། (གསུམ་པ་)གཞན་དོན་འགྲུབ་པའི་དོན་དུ་བསྔོ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ནམ་མཁའི་མཐས་གཏུགས་པར་ཁྱབ་པའི་སེམས་ཅན་མ་ལུས་པ་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་བདེ་བླག་ཏུ་བསྒྲུབ་པའི་ཕྱིར་ཇི་ལྟར་འཕགས་པ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་གཞན་ལ་ཕན་པ་འབའ་ཞིག་མཛད་པ་བཞིན་དུ་བདག་གི་སྤྱོད་པའང་དེ་འདྲ་བ་ཁོ་ནར་གཞན་ལ་ཕན་པ་འབའ་ཞིག་འགྲུབ་པར་ཤོག་ཅིག དེ་ཡང་དུས་ཇི་སྲིད་དུ་ནམ་མཁའ་གནས་པར་གྱུར་པ་དང་ཡུལ་འགྲོ་བ་མ་ལུས་ཇི་སྲིད་གནས་པར་གྱུར་པའི་བར་དེ་སྲིད་དུ་གཞན་དོན་བྱེད་པ་པོ་བདག་ནི་མྱ་ངན་ལས་མི་འདའ་བར་གནས་པར་གྱུར་ནས་བྱེད་ལས་འགྲོ་བ་མཐའ་ཡས་པའི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་དག་སེལ་བར་བྱེད་པར་ཤོག་ཅིག དམྱལ་བ་ལ་སོགས་པ་འགྲོ་བ་མ་ལུས་པའི་སྡུག་བསྔལ་གྱི་ཁྱད་པར་གང་ཅིའང་རུང་བ་ཡོད་པ་དེ་དག་མ་ལུས་པ་ཀུན་བདག་ལ་སྨིན་ནས་བྱང་ཞིང་དག་པར་གྱུར་ཅིག བྱང་ཆུབ་སེམས་དཔའི་ཚོགས་གཉིས་ཀྱིས་བསྡུས་པའི་དགེ་བའི་རྩ་བ་ཀུན་གྱི་མཐུ་ལ་བརྟེན་ནས་འགྲོ་བ་ཐམས་ཅད་འཕྲལ་དང་ཡུན་དུ་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་ཤོག་ཅིག་ཅེས་པའོ། ། ③ བསྟན་པའི་དོན་དུ་བསྔོ་བ། (གསུམ་པ་)བསྟན་པའི་དོན་དུ་བསྔོ་བ་ནི། འགྲོ་བ་མཐའ་ཡས་པའི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་ནད་ཐམས་ཅད་སེལ་བའི་སྨན་གྱི་མཆོག་གཅིག་པུར་གྱུར་ཅིང༌། མཐོ་རིས་དང་ཐར་པའི་བདེ་བ་ཕུན་སུམ་ཚོགས་པ་ཀུན་འབྱུང་བའི་གནས་དམ་པར་གྱུར་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་ཅན་འཆད་ཉན་དང་སྒྲུབ་པའི་སྒོ་ནས་བཟུང་ཞིང་རྙེད་པ་དང་བཀུར་སྟིའི་མཆོད་པ་རྒྱ་ཆེན་པོ་དང་བཅས་ཏེ་དུས་ཡུན་རིང་པོའི་བར་དུ་འཇིག་རྟེན་འདིར་གནས་པར་གྱུར་ཅིག་ཅེས་པའོ། ། ༢༽ བཀའ་དྲིན་དྲན་པའི་ཕྱག་འཚལ་བ། (གཉིས་པ་)བཀའ་དྲིན་དྲན་པའི་ཕྱག་འཚལ་བ་ནི། ལྷག་པའི་ལྷ་ཐུགས་རྗེ་ཆེན་པོ་དང་ལྡན་པ་གང་གིས་བྱིན་གྱིས་བརླབས་པའི་བཀའ་དྲིན་གྱིས་བདག་ལ་འཇིག་རྟེན་གྱི་བྱ་བ་སྙིང་པོ་མེད་པ་རྣམས་ལ་ཆགས་པ་སྤངས་ནས་ཐོས་བསམ་སྒོམ་གསུམ་ལ་སོགས་པའི་དགེ་བའི་བྱ་བ་ཁོ་ན་ལ་རྩེ་གཅིག་ཏུ་གཞོལ་བའི་བློ་གྲོས་ཁྱད་པར་ཅན་བྱུང་བར་མཛད་པ་དེ་ནི་བཅོམ་ལྡན་འདས་མགོན་པོ་འཇམ་པའི་དབྱངས་ཡིན་པས་དེ་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ་ཞེས་པ་སྟེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །ཅེས་པ་ལ་སོགས་པས་སོ། །དེ་བཞིན་དུ་སྐྱེས་བུ་དམ་པ་གང་དག་གི་གདམས་པ་དང་རྗེས་སུ་བསྟན་པའི་བཀའ་དྲིན་གྱིས་བདག་གི་རྒྱུད་ལ་ལས་དང་ཉོན་མོངས་པའི་རྒུད་པ་རྣམས་བསལ་ནས་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་རྣམས་གོང་ནས་གོང་དུ་དར་ཞིང་རྒྱས་པར་མཛད་པའི་མཁན་པོ་དང་སློབ་དཔོན་ལ་སོགས་པ་བླ་མ་དམ་པ་དགེ་བའི་བཤེས་གཉེན་རྣམས་ལའང་བདག་ཉིད་གུས་པས་ཕྱག་འཚལ་ལོ་ཞེས་པ་སྟེ། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་སྟེ། །མིག་སྐྱོན་མེད་རྣམས་རོལ་བར་བཅས་ཏེ་སྟེང་དུ་ནི། །ལྟ་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འདི་བགྱིད། །ཅེས་པ་ལ་སོགས་པས་སོ། །མདོར་ན་བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པའི་སྒོ་ནས་དུས་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཐེག་པ་ཆེན་པོའི་བསམ་སྦྱོར་ཕུན་སུམ་ཚོགས་པ་སྟོན་པའི་གཞུང་ལུགས་རྣམ་པར་དག་པ་འདི་ལྟ་བུ་ལ་བརྟེན་ནས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག་ཅེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གཙོ་བོར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བའི་ཚུལ་གསལ་བར་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཅུ་པའི་རྣམ་པར་བཤད་པའོ།། །། ཐ་མར་དགེ་བ་མཇུག གཞུང་གི་མཛད་བྱང་། དེ་ལྟར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པ་ལ་འཇུག་པའི་ཚུལ་ཤིན་ཏུ་གསལ་བར་སྟོན་པའི་བསྟན་བཅོས་སློབ་དཔོན་ཆེན་པོ་འཕགས་པ་ཤཱནྟ་དེ་ཝ་སྟེ་ཞི་བའི་ལྷས་འཇམ་པའི་དབྱངས་ཀྱི་བཀའ་དྲིན་ལ་བརྟེན་ནས་མཛད་པ་དེ་ཉིད་འགྲེལ་བ་རྣམས་དང་མཐུན་པར་ཚིག་དང་་དོན་མཐའ་དག་གསལ་བར་བཤད་པ་གྲུབ་ཅིང་ཡོངས་སུ་རྫོགས་སོ་ཞེས་པའོ། བཞི་པ། དོན་དེ་ལེགས་པར་བསྒྱུར་བའི་ཚུལ། འགྱུར་བྱང་། (བཞི་པ་)དོན་དེ་ལེགས་པར་བསྒྱུར་བའི་ཚུལ་ནི། བསྟན་བཅོས་དེ་ཉིད་ལེགས་པར་སྦྱར་བའི་སྐད་དུ་བརྩམས་ཤིང༌། རྒྱ་གར་འཕགས་པའི་ཡུལ་ན་གནས་པ་ལས། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་བོད་ཀྱི་ཡུལ་དུའང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པའི་དུས་སུ། རྒྱ་གར་གྱི་མཁན་པོ་ཆེན་པོ་སརྦ་ཛྙཱ་དེ་བ་སྟེ་ཐམས་ཅད་མཁྱེན་པའི་ལྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་ཁ་ཆེའི་དཔེ་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་ཞུས་དག་ཀྱང་མཛད་དེ་འཆད་ཉན་གྱིས་གཏན་ལ་ཕབ་ནས་སྐལ་བ་དང་ལྡན་པ་རྣམས་ལ་ཕན་པ་རྒྱ་ཆེན་པོ་མཛད་པའོ། །སླར་ཡང་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་སྟེ་ཆོས་དཔལ་བཟང་པོ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌། ཤཱཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་འགྲེལ་བ་རྣམས་དང་མཐུན་པར་བཅོས་ཤིང་གཏན་ལ་ཕབ་པའོ། །ཡང་སླད་ཀྱིས་བལ་པོའི་པཎྜི་ཏ་སུ་མ་ཏི་ཀཱིརྟི་སྟེ་མཁས་པ་ལེགས་པའི་བློ་གྲོས་གྲགས་པ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་རྔོག་བློ་ལྡན་ཤེས་རབ་ཀྱིས་ཀྱང་བཅོས་ཤིང་ཞུས་ཏེ་དག་པར་བྱས་པའོ་ཞེས་པ་སྟེ། བར་སྐབས་སུ་ཅུང་ཟད་མ་དག་པར་སོང་བ་རྣམས་བདག་གིས་ཀྱང་རྒྱ་དཔེ་དང་འགྲེལ་བ་ལ་གཏུགས་ཏེ་དག་པར་བགྱིས་པའོ།། །། གསུམ་པ། མཇུག་གི་དོན། རྣམ་དག་གཞུང་འདི་རྣམ་པར་འཆད་མཁས་མང་པོས་བཤད་མོད་དེ་ལྟ་ནའང༌། ། རྣམ་མང་དོན་མཆོག་རྣམ་གསལ་ཚིག་གིས་བདེ་བླག་ཉིད་དུ་རྟོགས་བྱའི་ཕྱིར། ། རྣམ་བཤད་འདི་ཡང་རྣམ་དཔྱོད་གསལ་ལྡན་དོན་གཉེར་མང་པོས་བསྐུལ་བའི་ངོར། ། རྣམ་དག་བསམ་སྦྱོར་རྣམ་པར་སྤེལ་ཕྱིར་བློ་གྲོས་རྒྱལ་མཚན་དཔལ་གྱིས་སྦྱར། ། ཟབ་མོའི་ལུང་དང་རིགས་པ་ལ་བརྟེན་ནས། ། ཟབ་མོའི་ཆོས་འདི་འབད་པས་ལེགས་བཤད་མོད། ། ཟབ་མོའི་དོན་ལ་ཉེས་པའི་ཆ་མཆིས་ན། ། ཟབ་མོའི་ཐུགས་མངའ་རྣམས་ལ་བཟོད་པར་གསོལ། ། རྙེད་དང་བཀུར་སྟི་གཅེས་པར་འཛིན་ཞིང་དམ་ཆོས་ཆེད་ཆེར་མི་འཛིན་པའི། ། ཕྲག་དོག་ཕྱོགས་ཞེན་གཏི་མུག་ཅན་དག་ལེགས་བཤད་ཟབ་མོས་མགུ་དཀའ་མོད།