། གཉིས་པ། དོན་ཆེན་སྒྲུབ་པ་སྤྱིའི་ཕྱག (གཉིས་པ་)སྤྱིའི་ཕྱག་ནི། གང་ཟག་དམ་པ་རྣམས་བྱ་བ་དམ་པ་ལ་འཇུག་པའི་སྔོན་དུ་དེ་མཐར་ཕྱིན་པར་བྱ་བའི་ཕྱིར་ཡུལ་དམ་པ་ལ་འདུད་པ་ཡིན་ལ། འདིར་ཡང་བསྟན་འཆོས་རྩོམ་པ་དང་སྒྱུར་བ་པོ་དང་ཡི་གེ་པ་དང་འཆད་ཉན་པ་ལ་སོགས་པ་གཞུང་ལུགས་ལ་འཇུག་པ་རྣམས་ཀྱིས་དེ་དང་་དེའི་སྔོན་དུ་དགོས་པ་ཁྱད་པར་ཅན་དེ་དག་གྲུབ་པར་བྱ་བའི་ཕྱིར། ཡུལ་བླ་ན་མེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དེ་ཡང༌། (སྐྱབས་གསུམ་བདུན་ཅུ་པར་)མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་ཞེས་བྱ་འོ། ། ཞེས་པ་ལྟར་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་ཤིང་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་མཐའ་དག་མངོན་སུམ་དུ་རྟོགས་པ་རྫོགས་པའི་སངས་རྒྱས་དང༌། (རྒྱན་ལས་)འདོད་ལ་མ་ཆགས་(སྦྱིན་པ་དང་) ལས་གསུམ་རྣམ་པར་དག(ཚུལ་ཁྲིམས་དང་)། ཁྲོ་བ་ཟིལ་གནོན་(བཟོད་པ་དང་)ཡོན་ཏན་མཆོག་ལྷུར་ལེན(བརྩོན་འགྲུས་དང་)། །ཆོས་ལ་མི་གཡོ་(བསམ་གཏན་དང་)དེ་ཉིད་ཟབ་མོ་མཐོང་(ཤེས་རབ་ཀྱིས་)། །བྱང་ཆུབ་(ཆེན་པོ་ལ་)དགའ་ལྡན་ (ནི་)བྱང་ཆུབ་སེམས་དཔའ་ཡིན། །ཞེས་པ་ལྟར་བྱང་ཆུབ་ཀྱི་ཆེད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་སྙིང་སྟོབས་དང་ལྡན་པའི་སེམས་དཔའ་ཆེན་པོ་ཐམས་ཅད་ལ་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ་ལོ་ཞེས་པའི་དོན་ཏོ། །འདི་ལ་ཁ་ཅིག་ཐམས་ཅད་མཁྱེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཇམ་དཔལ་གཞོན་ནུར་གྱུར་པ་རྣམས་ལ་ཕྱག་འཚལ་བས་རིམ་པ་ལྟར་འདུལ་བ་དང་མདོ་སྡེ་དང་མངོན་པའི་སྡེ་སྣོད་རྣམས་སུ་མཚོན་ནོ་ཞེས་ཀྱང་གསུངས་མོད། སྔོན་དེ་ལྟར་བཀས་བཅད་པ་སྲིད་ཀྱང༌། ད་ལྟ་ངེས་པ་མེད་དེ་སྒྱུར་བ་པོ་རང་དད་པའི་ལྷ་དང༌། རྒྱུད་དང་སྒྲུབ་ཐབས་ཕལ་ཆེར་བར་བརྗོད་བྱ་དང་མཐུན་པར་ཕྱག་འཚལ་བའི་ཕྱིར་རོ། ། གསུམ་པ། དོན་མཆོག་སྒྲུབ་པའི་བསྟན་བཅོས་དངོས། (གསུམ་པ་)བསྟན་འཆོས་དངོས་ལ། ཐོག་མར་རྩོམ་པ་ལ་འཇུག་ཚུལ། འཇུག་བྱ་བསྟན་འཆོས་ཀྱི་རང་བཞིན། ཞུགས་པ་མཐར་ཕྱིན་པའི་བྱ་བའོ། ། ༼༡༽ཐོག་མར་རྩོམ་པ་ལ་འཇུག་ཚུལ། དང་པོ་ལ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ། བརྩམས་པའི་དགོས་པའོ། ། ༡༽མཆོད་པར་བརྗོད་པ། (དང་པོ་)མཆོད་བརྗོད་ལ་དགོས་པ་གང་གི་དོན་དུ་ཞེ་ན། སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་དང་བའི་དད་པ་ལ་བརྟེན་ནས་ཀྱང་ལམ་དང་གཞུང་ལ་འཇུག་པར་འགྱུར་བ་དང༌། ཡུལ་དམ་པ་ལ་ཕྱག་བྱས་པ་ཙམ་གྱིས་ཀྱང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་འཐོབ་པ་སྟེ། (སངས་རྒྱས་མང་བྱེད་ཀྱི་)མདོ་ལས། གང་ཞིག་རྒྱལ་བ་རྣམ་འདྲེན་ལ། །བྱ་བ་ཆུང་ངུུ་འང་བྱེད་གྱུར་པ། །དེས་ནི་མཐོ་རིས་སྣ་ཚོགས་དག །བགྲོད་ནས་( ཨ་མྲྀ་ཏ་བདུད་རྩི་འམ་)འཆི་མེད་གོ་འཕང་འཐོབ། །ཅེས་པ་ལྟར་རོ༑ ༑གང་ཟག་གང་གིས་ཞེ་ན། རྩོམ་པ་པོ་རྗེས་འཇུག་དང་བཅས་པ་རྣམས་ཀྱིས་སོ། །ཡུལ་གང་ལ་ཞེ་ན། འཁོར་བའི་སྡུག་བསྔལ་མ་ལུས་པ་སྤངས་ཤིང་ཟག་པ་མེད་པའི་བདེ་བ་ཆེན་པོ་རྟོགས་པའི་ངང་དུ་གཤེགས་པ་ནི་སངས་རྒྱས་དཀོན་མཆོག་ཡིན་ལ། དེའང་ཆོས་ཀྱི་དབྱིངས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སོ་སོ་རང་རིག་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པས་རང་དོན་ཕུན་སུམ་ཚོགས་པ་གྲུབ་ཅིང༌། དེ་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པར་མཁྱེན་ནས་ཐུགས་རྗེ་ཆེན་པོས་ལམ་སྟོན་ཅིང་སྡུག་བསྔལ་དང་ཉོན་མོངས་པ་སྤོང་བར་ནུས་པ་གཞན་དོན་ཕུན་སུམ་ཚོགས་བའང་གྲུབ་པས་དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པ་སྟེ། རྒྱུད་བླ་མར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་པ་ལྟར་རོ། །དེ་ལ་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་བ་ཉིད་མངོན་སུམ་དུ་གྱུར་པའང་མངའ་བ་ནི་ཆོས་དཀོན་མཆོག་ཡིན་ལ། དེ་ཡང་གང་ཞིག་འདོད་ཆགས་དང་བྲལ་བ་འགོག་པའི་བདེན་པ་བསམ་གྱིས་མི་ཁྱབ་ཅིང་ལས་དང་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཞི་བ་མཐར་ཐུག་པ་ཡིན་ཞིང༌། དེ་ལ་གང་གིས་འདོད་ཆགས་དང་བྲལ་བ་ལམ་གྱི་བདེན་པ་དྲི་མས་དག་ཅིང་ཡེ་ཤེས་ཀྱི་སྣང་བ་གསལ་བ་ཅན་ཀུན་ནས་ཉོན་མོངས་པའི་གཉེན་པོར་གྱུར་པ་མཐར་ཐུག་པ་དང་ཡང་ལྡན་པ་སྟེ། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པ་ལྟར་རོ། །སངས་རྒྱས་ཀྱི་ཐུགས་ལས་འཁྲུངས་པའི་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་དགེ་འདུན་དཀོན་མཆོག་ཡིན་ལ། དེའང་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གཟིགས་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་དང་ལྡན་པས་ཐེག་ཆེན་འཕགས་པ་ཕྱིར་མི་ལྡོག་པའི་ཡོན་ཏན་དང་ལྡན་པ་སྟེ། ཇི་ལྟར་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པས་ན། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་པ་ལྟར་རོ། །དེ་དང་བཅས་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ནི་ལུས་ཅན་ཐམས་ཅད་ཀྱི་སྐྱབས་གནས་མཆོག་ཏུ་གྱུར་པ། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་པ་ལྟ་བུ་དང༌། དེར་མ་ཟད་ཡོན་ཏན་དང་ལྡན་ཞིང་ཕན་འདོགས་པ་ལ་སོགས་པས་ཕྱག་བྱ་བའི་འོས་སུ་གྱུར་པ་ཉན་ཐོས་དང་རང་སངས་རྒྱས་དང་མཁན་པོ་དང་སློབ་དཔོན་དང་སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པ་ཀུན་ལའང་ཞེས་པའོ། །ཚུལ་ཇི་ལྟར་ཞེ་ན། ལུས་གུས་པས་འབུལ་ཞིང་འདུད་པ་དང༌། ངག་གུས་པས་བསྟོད་པའི་ཚིག་བརྗོད་པ་དང༌། ཡིད་གུས་པས་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཕྱག་འཚལ་ཞིང་ཞབས་ལ་གུས་པས་བཏུད་དེ་ཞེས་པའོ། ། ༢༽བརྩམ་པར་དམ་བཅའ་བ། (གཉིས་པ་)དམ་བཅའ་ལའང་དགོས་པ་གང་གི་དོན་དུ་སྙམ་ན། བརྩམ་པར་དམ་བཅའི་ངག་སྔོན་དུ་སྨོས་པས་སྐྱེས་བུ་དམ་པ་རྣམས་དམ་བཅས་པའི་ཁུར་མི་འདོར་བའི་ཕྱིར་རྩོམ་པ་མཐར་ཕྱིན་པར་འགྱུར་པ་སྟེ། བརྒྱད་སྟོང་འགྲེལ་བར། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང༌། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་པ་ལྟར་རོ། །བརྗོད་པར་བྱ་བ་གང་ཞིག་སྙམ་ན། བདེ་བར་གཤེགས་པ་སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་སྔོན་དུ་སོང་བའི་སྡོམ་པ་མི་དགེ་བ་སྤོང་བ་དང་དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཉམས་སུ་བླང་བའི་ཚུལ་ལ་འཇུག་པ་ནི་ཞེས་པའོ། །ཅི་སྟེ་རང་དགར་བརྗོད་དམ་སྙམ་ན་མ་ཡིན་ཏེ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི་དབང་བྱས་ཞེས་པ་ལྟར་ཐེག་པ་ཆེན་པོའི་ལུང་རྣམ་དག་ལས་འབྱུང་བ་ཇི་ལྟ་བ་བཞིན་དུ་བརྗོད་པའི་ཕྱིར་རོ། །འོ་ན་ལུང་ཉིད་ཀྱིས་ཆོག་མོད་སྙམ་ན། མདོ་སྡེ་སྣ་ཚོགས་ལས་ཚིག་ཤིན་ཏུ་རྒྱས་པར་བཤད་པ་རྣམས་བློ་དང་བརྩོན་འགྲུས་ཞན་པ་དག་གིས་གཟུང་བར་མི་ནུས་པས། དོན་ཚང་ལ་མ་ནོར་བར་མདོར་བསྡུས་ནས་ནི་བརྗོད་པར་བྱ་སྟེ་གཞུང་ཉུང་ངུས་དོན་རྒྱ་ཆེན་པོ་བདེ་བླག་ཏུ་རྟོགས་པར་བྱེད་པའི་ཕྱིར་རོ། ། ༣༽བརྩམས་པའི་དགོས་པ། (གསུམ་པ་)དགོས་པ་ལ་གསུམ་ལས། ༡ གཞན་དོན་འགྲུབ་པར་དཀའ་ཚུལ། (དང་པོ་)གཞན་དོན་འགྲུབ་པར་དགའ་ཚུལ་ནི། སྔོན་ཆད་ལུང་རྣམ་དག་རྣམས་ལས་མ་བྱུང་བའི་དོན་ལྷག་པོ་འགའ་ཡང་གཞུང་འདིར་བརྗོད་པར་བྱར་མེད་ཅིང༌། དེར་མ་ཟད་ཚིག་རྒྱན་སྣ་ཚོགས་ཀྱིས་མཛེས་པའི་སྙན་ངག་དང་ཡི་གེ་ཡང་ཐད་ཀར་འགོད་པ་ལ་སོགས་པའི་སྡེབ་སྦྱོར་གཞན་ལས་མཆོག་ཏུ་གྱུར་པའི་མཁས་པའང་བདག་ལ་ཡོད་པ་མིན་ཏེ། རྒྱུ་མཚན་དེ་དག་གི་ཕྱིར་གཞན་མང་པོ་དགའ་ནས་འཇུག་པའི་དོན་དུ་བྱའོ་སྙམ་པའི་བསམ་པ་བདག་ལ་མེད་ཅེས་ཚིག་དང་དོན་ལ་མཁས་པའི་ང་རྒྱལ་སྤངས་ནས་དུལ་པར་སྟོན་པའོ། ། ༢ རང་དོན་གཙོ་བོར་བསྟན་ཚུལ། (གཉིས་པ་)རང་དོན་གཙོ་བོར་སྟོན་ཚུལ་ནི། གཞན་མང་པོ་མགུ་བར་དགའ་བ་དེ་ལྟ་ན་ཡང་རང་གི་ཡིད་ལ་བསམ་པ་བྱང་ཆུབ་ཀྱི་སེམས་དང་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་ཞིང་ཉམས་སུ་བླང་བའི་ཕྱིར་ངས་གཞུང་འདི་བརྩམས་ཞེས་ཐུགས་ཡུལ་དུ་བརྩམས་ཟིན་པའོ། །རང་དོན་དུ་བརྩམ་མི་དགོས་ཏེ་བློ་ཡུལ་དུ་ཤར་བས་ཆོག་མོད་སྙམ་ན་ཚོགས་གཉིས་ཀྱི་དགེ་བ་བསྒོམ་ཞིང་འདྲིས་པར་བྱ་བའི་ཕྱིར་བདག་གི་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་དང་ཡོན་ཏན་ཅན་ལ་དང་བའི་དད་པ་དང་ནུས་པ་ལ་འདོད་པའི་དད་པའི་ཤུགས་རྣམས་གཞུང་ཡི་གེར་བཀོད་པ་འདི་དག་མཐོང་བའི་དབང་གིས་ཀྱང་རེ་ཞིག་གོང་ནས་གོང་དུ་འཕེལ་བར་འགྱུར་ལ། དེ་བཞིན་དུ་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པ་རིམ་གྱིས་འཕེལ་བ་ལས་རྣམ་པར་གྲོལ་བ་ཐོབ་པའི་ཆེད་དུའོ། ། ༣ སྐལ་མཉམ་གཞན་ལའང་ཕན་ཚུལ། (གསུམ་པ་)སྐལ་མཉམ་གཞན་ལའང་ཕན་ཚུལ་ནི། རེ་ཞིག་དང་པོར་རང་དོན་གྲུབ་པར་མ་ཟད་བདག་དང་རིགས་དང་ཡོན་ཏན་ལ་སོགས་པའི་སྐལ་བ་མཉམ་པ་གཞན་དག་གིས་ཀྱང་ཅི་སྟེ་གཞུང་འདི་དག་མཐོང་ཞིང་རྟོགས་ནས་དོན་ཉམས་སུ་བླངས་ན་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་ཡོད་པར་འགྱུར་བས་གདུལ་བྱར་གྱུར་བ་རྣམས་ཀྱིས་ཀྱང་སྤྲོ་བས་འཇུག་པར་རིགས་སོ་ཞེས་པའོ། ། འདི་དག་གིས་ནི་དགོས་འབྲེལ་བཞི་ཡང་བསྟན་པས་དེ་འཆད་པ་ན། དགོས་འབྲེལ་བཀོད་པའི་དགོས་པ། དགོས་འབྲེལ་སོ་སོའི་ངོ་བོ། ཐ་དད་གྲངས་ངེས་དཔྱད་པ། གཞུང་གིས་ཇི་ལྟར་བསྟན་ཚུལ་ལོ། ། (དང་པོ་)དགོས་པ་ནི། དགོས་འབྲེལ་གྱི་སྐབས་སྔོན་དུ་བྱས་ནས་བསྟན་འཆོས་བརྩམས་པས་གཞུང་གི་བཀོད་པ་མཛེས་པར་འགྱུར་བ་དང༌། མཁས་པ་སྔ་མ་རྣམས་ཀྱི་ཚུལ་རྗེས་སུ་བསྐྱང་བའི་དོན་དང༌། ངག་ལས་བསྟན་བཅོས་ལ་དགོས་སོགས་ཆོས་བཞི་ཡོད་པར་རྟོགས་ཤིང༌། དེའང་དབང་པོ་རྟུལ་པོས་ཡིད་ཆེས་པའི་ཚུལ་གྱིས་རྟོགས་ལ། རྣོན་པོས་དོན་འགྱུར་ཐེ་ཚོམ་གྱི་ཚུལ་གྱིས་རྟོགས་ནས་འཇུག་པ་ལ་སོགས་པའི་དོན་དུའོ། ། (གཉིས་པ་)སོ་སོའི་ངོ་བོ་ལ་གསུམ་ལས། (དང་པོ་)བདེན་ཚིག་ཙམ་ལ་ཡོད་པའི་དགོས་འབྲེལ་བཞི་ནི། དོན་དང་མཐུན་པའི་ངག་གང་ཡིན་པ་དེས་བསྟན་པར་བྱ་བ་ནི་བརྗོད་བྱ་དང༌། དེ་ལས་དེའི་དོན་རྟོགས་པ་ནི་དགོས་པ་དང༌། རྟོགས་ནས་དགཽས་པ་གཞན་ཡང་རིམ་གྱིས་འགྲུབ་པ་ནི་ཉིང་དགོས་དང༌། དེ་དགོས་པ་ལས་བྱུང་ཞིང་དགོས་པ་བདེན་ཚིག་ལས་བྱུང་བ་ནི་འབྲེལ་བའོ། ། (གཉིས་པ་)དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་བཞི་ནི། ངག་གིས་བསྟན་པར་བྱ་བ་བསྟན་འཆོས་ལ་ཡོད་པའི་དགོས་པ་ལ་སོགས་པ་ཆོས་བཞི་ནི་བརྗོད་བྱ་དང༌། ངག་ལས་བསྟན་འཆོས་ལ་ཆོས་བཞི་ཡོད་པར་རྟོགས་པ་ནི་དགོས་པ་དང༌། དེ་ལས་རྟོག་ལྡན་བསྟན་འཆོས་ལ་སྤྲོ་བས་འཇུག་པ་ནི་ཉིང་དགོས་དང༌། བསྟན་འཆོས་ལ་འཇུག་པ་དགོས་སོགས་ཡོད་པར་རྟོགས་པ་ལས་བྱུང་ཞིང༌། དེ་ཡང་དགོས་འབྲེལ་གྱི་ངག་ལས་བྱུང་བ་ནི་འབྲེལ་བའོ། ། (གསུམ་པ་)བསྟན་འཆོས་ལུས་ལ་ཡོད་པའི་དགོས་འབྲེལ་བཞི་ནི། གཞུང་འདིས་བསྟན་པར་བྱ་བ་ཐེག་ཆེན་གྱི་བསམ་སྦྱོར་ཕུན་སུམ་ཚོགས་པ་ནི་བརྗོད་བྱ་དང༌། འདི་ལས་དེ་དག་གི་དོན་ཚུལ་བཞིན་དུ་རྟོགས་ཤིང་མཁས་པ་ནི་དགོས་པ་དང༌། རྟོགས་པ་ལྟར་བླང་དོར་ཉམས་སུ་བླངས་བས་ལུང་དང་རྟོགས་པའི་ཡོན་ཏན་འཕེལ་ནས་མཐར་ཐུག་བྱང་ཆུབ་ཆེན་པོ་ཐོབ་པ་ནི་ཉིང་དགོས་དང༌། དེ་དག་ཀྱང་མཁས་པ་ལས་བྱུང་ཞིང་མཁས་པའང་བསྟན་འཆོས་ལས་བྱུང་བ་ནི་འབྲེལ་བའོ། ། (གསུམ་པ་)ཐ་དད་བརྟག་པ་ནི། བརྗོད་བྱའི་ཁོངས་སུ་གཞན་གསུམ་ཡང་འདུ་བས་ཐམས་ཅད་བརྗོད་བྱ་ཙམ་དུ་ནི་ངོ་བོ་གཅིག་ལ། སྔར་བསྟན་པ་ལྟར་གང་ལས་གང་འབྱུང་བ་རྒྱུ་འབྲས་ཀྱི་ཆ་གང་ཡིན་པ་དེ་དག་ནི་ཐ་དད་པ་ཉིད་དོ། ། (བཞི་པ་ )གྲངས་ལ་དཔྱད་པ་ནི། འགྲེལ་ཆེན་མང་པོར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་འབྲེལ་བ་དང་དགོས་པ་དང་དགོས་པའི་དགོས་པ་སྟེ་སྔར་གསུངས་པས་དངོས་པོ་ལ་གྲུབ་པའི་གྲངས་དང་གོ་རིམས་ངེས་པ་ནི་མེད་ཅིང་དེ་དག་གི་འབྲེལ་བའང་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བར་གསུངས་ལ། དགོས་འབྲེལ་གྱི་ངག་བཞིར་བསྟན་པ་ནི་འགའ་ཞིག་གི་བློ་ཡུལ་དུ་བསྟན་འཆོས་ལ་འཇུག་པའི་གེགས་བརྗོད་བྱ་ལ་སོགས་པ་བཞི་མེད་དོ་ཞེས་འཛིན་པའི་ལོག་རྟོག་བཞི་སྐྱེ་སྲིད་པས་དེ་དག་སེལ་བ་ལ་བཀོད་པའོ། ། (བཞི་པ་)གཞུང་གིས་བསྟན་ཚུལ་ནི། བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི་ཞེས་པས་བརྗོད་བྱ་བསྟན་ཞིང༌། རང་གི་ཡིད་ལ་བསྒོམ་ཕྱིར། ཞེས་པ་ནས། འདི་དག་མཐོང་ན་དོན་ཡོད་འགྱུར་ཞེས་པའི་བར་གྱིས་གནས་སྐབས་ཀྱི་དོན་འགྲུབ་པའི་ཆ་ནས་དགོས་པ་དང༌། མཐར་ཐུག་གི་དོན་འགྲུབ་པའི་ཆ་ནས་ཉིང་དགོས་བསྟན་ལ། འབྲེལ་བ་ནི་དེ་དག་གི་ཤུགས་ལ་བསྟན་པའོ། ། ལེའུ་དང་པོ། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན། ༼༢༽འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན། (གཉིས་པ་)བསྟན་འཆོས་ཀྱི་རང་བཞིན་ལ། (ནག་པོ་བ་ལ་སོགས་)ཁ་ཅིག་ལེའུ་དང་པོ་གསུམ་དང་བསྔོ་བས་སྦྱིན་པ་དང༌། ལེའུ་བཞི་བ་དང་ལྔ་བས་ཚུལ་ཁྲིམས་དང༌། དྲུག་པ་ལ་སོགས་པ་བཞིས་(ཕར་ཕྱིན་ )ཕྱི་མ་བཞི་བསྟན་པར་བཞེད་ཅིང༌། (སྔ་རབས་པ་)འགའ་ཞིག་ནི་དལ་འབྱོར་ཆུད་མི་གསན་པར་སྙིང་པོ་བླང་པར་གདམས་པ་ཚིགས་བཅད་གཉིས་ཀྱིས་བསྟན་ནས་ཐབས་ཀྱི་མཆོག་བྱང་ཆུབ་ཀྱི་སེམས་ལ་སྤྱོད་ཚུལ་ལེའུ་དང་པོ་དང༌། སེམས་དེ་ཉིད་ཇི་ལྟར་བསྐྱེད་ཚུལ་ལེའུ་གཉིས་པ་དང་གསུམ་པ་དང༌། སེམས་བསྐྱེད་ནས་བསླབ་པ་མི་ཉམས་པར་སྲུང་ཚུལ་ལེའུ་བཞི་བ་དང་ལྔ་བ་དང༌། བསྲུང་བྱ་བསླབ་པའི་རང་བཞིན་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་དང་པོ་གཉིས་སྔར་གྱི་ལེའུ་ལྔ་པོ་ལ་བརྟེན་ནས་རྟོགས་པས་ཕྱི་མ་བཞི་ལེའུ་རེ་རེས་བསྟན་པའོ་ཞེས་ཀྱང་གསུངས་མོད། འདིར་ནི།(གཉིས་ཏེ)བསམས་ནས་ཆོས་ལ་འཇུག་ཚུལ་དང༌། ཞུགས་ནས་ཇི་ལྟར་སྒྲུབ་ཚུལ་ལོ། ། ༡༽བསམ་ནས་ཆོས་ལ་འཇུག་ཚུལ། འཇུག་ཚུལ་ལ་གཉིས་ལས། ༡ དལ་འབྱོར་རྙེད་པར་དཀའ་བ་བསམ་པ། (དང་པོ་)དལ་འབྱོར་རྙེད་པར་དཀའ་བ་བསམ་པ་ནི། (ཤེས་རབ་འབྱུང་གནས་ཀྱིས་) འགྲེལ་ཆེན་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཚེ་རིང་ལྷ་དང་ཀླ་ཀློ་དང༌། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་དང༌། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་འདི་རྣམས་སུ་སྐྱེས་ན་ཆོས་སྒྲུབ་པའི་སྐབས་མེད་པས་མི་ཁོམ་པའི་གནས་ཡིན་ལ། དེ་དག་དང་བྲལ་བའི་དལ་བ་ཕུན་སུམ་ཚོགས་པ་དང༌། མིར་གྱུར་ཡུལ་དབུས་སྐྱེས་པ་དང༌། །དབང་པོ་ཚང་ཞིང་གནས་ལ་དད། །དེ་བཞིན་ལས་མཐའ་མ་ལོག་པའོ། །ཞེས་པ་ལྟར་རང་འབྱོར་ལྔ་དང༌། སངས་རྒྱས་(འཇིག་རྟེན་དུུ་) བྱོན་དང་(དེས་)ཆོས་གསུངས་དང༌། །བསྟན་པ་གནས་དང་རྗེས་འཇུག་(གཞན་ཡང་ཡོད་པ་)དང༌། །གཞན་(གྱི་)ཕྱིར་(སྦྱིན་བདག་ལ་སོགས་པའང་)བརྩེ་བས་ཕན་འདོགས་པའོ། །ཞེས་པ་ལྟར་གཞན་འབྱོར་ལྔ་སྟེ་ཡོན་ཏན་གྱི་འབྱོར་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་ལུས་རིན་པོ་ཆེ་ལྟ་བུ་འདི་ནི། (ཡུམ་གྱི་)མདོ་ལས། མིར་གྱུར་པ་ཡང་དཀོན་ན་དལ་བ་ཕུན་སུམ་ཚོགས་པ་ལྟ་ཅི་སྨོས་ཞེས་པ་ལྟར་རྙེད་པར་ཤིན་ཏུ་དཀའ་ཞིང༌། སྐྱེས་བུ་དམ་པའི་དོན་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་སྒྲུབ་པའི་རྟེན་ཁྱད་པར་ཅན་ཐོབ་པར་གྱུར་བ་ལ། གལ་ཏེ་སྐབས་འདིར་ནི་རང་དང་གཞན་ལ་འཕྲལ་དང་ཡུན་དུ་ཕན་པའི་རྒྱུ་མཐོ་རིས་དང་ཐར་བ་ཐོབ་བྱེད་ཀྱི་དགེ་བ་མ་བསམས་ཤིང་མ་བསྒྲུབས་ན་ཕྱིས་ཚེ་རབས་གཞན་དུ་འདི་ལྟ་བུ་ཡང་དག་པར་འབྱོར་ཞིང་རྙེད་པར་ག་ལ་འགྱུར་ཏེ། མདོ་ལས། འཇིག་རྟེན་ན་ནི་མི་རྙེད་དཀའ། །སངས་རྒྱས་འབྱུང་བའང་ཤིན་ཏུ་དཀའ། །དེ་བས་དད་དང་རབ་བྱུང་དང༌། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །ཞེས་པ་ལྟར་མཆོག་ཏུ་དཀོན་པའི་ཕྱིར་རོ། །དེ་བས་ན་དལ་འབྱོར་གྱི་སྙིང་པོ་བླང་བའི་ཆེད་དུ་འབྲས་བུའི་མཆོག་སྒྲུབ་པ་ལ་འབད་པར་རིགས་ཏེ། སློབ་མ་ལ་སྤྲིང་བར། གང་ཞིག་ ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཞིང༌། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་འགྱུར་བ༑ ༑ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ལྷག་པ་ཡི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་པ་ལྟར་རོ། ། ༢ ཆོས་ཀྱི་བློ་ཡང་དཀོན་པ་བསམ་པ། (གཉིས་པ་)ཆོས་ཀྱི་བློ་ཡང་དཀོན་པར་བསམ་པ་ནི། དཔེ་ཇི་ལྟར་ན་ཉི་མ་ནུབ་པའི་མཚན་མོ་ཟླ་བའང་མེད་པའི་མུན་ནག་སྐར་མའི་སྣང་བ་ཙམ་ཡང་མེད་པའི་སྤྲིན་རུམ་ཤིན་ཏུ་འཐུག་པོས་ཁེབས་པ་ན། གློ་བུར་དུ་གློག་འགྱུ་བའི་འོད་ཀྱིས་སྐད་ཅིག་ཙམ་རབ་ཏུ་སྣང་བའི་དངོས་པོ་ཅུང་ཟད་སྟོན་པ་ལྟར་དོན་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་གྱི་མཐུ་ཡིས་བརྒྱ་ལམ་རེས་འགའ་ཞིག་ན་འཁོར་བའི་མུན་པར་གནས་པའི་འཇིག་རྟེན་པ་རྣམས་ལ་རང་གཞན་གྱི་དོན་དུ་དམ་པའི་ཆོས་ལ་འཇུག་པར་བྱའོ་སྙམ་པའི་བསོད་ནམས་ཀྱི་བློ་གྲོས་ཀྱི་སྣང་བ་ཐང་འགའ་ཙམ་འབྱུང་བ་སྲིད་ཀྱི་ཕལ་ཆེར་མི་འབྱུང་ཞིང་བྱུང་ཡང་ཡུན་རིང་དུ་མི་གནས་པས་ཤིན་ཏུ་དཀོན་པ་རྙེད་པའི་དུས་སུ་སྐྱེས་བུ་ཆེན་པོའི་སྤྱོད་པ་ལ་འབད་པར་རིགས་སོ་ཞེས་པ་སྟེ། དབུ་མའི་སྙིང་པོར། དམ་ཆོས་སྒྲོན་མ་དང་བཅས་ཤིང༌། །ཞེས་སོགས་གསུངས་པ་ལྟར་རོ། ། ༢༽ཞུགས་ནས་ཇི་ལྟར་སྒྲུབ་ཚུལ། (གཉིས་པ་) སྒྲུབ་ཚུལ་ལ། བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་གཟུང་ཚུལ་དང༌། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་བླང་ཚུལ་ལོ། ། ༡ བྱང་ཆུབ་ཏུ་སེམས་བསྐྱེད་བཟུང་ཚུལ། བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་བཟུང་ཚུལ་ལ་གཉིས། དང་པོ་ལ་གཉིས་ལས། སྤྱི་དོན་ལ་བཞི། (དང་པོ་)སྤྱི་དོན་ལ། སྐྱེ་ཚུལ། ངོ་བོ། དབྱེ་བ། ཕན་ཡོན་ནོ། ། ❶ སྐྱེ་ཚུལ། དང་པོ་ནི། དཀོན་མཆོག་གསུམ་ལ་དད་པ་དང་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བ་ལས་སྐྱེ་བ་སྟེ། མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་གང་དད་ཅིང༌། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེ་འོ། །ཞེས་པ་ལྟར་རོ། །དེ་བཞིན་དུ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་པ་ལྟར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་བསླབ་བཏུས་ལས། སྡུག་བསྔལ་མཐར་ཕྱིན་འདོད་པ་དང༌། །བདེ་བའི་མཐར་ཡང་ཕྱིན་འདོད་པས། །དད་པའི་རྩ་བ་བརྟན་བྱ་སྟེ། །བྱང་ཆུབ་ལ་ཡང་བློ་བརྟན་བྱ། །ཞེས་པ་ལྟར་དད་པ་དང་འདུན་པ་ལ་སོགས་པ་ལས་ཀྱང་འབྱུང་བའོ། །དེ་བས་ན་ཐེག་པ་ཆེན་པོའི་ལམ་ལ་འཇུག་པ་རྣམས་ཀྱིས་གནས་སྐབས་དང་མཐར་ཐུག་གི་དོན་གང་སྒྲུབ་ཀྱང་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་ཏེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་འཐོབ་སྟེ། །སྲིད་ན་བདག་གཞན་དོན་སྒྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། ། ❷ ངོ་བོ། (གཉིས་པ་)ངོ་བོ་ནི། སྤྲོ་བ་ཆེན་པོས་དོན་ཟབ་མོ་དང་ཡུན་རིང་བོའི་དཀའ་སྤྱད་ལ་གོ་ཆ་བགོས་ཏེ། རྩོམ་པ་ཆེན་པོས་གོ་ཆ་ཇི་ལྟ་བ་བཞིན་དུ་སྦྱོར་བའི་བརྩོན་འགྲུས་ཀྱིས་ཀྱང་ཞུགས་ནས། དོན་ཆེན་པོ་རང་དང་གཞན་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབས་པ་ལས། འབྱུང་བ་ཆེན་པོ་རྫོགས་པའི་བྱང་ཆུབ་ཡང་དག་པར་འགྲུབ་པ་སྟེ། མདོར་ན་བྱང་ཆུབ་ཆེན་པོའི་དོན་དང་སེམས་ཅན་གྱི་དོན་བྱ་བ་གཉིས་ལ་དམིགས་པའི་སེམས་ཁྱད་པར་ཅན་ལ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཅེས་གསུངས་པ་སྟེ། རྒྱན་ལས། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་དཔའ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་པ་ལྟར་རོ། ། ❸ དབྱེ་བ་ལ་གསུམ། (གསུམ་པ་)དབྱེ་བ་ལ། ལམ་ལྔའམ་ས་མཚམས་ཀྱིས་དབྱེ་བ། གྲོགས་ཅན་ནམ་དཔེས་མཚོན་ཏེ་དབྱེ་བ། བདེན་གཉིས་སམ་བརྡ་དོན་གྱིས་དབྱེ་བའོ། ། ༡ ལམ་ལྔའམ་ས་མཚམས་ཀྱིས་དབྱེ་བ། དང་པོ་ནི། ཚོགས་ལམ་དང་སྦྱོར་ལམ་མོས་པས་སྤྱོད་པའི་ས་ལ་མོས་པ་ལས་བྱུང་བའི་སེམས་བསྐྱེད་དང༌། མཐོང་ལམ་ས་དང་པོ་ནས་བརྩམས་ཏེ་སྒོམ་ལམ་ས་བདུན་པའི་བར་ལ་ལྷག་བསམ་དག་པ་ལས་བྱུང་བའི་སེམས་བསྐྱེད་དང༌། སྒོམ་ལམ་གྱི་ཁྱད་པར་ས་བརྒྱད་པ་ལ་སོགས་པ་གསུམ་ལ་རྣམ་པར་སྨིན་པ་ལས་བྱུང་བའི་སེམས་བསྐྱེད་དང༌། མི་སློབ་ལམ་མཐར་ཕྱིན་པ་སངས་རྒྱས་ཀྱི་ས་ལ་སྒྲིབ་པ་སྤངས་བའི་སེམས་བསྐྱེད་ཅེས་བྱ་བ་རྣམ་པ་བཞི་སྟེ། (རྒྱན་དུུ་) སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པ་འོ། །ཞེས་པ་ལྟར་རོ། ། ༢ གྲོགས་ཅན་ནམ་དཔེས་མཚོན་ཏེ་དབྱེ་བ། (གཉིས་པ་)དེ་ལ་དབྱེ་བ་ནི། (རྒྱན་གྱི་འབྲེལ་བའི་དོན་བསྡུས་ཏེ་)འདུན་པ་བསམ་པ་སྦྱོར་བ་ལྷག་བསམ་ཕར་ཕྱིན་དྲུག །ཚད་མེད་མངོན་ཤེས་བསྡུ་བའི་དངོས་པོ་ཡང་དག་རིག །རྟོན་པ་ཚོགས་གཉིས་ཕྱོགས་མཐུན་ཞི་གནས་ལྷག་མཐོང་དང༌། །གཟུངས་སྤོབས་ཆོས་བཤད་བགྲོད་གཅིག་ལམ་དང་ཐབས་མཁས་ལྡན། །ཞེས་སྡོམ་དུ་བྱས་པའི་འདུན་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་པ་ས་ལྟ་བུ་ནས། ཐབས་ལ་མཁས་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་པ་སྤྲིན་ལྟ་བུའི་བར་ཉི་ཤུ་རྩ་གཉིས་ཏེ། མངོན་པར་རྟོགས་པའི་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། ། (སྦྱིན་པ་)གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་(ཚད་མེད་)། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་ལྟར་རོ། ། ༣ བདེན་གཉིས་སམ་བརྡ་དོན་གྱིས་དབྱེ་བ་ལ་གཉིས། (གསུམ་པ་)བདེན་གཉིས་ཀྱི་དབྱེ་བ་ལ། ཀུན་རྫོབ་བརྡ་ལས་བྱུང་བའི་སེམས་བསྐྱེད་དང༌། དོན་དམ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་དོ། ། ⒈ ཀུན་རྫོབ་བརྡ་ལས་བྱུང་བའི་སེམས་བསྐྱེད། དང་པོ་ལ། ཐུན་མོང་གི་མཚན་ཉིད་བསྟན་པ། སྨོན་པ་དང་འཇུག་པའི་ཁྱད་པར། སེམས་བསྐྱེད་དང་སྡོམ་པའི་ཁྱད་པར་དེ་དག་ཀྱང་ཇི་ལྟར་བླང་ཚུལ་ལོ། ། ༡ ཐུན་མོང་གི་མཚན་ཉིད་བསྟན་པ། དང་པོ་ནི། གྲོགས་དགེ་བའི་བཤེས་གཉེན་གྱི་སྟོབས་དང༌། རྒྱུ་རང་གཞན་གྱི་རིགས་སད་པའི་སྟོབས་དང༌། དགེ་བའི་རྩ་བ་རྒྱས་འགྱུར་གྱི་རིགས་འཕེལ་བའི་སྟོབས་དང༌། ཟབ་མོའི་ཆོས་ཐོས་པའི་སྟོབས་དང༌། ཉན་པ་དང་འཛིན་པ་ལ་སོགས་པའི་སྟོབས་ལ་བརྟེན་ནས་གཞན་གྱིས་བསྟན་ཅིང་གཞན་གྱི་རྣམ་པར་རིག་བྱེད་ལས་སེམས་བསྐྱེད་པ་ཡིན་ལ། དེ་ཡང་གྲོགས་ཀྱི་སྟོབས་ལས་ནི་མི་བརྟན་པར་བྱུང་བ་དང༌། རྒྱུ་ལ་སོགས་པའི་སྟོབས་ལས་ནི་བརྟན་པར་བྱུང་བ་ཞེས་ཀྱང་བྱ་སྟེ། རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད།