སྤྱོད་འཇུག་ས་འགྲེལ།

། (བཞི་པ་)ཞིང་ཁམས་ཡོངས་སུ་དག་པར་བསྔོ་བ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཅི་འདོད་པ་འབྱུང་བའི་དཔག་བསམ་གྱི་ཤིང་གི་སྐྱེད་པོས་ཚལ་ཡིད་དུ་འོང་བ་རྣམས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནི་སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྒྲ་སྙན་པ་ཡིད་དུ་འོང་བ་འབའ་ཞིག་སྒྲོགས་པ་དང་ལྡན་པ་ཡིས་སའི་ཕྱོགས་རྣམས་ཐམས་ཅད་གང་བར་ཤོག གནས་ཐམས་ཅད་དུ་ཡང་སའི་གཞི་དག་ནི་གསེག་མ་དང་གྱོ་མོ་དང་ངམ་གྲོག་དང་གཅོང་རོང་དང་ཚེར་མ་ལ་སོཊ་པ་མེད་པ་དང༌། ལག་མཐིལ་ལྟར་མཉམ་ཞིང་ཐ་གྲུ་ཡངས་པ་ལྟ་ན་སྡུག་པ་བཻཌཱུརྱའི་རང་བཞིན་ལས་གྲུབ་པ། ཚོན་སྣ་བརྒྱ་རྩ་གཅིག་ལ་སོགས་པས་མིག་མངས་རིས་སུ་བྲིས་པ་ཀ་ཙ་ལིན་དའི་གོས་ལྟར་རེག་ན་འཇམ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་གནས་པར་གྱུར་ཅིག སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ཡོད་རྒུ་ཐམས་ཅད་དུ་ཡང་ཐེག་པ་ཆེན་པོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་མང་པོ་དག་རང་གི་ལེགས་པའི་ཡོན་ཏན་གཞན་དོན་འབའ་ཞིག་སྒྲུབ་པས་སའི་སྟེང་མཐའ་དག་བརྒྱན་པར་མཛད་པའི་སྒོ་ནས་ཡུན་རིང་པོར་བཞུགས་པར་གྱུར་ཅིག་ཅེས་པའོ། ། (ལྔ་པ་)ཆོས་ཀྱི་མཐུན་རྐྱེན་ཚང་བར་བསྔོ་བ་ནི། ལུས་ཅན་མ་ལུས་པ་ཀུན་གྱིས་བྱ་ཡིད་དུ་འོང་བ་རྣམས་དང་ནི་ཤིང་གི་ཁྱད་པར་སྣ་ཚོགས་པ་དང༌། ཉི་ཟླ་ལ་སོགས་པའི་འོད་ཟེར་ཐམས་ཅད་དང་བར་སྣང་གི་ནམ་མཁའ་ལས་ཀྱང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒྲ་རྒྱུན་མི་འཆད་པར་ཐོས་པར་ཤོག་ཅིག ལུས་ཅན་དེ་དག་ཐམས་ཅད་དུས་རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་ཕྲད་པར་གྱུར་ཅིག ཕྲད་ནས་ཀྱང་མཆོད་པའི་སྤྲིན་གྱི་ཕུང་པོ་ནི་མཐའ་ཡས་པས་འགྲོ་བའི་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མཆོད་པ་རྒྱུན་མི་འཆད་པ་བྱེད་པར་ཤོག་ཅིག་ཅེས་པའོ། ། (དྲུག་པ་)འཇིག་རྟེན་དར་ཞིང་དགེ་བར་བསྔོ་བ་ནི། དཀར་པོའི་ཕྱོགས་ཀྱི་ལྷའི་ཚོགས་མང་པོ་ཡང་དུས་དུས་སུ་ཆར་བའི་རྒྱུན་རན་པར་འབེབས་ཤིང༌། དེའི་རྒྱུས་རྩི་ཤིང་དང་ལོ་ཏོག་ཐམས་ཅད་ཕུན་སུམ་ཚོགས་པ་སྨིན་པར་ཤོག་ཅིག འཇིག་རྟེན་སྐྱོང་པའི་རྒྱལ་པོའང་ཆོས་བཞིན་དུ་ཆོས་སྲིད་ཞི་བས་སྐྱོང་བར་བྱེད་པར་གྱུར་ཅིང༌། དེ་དག་ལ་བརྟེན་ནས་འཇིག་རྟེན་པ་དག་ཀྱང་རྒུད་པ་ཐམས་ཅད་དང་བྲལ་ཏེ་བདེ་བ་དང་འབྱོར་བ་ཆེན་པོས་དར་ཞིང་རྒྱས་པར་ཤོག་ཅིག སྨན་རྣམས་ཀྱང་ནད་སེལ་བའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་གསང་སྔགས་ཀྱི་བཟླས་བརྗོད་བྱས་པ་ལས་ཀྱང་ཇི་སྐད་བཤད་པའི་ཕན་ཡོན་རྣམས་མྱུར་དུ་འགྲུབ་པར་ཤོག་ཅིག མཁའ་ལ་རྒྱུ་ཞིང་འགྲོ་བའི་འབྱུང་པོ་དང་མིའི་ཤ་ཁྲག་ལ་སྤྱོད་པའི་སྲིན་པོ་དང་གནོད་སྦྱིན་དང་ཤ་ཟ་ལ་སོགས་པའི་གདུག་པ་ཅན་ཐམས་ཅད་བྱམས་པ་དང་སྙིང་རྗེའི་སེམས་དང་ལྡན་པར་གྱུར་ཅིག སེམས་ཅན་གྱི་རིས་འགའ་ཡང་སྡུག་བསྔལ་མྱོང་བར་མ་གྱུར་ཅིང༌། དེའི་རྒྱུ་སྡིག་པ་ལ་སྤྱོད་པར་ཡང་མ་གྱུར་ལ་ན་བས་གདུང་བར་མ་གྱུར་ཏེ། འཇིགས་པ་སྣ་ཚོགས་དང་གཞན་གྱིས་བརྙས་པའང་མི་འབྱུང་ཞིང་སེམས་ཅན་འགའ་ཡང་ཡིད་མི་བདེ་བར་ཡང་མ་གྱུར་ནས་རྟག་ཏུ་བདེ་ཞིང་དགེ་བ་ལ་གནས་པར་གྱུར་ཅིག་ཅེས་པའོ། ། ༢ མཆོག་གི་དོན་དུ་བསྔོ་བ། (གཉིས་པ་)མཆོག་གི་དོན་དུ་བསྔོ་བ་ལ་བདུན་ལས། (དང་པོ་)དགེ་འདུན་གནས་དང་བཅས་པའི་དོན་དུ་བསྔོ་བ་ནི། སྡེ་སྣོད་གསུམ་བཞུགས་པའི་གཙུག་ལག་ཁང་དང་ཀུན་དགའ་ར་བ་ལ་སོགས་པ་རྣམས་སྡེ་སྣོད་ཟབ་མོའི་ལུང་ཀློག་པ་དང༌། ཁ་ཏོན་བྱེད་པ་དང་འཛིན་པ་དང༌། དོན་སེམས་པ་དང་སྒོམ་པ་ལ་སོགས་པ་རྣམས་ཀྱིས་རྒྱས་ཤིང་གང་བས་ལེགས་པར་ཡུན་རིང་དུ་གནས་པར་ཤོག་ཅིག དུས་རྟག་ཏུ་དགེ་འདུན་ཐམས་ཅད་བདུད་ལ་སོགས་པས་མི་ཕྱེད་ཅིང་དགེ་བའི་བྱ་བ་ལ་ཐུགས་རྩེ་གཅིག་ཏུ་མཐུན་པ་དང༌། དགེ་འདུན་རྣམས་ཀྱིས་བསྒྲུབ་པར་བྱ་བའི་དོན་མྱ་ངན་ལས་འདས་པའི་ལམ་གྱི་ཡོན་ཏན་ཁྱད་པར་ཅན་ཡང་གོང་ནས་གོང་དུ་བཞེད་པ་བཞིན་འགྲུབ་པར་ཤོག་ཅིག ཅེས་པའོ། ། (གཉིས་པ་)དགེ་སློང་ཕ་མའི་དོན་དུ་བསྔོ་བ་ནི། བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་སློབ་པར་འདོད་པའི་དགེ་སློང་རྣམས་ཀྱིས་གནས་དབེན་པ་ཡིད་དུ་འོང་བ་དག་ཀྱང་ཐོབ་པར་ཤོག་ཅིག དེར་ཡང་རྣམ་གཡེང་དང་འདུ་འཛིའི་བྱ་བ་ཐམས་ཅད་སྤངས་ནས་ནི་སེམས་ནི་ལས་སུ་རུང་ཞིང་སྤྲོ་བའི་སྒོ་ནས་ཏིང་ངེ་འཛིན་རྣམ་པར་དག་པ་སྒོམ་པར་གྱུར་ཅིག དགེ་སློང་མ་རྣམས་ཀྱང་ཆོས་གོས་དང་ཁ་ཟས་ལ་སོགས་པ་ཚེགས་ཆུང་ངུས་རྙེད་པ་དང་ལྡན་ཞིང་ཕན་ཚུན་འཐབ་པ་དང་གནོད་པ་ཐམས་ཅད་སྤངས་ནས་ཞི་བ་དང་དུལ་བས་དམ་པའི་ཆོས་ལ་གནས་པར་ཤོག་ཅིག ཅེས་པའོ། ། (གསུམ་པ་)རབ་བྱུང་སྤྱིའི་དོན་དུ་བསྔོ་བ་ནི། དེ་བཞིན་དུ་ཐར་པ་ཐོབ་པར་འདོད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་མ་ལུས་པ་ཀུན་ཉོན་མོངས་པའི་གདུང་བ་བསིལ་བར་བྱེད་པའི་ཚུལ་ཁྲིམས་ཇི་ལྟར་ཁས་བླངས་པ་རྣམས་ནམ་ཡང་ཉམས་པ་མེད་པར་སྲུང་ནུས་པར་གྱུར་ཅིག གལ་ཏེ་ལྟུང་བ་བྱུང་ནས་ཚུལ་ཁྲིམས་འཆལ་བ་སྲིད་ནའང༌། དེ་ལ་འགྱོད་པ་དྲག་པོས་ཡིད་བྱུང་ནས་ཕྱིར་བཅོས་ཏེ་དུས་རྟག་ཏུ་སྡིག་པ་མཐའ་དག་ཟད་ཅིང་བྱང་བར་བྱེད་པར་ཤོག་ཅིག གནས་སྐབས་སུ་ཡང་བདེ་འགྲོ་མཐོ་རིས་ཀྱི་གོ་འཕང་དག་ཀྱང་ཐོབ་པར་གྱུར་ནས་དེར་ཡང་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་དང་བརྟུལ་བཞུགས་རྣམ་པར་དག་པ་མི་ཉམས་པར་སྲུང་བར་ཤོག་ཅིག་ཅེས་པའོ། ། (བཞི་པ་)ཁྱད་པར་མཁས་པའི་དོན་དུ་བསྔོ་བ་ནི། རིག་པའི་གནས་ལྔ་དང་བྱེ་བྲག་ཏུ་ནང་རིག་པའི་སྡེ་སྣོད་གསུམ་ལ་མཁས་པའི་གང་ཟག་རྣམས་ནི། གཞན་ལས་ཁྱད་པར་དུ་འཕགས་པའི་གོ་འཕང་ལ་འཇོག་པའི་སྒོ་ནས་བཀུར་བ་དང༌། ཆོས་གོས་དང་ལྷུང་བཟེད་དང་ཞལ་ཟས་ལ་སོགས་པའི་བསོད་སྙོམས་དག་ཀྱང་འབད་རྩོལ་མེད་པར་བདེ་བླག་ཏུ་རྙེད་པར་ཤོག་ཅིག རང་གི་ཡོན་ཏན་ལ་ང་རྒྱལ་དང་སེར་སྣ་མེད་ཅིང་གཞན་གྱི་ཡོན་ཏན་ལ་ཕྲག་དོག་དང་འགྲན་སེམས་མེད་པའི་སྒོ་ནས་རྒྱུད་ནི་ཡོངས་སུ་དག་པར་གྱུར་པ་དང་ཕྱོགས་རྣམས་ཀུན་ཏུ་སྙན་པའི་གྲགས་པ་ཆེན་པོས་ཁྱབ་པར་ཤོག་ཅིག གནས་སྐབས་སུ་ཕྱི་མ་ལ་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་ནམ་ཡང་མི་མྱོང་ཞིང་དཀའ་བ་དང་ངལ་བ་དྲག་པོ་སྤྱད་པ་མེད་པར་ཡང་ཐར་པ་སྒྲུབ་པ་ལ་ལྷ་བས་ཀྱང་ཆེས་ལྷག་པར་གྱུར་པའི་དལ་འབྱོར་གྱི་ལུས་གཅིག་པུ་ཐོབ་པ་ཉིད་ཀྱིས་ནི་ཐབས་ལ་མཁས་པའི་སྐྱེས་བུ་དེ་དག་མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་འགྲུབ་པར་ཤོག་ཅིག་ཅེས་པའོ། ། (ལྔ་པ་)སངས་རྒྱས་རྒྱུན་དུ་མཆོད་པར་བསྔོ་བ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་མ་ལུས་པ་ཀུན་གྱིས་ལན་གྲངས་མང་པོའི་བར་དུ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ཟང་ཟིང་དང་སྒྲུབ་པའི་མཆོད་པ་རྣམས་ཀྱིས་རྒྱུན་མི་འཆད་པར་མཆོད་པར་བྱེད་ཅིང༌། དེ་དག་གི་བྱིན་རླབས་ལ་བརྟེན་ནས་སངས་རྒྱས་ཀྱི་བདེ་བ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་ཐོབ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་དུས་རྟག་ཏུ་བདེ་བ་ཆེན་པོ་དང་ལྡན་པར་གྱུར་ཅིག་ཅེས་པའོ། ། (དྲུག་པ་)དམ་པའི་དགོངས་པ་འགྲུབ་པར་བསྔོ་བ་ནི། རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་འགྲོ་བ་དཔག་ཏུ་མེད་པ་སྨིན་པ་དང་གྲོལ་བའི་དོན་ཐུགས་ལ་ཇི་ལྟར་དགོངས་པ་བཞིན་དུ་དངོས་སུ་ཡང་འགྲུབ་པར་ཤོག་ཅིག འགྲོ་བ་ཐམས་ཅད་ཀྱི་མགོན་པོ་ཐམས་ཅད་མཁྱེན་པ་ཡིས་ནི་ཐུགས་ལ་གང་དགོངས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཁྱད་པར་དེ་དག་ཐམས་ཅད་མྱུར་དུ་འབྱོར་བར་ཤོག་ཅིག་ཅེས་པའོ། ། (བདུན་པ་)ཉན་རང་རྣམས་ཀྱང་བདེ་བར་བསྔོ་བ་ནི། དེ་བཞིན་དུ་རྟེན་འབྲེལ་ཟབ་མོ་རྟོགས་པའི་རང་བྱུང་གི་ཡེ་ཤེས་ཀྱིས་རང་ཉིད་གཅིག་པུ་མངོན་པར་བྱང་ཆུབ་པའི་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་དང༌། སྲིད་པ་ཐ་མ་པའི་ཚེ་ཡང་འབྲས་བུའི་ཁྱད་པར་གཞན་ལས་ཐོས་ཤིང་སྒྲོགས་པ་ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱང་འཁོར་བའི་སྐྱོན་མཐའ་དག་ཉེ་བར་ཞི་བའི་བདེ་བ་དང་ཡང་ལྡན་ཞིང་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་བདེ་བ་ཆེན་པོ་ཐོབ་པར་གྱུར་ཅིག་གནས་སྐབས་སུ་ཡང༌། ལྷ་དང་ལྷ་མིན་མི་རྣམས་ཡིད། །གུས་བཅས་རྟག་ཏུ་མཆོད་པར་ཤོག །ཅེས་རྒྱ་དཔེ་ལས་འབྱུང་བ་ལྟར། ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཐམས་ཅད་ཀྱང་དེ་དག་ལ་ཡིད་གུས་པ་དང་བཅས་པའི་སྒོ་ནས་དུས་རྟག་ཏུ་མཆོད་པའི་ཚོགས་རྣམས་ཀྱིས་མཆོད་པ་བྱེད་པར་ཤོག་ཅིག་ཅེས་པའོ། ། ② རང་གི་དོན་དུ་བསྔོ་བ། (གཉིས་པ་) རང་གི་དོན་དུ་བསྔོ་བ་ལ་གསུམ་ལས། (དང་པོ་)ཚེ་རབས་མང་པོའི་དོན་དུ་བསྔོ་བ་ནི། རྩོམ་པ་པོ་བདག་ཀྱང་ལྷག་པའི་ལྷ་འཇམ་པའི་དབྱངས་ཀྱི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་བ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་གནས་པ་ཐོབ་ཀྱི་བར་དུ་དུས་རྟག་ཏུ་རྒྱུན་མི་འཆད་པར་ཚེ་རབས་སྔ་མ་སྔ་མ་རྣམས་རྗེས་སུ་དྲན་པས་ལས་རྒྱུ་འབྲས་ལ་མངོན་པར་ཡིད་ཆེས་པ་དང༌། ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་རབ་ཏུ་འབྱུང་བའི་སྡོམ་པ་རྣམ་པར་དག་པའང་ཐོབ་པར་ཤོག་ཅིག དེར་ཡང་བདག་ནི་བསོད་སྙོམས་ལ་སོགས་པའི་ཁ་ཟས་ཀྱི་ནའམ་ངན་ངོན་ཙམ་གྱིས་ཀྱང་ལུས་ཉམས་སྟོབས་དང་ལྡན་ཞྀང་བདེ་བར་འཚོ་བར་ཤོག་ཅིག སངས་རྒྱས་མ་ཐོབ་ཀྱི་བར་གྱི་ཚེ་རབས་བརྒྱུད་མ་ཀུན་ཏུ་དགེ་བ་འབའ་ཞིག་སྒྲུབ་པ་ལ་འཇིག་རྟེན་གྱི་འདུ་འཛི་དང་རྣམ་གཡེང་ཐམས་ཅད་སྤངས་ཏེ་སྒོ་གསུམ་དབེན་པར་གནས་པ་ཕུན་སུམ་ཚོགས་པ་དང་ལྡན་པའང་ཐོབ་པར་གྱུར་ཅིག་ཅེས་པ་སྟེ། འགྲེལ་པ་རྣམས་སུ་སློབ་དཔོན་འདི་ཉིད་འཕགས་པའི་གང་ཟག་ཏུ་གསུངས་པས། ས་རབ་དགའ་བ་ཐོབ་པར་དུ། །ཞེས་པ་ལ་སོགས་པ་ནི་རྗེས་འཇུག་གི་སྐྱེ་བོ་རྣམས་ལམ་ལ་བསླབ་པའི་དོན་ཏོ། ། (གཉིས་པ་)མགོན་དང་བཅས་པའི་དོན་དུ་བསྔོ་བ་ནི། དུས་གང་གི་ཚེ་སྐུ་བལྟ་བར་འདོད་པའམ་ཆོས་ཀྱི་དོན་ཅུང་ཟད་ཙམ་དྲི་བར་འདོད་ན་ཡང༌། དེའི་ཚེ་འཇིག་རྟེན་ཐམས་ཅད་ཀྱི་མགོན་པོ་འཇམ་པའི་དབྱངས་དེ་ཉིད་ནི་གེགས་དང་སྒྲིབ་པ་གང་ཡང་མེད་པར་ཡང་མངོན་སུམ་དུ་མཐོང་ནས་རྣམ་པ་ཐམས་ཅད་དུ་རྗེས་སུ་འཛིན་ཅིང་སྐྱོང་བར་ཤོག་ཅིག་ཅེས་པའོ།