས་ས་ལྟ་བུའོ། །ཞེས་པ་དང༌། དབུལ་བ་ཐམས་ཅད་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །དོན་ཐམས་ཅད་སྒྲུབ་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ་ཞེས་པ་ལ་སོགས་པ་མང་དུ་གསུངས་ནས། ཡོན་ཏན་དེ་དག་དང་ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ་ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་ཡང་དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན་ཞེས་སྦྱར་རོ། ། ❷ སྨོན་འཇུག་གི་ཁྱད་པར། (གཉིས་པ་)ཁྱད་པར་ལ་གསུམ་ལས། ༡ སྨོན་འཇུག་གཉིས་སུ་དབྱེ་བ། (དང་པོ་)སྨོན་འཇུག་གཉིས་སུ་དབྱེ་བ་ནི། དབྱེ་གཞི་ཇི་སྐད་བཤད་པའི་ཕན་ཡོན་ཅན་གྱི་བྱང་ཆུབ་ཀྱི་སེམས་དེ་ལ་རིགས་དང་ས་མཚམས་དང་དཔེ་དང་གྲོགས་ལ་སོགས་པས་ཕྱེ་ན་མང་པོར་འགྱུར་ཡང་མདོར་བསྡུ་ན་དབྱེ་གྲངས་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། རང་གི་ངོ་བོ་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པ་སྨོན་པའི་སེམས་བསྐྱེད་དང་ནི། དེས་ཀུན་ནས་བསླངས་བའི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་བཞིན་པ་འཇུག་པ་སེམས་བསྐྱེད་ཉིད་ཡིན་ནོ། །མདོ་ལས་ཀྱང༌། སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྨོན་པ་དེ་དག་ནི་དཀོན་ནོ། །དེ་བས་ཀྱང་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའིབྱང་ཆུབ་ཏུ་འཇུག་པ་དེ་དག་ནི་ཤིན་ཏུ་ཡང་དཀོན་ནོ། །ཞེས་པ་ལྟར་རོ། ། ༢ དེ་དག་དཔེ་དང་སྦྱར་བ། (གཉིས་པ་)དེ་དག་དཔེ་དང་སྦྱར་བ་ནི། དཔེར་ན་སྐྱེས་བུ་འགའ་ཞིག་མངོན་པར་འདོད་པའི་ཡུལ་དུ་འགྲོ་བར་འདོད་ཅིང་དོན་དུ་གཉེར་བ་དང༌། དེས་ལམ་དུ་ཞུགས་ནས་འགྲོ་བཞིན་པ་དག་ལ་བསམ་པ་དང་སྒྲུབ་པའི་བྱེ་བྲག་ཇི་ལྟར་ཡོད་པ་ཤེས་པ་ལྟར་དེ་བཞིན་དུ་ཤེས་བྱའི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཁས་པས་སྨོན་པ་དང་འཇུག་པ་འདི་གཉིས་ཀྱི་བྱེ་བྲག་ཀྱང་གོ་རིམ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ཆེན་པོར་འགྲོ་བར་འདོད་པ་སྨོན་པ་སེམས་བསྐྱེད་དང༌། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཞུགས་ནས་འགྲོ་བཞིན་པ་འཇུག་པ་སེམས་བསྐྱེད་ཡིན་པར་ཤེས་པར་བྱའོ། ། ༣ འཇུག་པ་ཁྱད་པར་འཕགས་ཚུལ། (གསུམ་པ་)འཇུག་པ་ཁྱད་པར་འཕགས་ཚུལ་ནི། སྒྲུབ་པ་དང་བྲལ་ཡང་བྱང་ཆུབ་ཏུ་སྨོན་པ་ཙམ་གྱི་སེམས་སྐྱེས་པ་ལས་ནི་གནས་སྐབས་འཁོར་བ་ན་སྤྱོད་པའི་ཚེ་ལྷ་དང་མིའི་དབང་ཕྱུག་ཕུན་སུམ་ཚོགས་པ་ཐོབ་པ་ལ་སོགས་པ་འབྲས་བུ་ཆེན་པོ་འབྱུང་ཡང་ཇི་ལྟར་སྒྲུབ་པ་ནན་ཏན་དང་བཅས་པས་སྦྱིན་སོགས་ལ་འཇུག་པའི་སེམས་བཞིན་དུ་བསོད་ནམས་སམ་དགེ་བ་རྒྱུན་ཆགས་པར་མ་ཆད་དུ་འབྱུང་བ་མིན་ལ། འཇུག་པ་སེམས་བསྐྱེད་སྐྱེས་པ་ལས་ནི་དུས་གང་ནས་བཟུང་སྟེ་ཆེད་དུ་བྱ་བ་སེམས་ཅན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པ་རྣམས་ཀུན་ནས་ཉོན་མོངས་པ་གསུམ་གྱི་འཁོར་བ་ལས་རབ་ཏུ་བསྒྲལ་བའི་ཕྱིར། གཞན་དོན་ལས་མི་ལྡོག་པའི་སེམས་ཀྱིས་སུ་འཇུག་པ་སེམས་བསྐྱེད་དེ་ཆོ་གས་ཡང་དག་པར་བླངས་པར་གྱུར་པ་དེང་ནས་བཟུང་སྟེ་གཉིད་ལོག་གམ་སེམས་གཡེངས་པས་བག་མེད་པར་གྱུར་ཏམ་བརྒྱལ་བའམ་ར་རོ་བའམ་འགྲོ་འམ་འགྲེང་ངམ་འདུག་ཀྱང་རུང༌། ཚུལ་ཁྲིམས་གསུམ་ལས་བྱུང་བའི་བསོད་ནམས་ཀྱི་ཤུགས་རྒྱུན་བར་མི་ཆད་པར་རྒྱ་ཆེ་ཞིང་ཟད་མི་ཤེས་པ་དུ་མ་ཞིག་ནམ་མཁའ་དང་མཉམ་པར་རབ་ཏུ་འབྱུང་བའི་ཕྱིར་རོ། ། ༢༽དེའི་འཐད་པ་སྒྲུབ་བྱེད། (གཉིས་པ་)སྒྲུབ་བྱེད་ལ་གཉིས་ལས། ༡ ལུང་གི་སྒྲུབ་བྱེད། (དང་པོ་)ལུང་གི་སྒྲུབ་བྱེད་ནི། གང་འཇུག་པ་སེམས་བསྐྱེད་ལས་བསོད་ནམས་རྒྱུན་ཆགས་པ་འབྱུང་བ་འདི་ནི་འཐད་པ་རྒྱུ་མཚན་དང་བཅས་པར་(གང་ལས་)འཕགས་པ་ལག་བཟང་གིས་ནི་ཞུས་པའི་མདོ་ལས། (གང་གི་ཕྱིར་)ཐེག་པ་དམན་པ་ལ་མོས་པའི་སེམས་ཅན་རྣམས་ཐེག་ཆེན་ལ་སྤྲོ་བ་བསྐྱེད་པའི་དོན་གྱི་ཕྱིར་དང་(གང་གིས་)དེ་བཞིན་ཉིད་དག་པ་གཉིས་ལྡན་དུ་གཤེགས་པ་སངས་རྒྱས་ཉིད་ཀྱིས་གསུངས་ཏེ། ཇི་སྐད་དུ། སེམས་ཅན་གྱི་ཁམས་མཐའ་ཡས་པ་ལ་ཕན་པ་དང་བདེ་བའི་ཕྱིར་གོ་ཆ་བགོས་ན། དེའི་དགེ་བའི་རྩ་བ་མཐའ་ཡས་པ་དག་བག་མེད་པར་གྱུར་ཏམ་སེམས་གཞན་དུ་གྱུར་ཏམ་གཉིད་ཀྱིས་ལོག་པར་གྱུར་ཀྱང་རུང༌། ཉིན་དང་མཚན་དུ་སེམས་ཀྱི་སྐད་ཅིག་ལ་འཕེལ་བ་དང་རྒྱས་པ་དང་ཡོངས་སུ་རྫོགས་པར་འགྱུར་ཏེ། བྱང་ཆུབ་ཀྱི་ཚོགས་མཐའ་ཡས་པ་སྐྱེ་བས་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བར་མི་འགྱུར་ཞེས་པ་ལྟར་རོ། ། ༢ རིགས་པའི་སྒྲུབ་བྱེད། (གཉིས་པ་)རིགས་པའི་སྒྲུབ་བྱེད་ལ། བསོད་ནམས་དཔག་མེད་ཐོབ་ཚུལ་དང༌། ཀུན་ལས་མཆོག་ཏུ་འགྱུར་ཚུལ་ལོ། ། ༡༽བསོད་ནམས་དཔག་མེད་ཐོབ་ཚུལ། དང་པོ་ལ་བཞི་ལས། (དང་པོ་)དམིགས་རྣམ་དཔག་ཏུ་མེད་པས་འཐོབ་ཚུལ་ནི། དཔེ་དང་བཅས་པས་སྟོན་པ་སྟེ། སྔོན་དེད་དཔོན་མཛའ་བོའི་བུ་མོ་ཞེས་བྱ་བས་མའི་མགོ་ལ་རྐང་བས་བསྣུན་ཏེ་རིན་པོ་ཆེ་ལྡོན་{ལེན}དུ་ཕྱིན་པའི་ཚེ་ལས་དེ་མཐོང་བའི་ཆོས་ལ་སྨིན་ནས་ཉི་ཚེ་བའི་སེམས་ཅན་དམྱལ་བའི་ཁང་བར་མགོ་ལ་ལྕགས་ཀྱི་འཁོར་ལོ་མེ་འབར་བ་འཁོར་བའི་སྡུག་བསྔལ་དྲག་པོ་མྱོང་བ་ན་འདི་ལྟ་བུ་མྱོང་བར་འགྱུར་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག་སྙམ་དུ་བསམས་པ་དང་ཤི་འཕོས་ནས་ལྷར་སྐྱེས་པ་ལྟར། དམིགས་ཡུལ་སེམས་ཅན་མའི་མགོ་ལ་གནོད་པར་བྱེད་པ་རྣམས་ཀྱི་ཀླད་པའི་ནད་ཙམ་བསལ་ལོ་སྙམ་དུ་བསམས་ན་ཡང་གཞན་ལ་ཕན་འདོགས་པར་འདོད་པའི་བསམ་པ་དང་ལྡན་པ་དེ་དགའ་ལྡན་དུ་སྐྱེ་བ་ལ་སོགས་པའི་བསོད་ནམས་དཔག་ཏུ་མེད་ཅིང་མཐའ་ཡས་པ་དང་ལྡན་པར་འགྱུར་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཚད་མེད་པ་རེ་རེའི་མི་བདེ་བ་སྡུག་བསྔལ་དཔག་ཏུ་མེད་པ་རྣམས་མ་ལུས་པར་བསལ་བར་འདོད་ཅིང༌། དེ་དག་རེ་རེ་འང་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཉིད་དུ་སྒྲུབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་ལས་བསོད་ནམས་མཐའ་ཡས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། ། (གཉིས་པ་)ཕན་སེམས་མཆོག་ཏུ་གྱུར་པས་འཐོབ་ཚུལ་ནི། འཇིག་རྟེན་སོ་སོ་ལ་ཕན་པར་སེམས་པའི་ཕའམ་ཡང་ན་མ་དང་སྤུན་ཟླ་དང་མཛའ་བཤེས་ལ་ཡང་རུང་གང་ཟག་སུ་ལ་སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོ་ལ་དགོད་པར་འདོད་པ་འདི་འདྲ་བའི་ཕན་སེམས་ཡོད་དེ་མེད་ཅིང༌། ཐུན་མོང་དུ་ཕན་པར་སེམས་པ་འཇིག་རྟེན་སྐྱོང་བའི་ལྷ་དང་བདེན་པར་སྨྲ་བའི་དྲང་སྲོང་རྣམས་ཀྱང་རུང་ཚད་མེད་པ་བཞི་ལ་སྦྱངས་ཤིང་ཐམས་ཅད་ཀྱི་མེས་པོར་འདོད་པའི་ཚངས་པ་ལ་ཡང་ཕན་སེམས་འདི་ལྟ་བུ་ཡོད་དམ་སྟེ་མེད་དོ། །དེའི་རྒྱུ་མཚན་ཡང་སེམས་ཅན་ཕལ་བ་དེ་དག་ཉིད་ལ་སྔོན་ཆད་རང་གི་དོན་དུའང་འདི་འདྲ་བའི་སེམས་ཁྱད་པར་ཅན་ཐ་ན་རྨི་ལམ་དུ་ཡང་མ་རྨིས་ཤིང་སྐྱེ་མ་མྱོང་ན། གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སད་པའི་གནས་སྐབས་ན་ག་ལ་སྐྱེ་སྟེ་ཤིན་ཏུ་སྐྱེ་བ་དཀའ་བའི་ཕྱིར་རོ། རྒྱན་ལས་ཀྱང༌། ཇི་ལྟར་རྒྱལ་སྲས་ཕན་པའི་བསམ་པས་འདིར། །འགྲོ་ཀུན་རྣམ་པར་ སྨིན་བྱེད་གནས་པ་ལྟར། །དེ་བཞིན་ཕ་དང་མ་དང་གཉེན་བཤེས་རྣམས། །བུ་དང་གཉེན་པ་རྣམས་ལ་ལེགས་མི་གནས། །ཞེས་པ་ལྟར་རོ། ། (གསུམ་པ་)རྨད་བྱུང་དགེ་བ་ཡིན་པས་འཐོབ་ཚུལ་ནི། གང་ཟག་གཞན་དག་ལ་གཞན་དོན་དུ་ལྟ་ཞོག་རང་གི་དོན་དུའང་མི་འབྱུང་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སེམས་གང་ཡིན་པ། སེམས་ཅན་སུའི་རྒྱུད་ལ་སྐྱེས་པ་དེ་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ཁྱད་པར་དུ་འཕགས་པ་དང་མཚུངས་པར་འགྱུར་བ་འདི་ནི་སེམས་ཅན་གཞན་ལ་སྔ་རོལ་ན་མེད་པའི་རྨད་དུ་བྱུང་བའི་ཁྱད་པར་ཅིག་བྱང་ཆུབ་སེམས་དཔའ་ལ་འཁྲུངས་པ་ཡིན་པས་ཕན་ཡོན་ཆེན་པོ་ཐོབ་པར་ངེས་སོ། ། (བཞི་པ་)བྱེད་ལས་ཕུལ་དུ་བྱུང་བས་འཐོབ་ཚུལ་ནི། འགྲོ་བ་མ་ལུས་པ་ཀུན་གྱི་འཕྲལ་དང་ཡུནདུ་དགའ་བ་དང་བདེ་བ་འབྱུང་བའི་རྒྱུ་བྱེད་ཅིང༌། སེམས་ཅན་རྣམས་ཀྱི་འཁོར་བ་དང་ངན་སོང་གྀ་སྡུག་བསྔལ་གྱི་ནད་མཐའ་དག་སེལ་བའི་སྨན་ཆེན་པོའམ་རྩིར་གྱུར་པ་རྒུད་པ་ཐམས་ཅད་སེལ་བའི་ནོར་བུ་རིན་ཆེན་ལྟ་བུ་བྱང་ཆུབ་ཀྱི་སེམས་ཀྱི་བསོད་ནམས་གང་ཡིན་པ་དེ་ལ་རྟགས་དང་དཔེ་དང་གྲངས་ལ་སོགས་པས་ཇི་ལྟར་གཞལ་གྱིས་ལང་སྟེ་མི་ལང་བས་ནམ་མཁའ་ལྟར་མཐའ་ཡས་པའི་ཕན་ཡོན་ཐོབ་ཅེས་པའོ། ། ༢༽ཀུན་ལས་མཆོག་ཏུ་འགྱུར་ཚུལ། (གཉིས་པ་)མཆོག་ཏུ་འགྱུར་ཚུལ་ལའང་བཞི་ལས། (དང་པོ་)མཆོད་པ་ཀུན་ལས་མཆོག་ཏུ་འགྱུར་ཚུལ་ནི། སྦྱོར་བ་དང་བྲལ་ཡང་བྱམས་པའི་སེམས་ཀྱིས་སེམས་ཅན་ལ་ཕན་པར་བསམས་པ་ཙམ་གྱིས་ཀྱང༌། ཟླ་བ་སྒྲོན་མར། མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པས། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམས་སྙེད་ཀྱི། །རྒྱལ་བ་རྣམས་ལ་མཆོད་པ་བྱས་བས་ཀྱང༌། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་པ་ལྟར་སངས་རྒྱས་དཔག་ཏུ་མེད་པ་ལ་མཆོད་པ་མཐའ་ཡས་པ་བྱས་པ་ལས་ཀྱང་ཁྱད་པར་དུ་འཕགས་པར་གསུངས་ན། ནམ་འཁའ་དང་མཉམ་པའི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཆེན་པོ་སྒྲུབ་པའི་དོན་དུ་སྦྱོར་བས་བརྩོན་པས་འཇུག་པ་ལ་བསོད་ནམས་ཁྱད་པར་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དཔེས་བྱིན་གྱིས་ཞུས་པར་ཡང༌། གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་བདུན་གྱིས་ཡོངས་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ན། །མཆོད་པ་འདི་ནི་ཁྱད་འཕགས་ཏེ། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་པ་ལྟར་རོ། ། (གཉིས་པ)དགེ་བ་ཀུན་ལས་མཆོག་ཏུ་འགྱུར་ཚུལ་ནི། སེམས་ཅན་བླུན་པོ་རྣམས་སྡུག་བསྔལ་འདོར་བར་འདོད་པའི་སེམས་ཡོད་ཀྱང་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་ཞི་བའི་དོན་དུ་སྲོག་གཅོད་ལ་སོགས་པའི་མི་དགེ་བ་བྱས་ནས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉིད་ལ་ཕྱེ་མ་ལེབ་མར་མེ་ལ་མཆོངས་བ་བཞིན་མངོན་པར་རྒྱུག་ཅིང༌། དེ་བཞིན་དུ་བདེ་བའི་ཁྱད་པར་ཐོབ་པར་འདོད་པའི་བློ་ཡོད་ཀྱང་དེའི་ཐབས་ལ་རྨོངས་ཤིང་གཏི་མུག་པས། མི་དགེ་བ་སྣ་ཚོགས་ལ་ཞུགས་ཏེ་རང་གི་བདེ་བ་དགྲ་བོ་མཐོང་བ་ལྟར་འཇོམས་པར་བྱེད་དོ། །དེ་བས་ན་དམན་པ་གང་ཞིག་བདེ་བ་རྒྱུ་དང་བཅས་པས་ཕོངས་ཤིང་དབུལ་བ་དང་སྡུག་བསྔལ་རྒྱུ་དང་བཅས་པ་མང་པོ་དང་ལྡན་ཞིང་ཉམ་ཐག་པ་དེ་དག་ལ། བྱམས་པས་མཐོ་རིས་དང་ཐར་བའི་བདེ་བ་ཀུན་གྱིས་ཚིམ་པར་བྱེད་པ་དང༌། སྙིང་རྗེས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་རྒྱུན་གཅོད་པར་བྱེད་ཅིང༌། ཤེས་རབ་ཀྱིས་བླང་དོར་གྱི་གནས་བསྟན་ནས་གཏི་མུག་ཀྱང་སེལ་བར་བྱེད་པའི་ཀུན་སློང་བྱང་ཆུབ་ཀྱི་སེམས་དེ་དང་དགེ་བ་སྟོབས་མཚུངས་གཞན་ག་ལ་ཡོད་དེ་མེད་ལ། དེ་དང་འདྲ་བའི་ཡིད་ཆེས་པའི་བཤེས་སམ་གྲོགས་ཀྱང་ག་ལ་ཡོད་དེ་མེད་ཅིང༌། སེམས་ཅན་ལ་ཕན་འདོགས་པའི་བསོད་ནམས་ཀྱི་ཚོགས་དེ་འདྲ་བའང་གཞན་ག་ལ་ཡོད་དེ་མཉམ་པ་མེད་དོ། ། (གསུམ་པ་)བསྔགས་འོས་ཀུན་ལས་མཆོག་ཏུ་འགྱུར་ཚུལ་ནི། སྔར་ཕན་བཏགས་པ་ལ་འདིས་བདག་ལ་ཕན་བཏགས་སོ་ཞེས་ཕན་པའི་ལན་ལྡོན་པའི་གང་ཟག་གང་ཡིན་པ་དེ་ཡང་རེ་ཞིག་འཇིག་རྟེན་ན་རིགས་པ་བྱེད་པའོ་ཞེས་བསྟོད་ཅིང་བསྔགས་པར་འོས་ན། སྔར་ཕན་བཏགས་པའི་ལན་མེད་ཅིང་གཞན་གྱིས་མ་བཅོལ་ཡང་སྙིང་རྗེས་སེམས་ཅན་ཐམས་ཅད་ལེགས་ཤིང་དགེ་བ་ལ་སྦྱར་ནས་ལན་དང་རྣམ་པར་སྨིན་པ་ལ་མི་རེ་བར་ཕན་འདོགས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་དང་ལྡན་པ་གང་ཡིན་པ་དེ་བསྟོད་ཅིང་ཕྱག་འཚལ་བ་དང་མཆོད་ཅིང་བསྔགས་པར་འོས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ།