སྤྱོད་འཇུག་ས་འགྲེལ།

རྒྱན་ལས། ཕྱི་མ་ཕྱི་མའི་རྟེན་ཡིན་ལ། ངོ་བོ་ཉིད་ནི་མེད་པ་ཡིན། །སྐྱེ་མེད་འགག་མེད་གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པ་འགྲུབ། །ཅེས་པ་ལྟར་རོ། ། (གཉིས་པ་)རྩོད་པ་སྤང་བ་ལ་གཉིས་ལས། (དང་པོ་)བདེན་གཉིས་མི་འཐད་པར་ཐལ་བ་སྤང་བ་ནི། གལ་ཏེ་དེ་ལྟར་ཆོས་ཐམས་ཅད་སྐྱེ་འགགས་མེད་པ་ཡིན་ན་སྐྱེ་འཇིག་ཅན་གྱི་ཀུན་རྫོབ་མེད་པར་འགྱུར་བས། དེའི་ལུགས་ལ་བདེན་པ་གཉིས་ཀྱི་རྣམ་བཞག་ག་ལ་ཡོད་དེ་མེད་པར་འགྱུར་ཞིང༌། བདེན་གཉིས་སུ་འབྱེད་པ་དེ་ཡང་ཀུན་རྫོབ་ནི་གཞན་འཁྲུལ་པའི་བློ་ཅན་གྱིས་བཏགས་པ་ཙམ་གྱིས་འཇོག་པ་ཡིན་ན། འཁྲུལ་སྣང་མ་འགགས་པའི་སེམས་ཅན་རྣམས་མྱ་ངན་ལས་ག་ལ་འདའ་སྟེ་རང་བཞིན་གྱིས་མྱ་ངན་ལས་འདས་པ་མ་ཡིན་པར་འགྱུར་རོ་ཞེ་ན། (ལན་ནི་)སྐྱོན་མེད་དེ་རེ་ཞིག་ཀུན་རྫོབ་ཀྱི་བདེན་པ་འདི་ནི་མྱང་འདས་ལས་གཞན་འཁོར་བའི་སེམས་རྣམ་རྟོག་མ་འགགས་ཀྱི་བར་ཏུ་འཁྲུལ་བའི་སྣང་བ་ཙམ་ལ་གཞག་པ་སྟེ། བརྟགས་ན་ཅུང་ཟད་ཀྱང་གྲུབ་པ་མེད་ལ། མྱ་ངན་ལ་འདས་པ་དེ་ནི་རང་གི་ངོ་བོ་ཀུན་རྫོབ་སྣ་ཚོགས་སུ་སྣང་བ་འདི་མིན་ཞིང་དོན་དམ་ཆོས་ཀྱི་དབྱིངས་ནམ་ཡང་མི་འགྱུར་བར་གནས་པ་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང༌། མདོ་ལས། དགེ་སློང་དག་འདི་ཡོད་ན་འདི་འབྱུང་སྟེ། འདི་སྐྱེས་པ་ལས་འདི་སྐྱེའོ། ཞེས་གསུངས་པ་ལྟར་རྒྱུ་སྔོན་དུ་སོང་བ་ལས་ཕྱིས་འབྲས་བུ་དེ་འབྱུང་བར་ངེས་ཤིང་རྟོགས་པ་རྣམས་ཡོད་པའི་དུས་ན་རྒྱུ་འབྲས་སྣང་ཙམ་དུ་བདེན་པ་དེའང་ཡོད་པས་བདེན་གཉིས་ཀྱི་རྣམ་བཞག་ཀྱང་ཡོད་དེ། དེ་ལྟར་མིན་པར་རྒྱུ་འབྲས་སུ་སྣང་བ་འདི་འགགས་ནས་མེད་པའི་དུས་ན་ཀུན་རྫོབ་མེད་པ་ཉིད་ཡིན་ཡང༌། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་གྲུབ་པས་སྐྱོན་ཅུང་ཟད་ཀྱང་མེད་དོ། །དེས་ན་དོན་དམ་པར་སྟོང་པ་ཉིད་ཡིན་ཡང་ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་པ་ནི་མི་འགལ་ཏེ། (འཕགས་པ་ཀླུ་སྒྲུབ་ཀྱིས་)སྟོང་པ་ཁོ་ནའི་ཆོས་རྣམས་ལ། །སྟོང་པའི་ཆོས་རྣམས་འབྱུང་བར་འགྱུར། །ཞེས་པ་དང༌། སྟོང་ལ་འདི་དག་ཀུན་འཐད་ཀྱི། །མི་སྟོང་པ་ལ་འཐད་མ་ཡིན། །ཞེས་གསུངས་པ་ལྟར་རོ། ། (གཉིས་པ་)དཔྱོད་ཚུལ་མི་འཐད་པར་ཐལ་བར་སྤང་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་ཡུལ་དང་ཡུལ་ཅན་བདེན་པར་མ་གྲུབ་པས་དཔྱོད་བྱེད་ཀྱི་བློ་མེད་པའི་ཕྱིར་དགག་སྒྲུབ་རྣམ་པར་དཔྱོད་པའང་མི་འཐད་དོ་ཞེ་ན། དོན་དམ་དུ་བདེན་པ་མེད་ཀྱང་ཀུན་རྫོབ་ཙམ་དུ་རྟོག་པར་བྱེད་པའི་བློ་དང་བརྟག་པར་བྱ་བའི་ཡུལ་དག་ནི་གཉིས་པོ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཇོག་པ་ཡིན་པས། རེ་ཞིག་ཇི་ལྟར་འཇིག་རྟེན་ན་སྣང་བ་དང་གྲགས་པ་ཙམ་ལ་བརྟེན་ནས་དགག་སྒྲུབ་ཀྱི་རྣམ་པར་དཔྱད་པ་ཐམས་ཅད་བརྗོད་པ་ཡིན་པས་སྐྱོན་མེད་དོ། །འོན་ཏེ་གང་གི་ཚེ་དང་པོར་རྣམ་པར་དཔྱད་པ་ཡིས་བཙལ་ནས་རྣམ་དཔྱོད་བདེན་པར་གྲུབ་པ་ཉིད་ཀྱིས་ནི་ཡུལ་ལ་དཔྱོད་པར་བྱེད་དགོས་པ་ཡིན་ན། དེའི་ཚེ་རྣམ་པར་དཔྱོད་བྱེད་ཀྱི་ཤེས་པ་དེ་ཡང་ནི་རྣམ་དཔྱོད་གཞན་ཞིག་གིས་རྣམ་པར་དཔྱོད་དགོས་པར་རིགས་པ་མཚུངས་པའི་ཕྱིར་ན་རྣམ་པར་དཔྱོད་བྱེད་ཐུག་པ་མེད་པར་ཐལ་བའི་སྐྱོན་དུ་འགྱུར་རོ། །འདིར་ནི་བློའི་ངོ་བོ་ལ་མ་དཔྱོད་ཀྱང་དཔྱད་པར་བྱ་བའི་ཡུལ་རིགས་པས་རྣམ་པར་དཔྱད་པར་བྱས་ནས་སྟོང་པ་ཉིད་དུ་གྲུབ་པ་ན། རྣམ་པར་དཔྱོད་བྱེད་ཀྱི་བློ་ལ་ནི་རྟེན་ནམ་ཡུལ་ཡོད་པ་མིན་ལ། རྟེན་དམིགས་ཡུལ་བདེན་པར་མེད་པའི་ཕྱིར་ན་ཡུལ་ཅན་གྱི་བློ་ཡང་མི་སྐྱེ་སྟེ། ཡུལ་དང་ཡུལ་ཅན་ལ་སོགས་པ་སྐྱེ་བ་མེད་པའི་ཆོས་ཉིད་དེ་ཡང་རང་བཞིན་གྱིས་མྱ་ངན་ལས་འདས་པར་བརྗོད་དེ་གདོད་མ་ནས་སྤྲོས་པ་ཉི་བར་ཞི་བའི་ཕྱིར་རོ། ། (གསུམ་པ་)གཟུང་འཛིན་དགག་པ་ལ་གསུམ་ལས། (དང་པོ་)སྒྲུབ་བྱེད་བརྟགས་ཏེ་དགག་པ་ནི། དངོས་སྨྲ་པ་གང་གི་ལུགས་ལྟར་ན་ཡུལ་དང་ཡུལ་ཅན་འདི་གཉིས་རྟེན་དང་བརྟེན་པའི་ཚུལ་གྱིས་དོན་དམ་དུ་བདེན་པར་འདོད་པ་དེ་ཉིད་བསྐྱང་བ་ཤིན་ཏུ་དཀའ་བར་གནས་ཏེ། སྒྲུབ་བྱེད་ཡང་དག་མེད་པའི་ཕྱིར་རོ། །དེ་ཡང་གལ་ཏེ་སྒྲུབ་བྱེད་ཡུལ་ཅན་གྱི་ཤེས་པ་ཡོད་པའི་དབང་ལས་ཤེས་བྱའི་ཡུལ་ལམ་དོན་བདེན་པར་གྲུབ་པར་འདོད་ན་ཤེས་པ་དེ་རང་ཡོད་པ་ཉིད་དུ་འཇོག་པ་ལ་རྟེན་ནམ་སྒྲུབ་བྱེད་ཅི་ཞིག་ཡོད་དེ་ཅི་ཡང་གྲུབ་པ་མེད་དོ། །འོན་ཏེ་ཤེས་བྱའི་ཡུལ་ལམ་དོན་ཡོད་པ་ཉིད་ལས་ཡུལ་ཅན་གྱི་ཤེས་པ་བདེན་པར་གྲུབ་པར་འདོད་ན་ཤེས་བྱ་དེ་རང་ཡོད་པར་བཇོག་པ་ལའང་རྟེན་ནམ་སྒྲུབ་བྱེད་ཅི་ཞིག་ཡོད་དེ་ཅི་ཡང་མེད་པས་སྒྲུབ་བྱེད་ཡང་དག་མེད་པར་གྲུབ་བོ། ། (གཉིས་པ་)ལྟོས་པས་དོན་ལ་མེད་ཚུལ་ནི། དེ་སྟེ་ཡུལ་ཅན་ཤེས་པ་དང་ཡུལ་ཤེས་བྱ་དེ་དག་ཕན་ཚུན་གཅིག་ལ་གཅིག་ལྟོས་པའི་དབང་གིས་བདེན་པར་ཡོད་དོ་ཞེ་ན། སྣང་ཙམ་དུ་དེ་ལྟར་ཡིན་ཡང་རྣམ་པར་དཔྱད་ན་ཡུལ་དང་ཡུལ་ཅན་གཉི་ག་ཡང་ནི་དོན་ལ་བདེན་པ་མེད་པར་འགྱུར་ཏེ། ལྟོས་བཅས་ཡིན་པས་གང་རུང་གཅིག་མ་གྲུབ་ན་གཉི་ག་མི་འགྲུབ་པའི་ཕྱིར་རོ། །དཔེར་ན་གལ་ཏེ་བུ་མེད་པའི་སྐྱེས་བུ་དེ་ནི་ཕ་ཉིད་དུ་འགྱུར་བ་མིན་ན་སྐྱེད་བྱེད་མ་གྲུབ་པས་བུ་ཉིད་གང་ལས་འབྱུང་བ་ཡིན་ཏེ་མི་འབྱུང་ཞིང༌། བུ་སྐྱེད་པ་མེད་པར་ནི་ཕ་ཡིན་པ་མི་སྲིད་པས་དེ་གཉིས་གཅིག་གྲུབ་པ་མེད་ན་གཉིས་མི་འགྲུབ་པ་དེ་བཞིན་དུ། ཤེས་པ་དང་ཤེས་བྱ་དེ་གཉིས་ཀྱང་ལྟོས་ནས་གཞག་པས་གཅིག་བདེན་པར་མེད་ན་གཉིས་ཀ་བདེན་པར་མེད་པ་ཉིད་དོ། ། (གསུམ་པ་)དཔེ་དང་སྦྱོར་བ་དགག་པ་ནི། ལྟོས་བཅས་ཡིན་ཡང་བདེན་པ་གྲུབ་པ་མི་འགལ་ཏེ།དཔེར་ན་མྱུ་གུ་ནི་ས་བོན་ལས་སྐྱེས་ཤིང་ལྟོས་པ་ཡིན་ཡང་ས་བོན་ཡོད་པར་མྱུ་གུ་སྐྱེས་པ་དེ་ཉིད་ཀྱིས་རྟོགས་པར་བྱེད་པ་དེ་བཞིན་དུ་ཤེས་པའང་ཤེས་བྱ་ལས་སྐྱེས་ཤིང་ལྟོས་པ་ཡིན་ཡང་ཡུལ་ཅན་ཤེས་པ་ཡོད་པ་ཡི། རྟགས་ལས་ཡུལ་ཤེས་བྱ་དེ་ཡོད་པར་ནི་ཅིས་མི་རྟོགས་ཏེ། ཅིས་ཀྱང་རྟོགས་སོ་ཞེ་ན། དེ་གཉིས་དཔེ་དོན་མི་མཚུངས་ཏེ། མྱུ་གུ་ལས་ས་བོན་རྟོགས་པ་ནི་མྱུ་གུ་རྐྱང་བའི་སྟོབས་ཀྱིས་མ་ཡིན་གྱི། མྱུ་གུ་ལས་གཞན་པའི་ཤེས་པ་ཡིས་མྱུ་གུ་མཐོང་པ་ན། སྔར་ས་བོན་དང་རྒྱུ་འབྲས་འབྲེལ་པར་ངེས་པའི་དབང་གིས་དེ་ལ་རྒྱུ་ས་བོན་སྔོན་དུ་སོང་བ་ཡོད་ཅེས་བྱ་བར་སྣང་ཙམ་དུ་རྟོགས་པར་འགྱུར་བ་ཡིན་ན། རྒྱུ་མཚན་གང་གི་ཕྱིར་ཤེས་བྱ་ཡུལ་དེ་བདེན་པར་ཡོད་པར་རྟོགས་པར་བྱེད་པའི་ཤེས་པ་དོན་ལ་ཡོད་པ་ཉིད་ནི་བློ་གང་ལས་རྟོགས་ཞེས་དཔྱད་ན་གང་གིས་ཀྱང་མི་རྟོགས་ཏེ། རང་གིས་རང་མི་རིག་ཅིང་གཞན་གྱིས་རྟོགས་དགོས་ན་སྒྲུབ་བྱེད་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །དེ་བས་ན་ཀུན་རྫོབ་ཏུ་ལས་རྒྱུ་འབྲས་བདེན་པར་ཡོད་པ་ལ་ཡང་ཡིད་ཆེས་པར་བྱ་ཞིང༌། དོན་དམ་པར་གཟུང་འཛིན་དང་དགེ་མི་དགེ་ལ་སོགས་པའི་ཆོས་ཐམས་ཅད་མི་དམིགས་པར་རྟོགས་པའི་ངང་དུ་མཉམ་པར་གཞག་པར་བྱ་སྟེ། མདོ་ལས། འཇམ་དཔལ་གང་གིས་དགེ་བ་དང་མི་དགེ་བའི་ཆོས་མི་དམིགས་ན་དེ་ནི་ཆོས་ལ་ཆོས་ཀྱི་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པའོ་ཞེས་པ་ལྟར་རོ། ། ⑶ མཐར་འཛིན་མཐའ་དག་དགག་པ། (གསུམ་པ་)མཐར་འཛིན་མཐའ་དག་དགག་པ་ལ། རྒྱུ་འབྲས་ཀྱི་མཐའ་ལ་ཞེན་པ་དགག་པ། ཡོད་མེད་ཀྱི་མཐའ་དག་ཞེན་པ་དགག་པ། སྐྱེ་འགག་དང་བྲལ་བའི་དོན་ལ་གདམས་པའོ། ། ① རྒྱུ་འབྲས་ཀྱི་མཐའ་ལ་ཞེན་པ་དགག་པ། དང་པོ་ལའང༌། རྒྱུ་མེད་དུ་འདོད་པ་དགག་པ། མི་མཐུན་པས་སྐྱེད་པ་དགག་པ། རྟེན་འབྲེལ་གྱི་དོན་ལ་གདམས་པའོ། ། ༡ རྒྱུ་མེད་དུ་འདོད་པ་དགག་པ། དང་པོ་ནི། རྒྱང་འཕན་པ་ལ་སོགས་པ་དག །ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང༌། །སྲན་ཟླུམ་ཚེར་མ་གཟང་རིང་རྣོ་བ་དང༌། །རྨ་བྱའི་མདོངས་ལེགས་ལ་སོགས་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་རང་གི་ངོ་བོས་བྱུང༌། །ཞེས་པ་ལྟར་དངོས་པོ་རྣམས་རྒྱུ་མེད་ལས་སྐྱེ་བར་འདོད་པ་ནི་མི་རིགས་ཏེ། རེ་ཞིག་ཀུན་རྫོབ་ཙམ་དུ་འཇིག་རྟེན་པའི་མངོན་སུམ་དང་རྗེས་དཔག་ལ་སོགས་པ་ཉིད་ཀྱིས་འབྲས་བུ་སྣ་ཚོགས་སུ་སྣང་བ་རྣམས་རང་རང་གི་རྒྱུ་རྣམས་ཐམས་ཅད་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་མཐོང་བ་ཡིན་པའི་ཕྱིར་རོ། །དེ་ཡང་པད་མའི་སྡོང་པོ་དང་ལོ་མ་དང་འདབ་མ་དང་ཟེའུ་འབྲུ་དང་ཁ་དོག་དང་དབྱིབས་ལ་སོགས་པ་འབྲས་བུའི་དབྱེ་བ་མི་འདྲ་བ་རྣམས་ནི་རང་རང་གི་རྒྱུ་ཡི་དབྱེ་བ་མི་འདྲ་རྣམས་ཀྱིས་སོ་སོར་བསྐྱེད་པ་ཡིན་ནོ། །འོ་ན་དེ་དག་གི་རྒྱུའི་དབྱེ་བ་དེ་ཡང་གང་གིས་བྱས་ཏེ། སྔ་མས་བྱས་ན་ཐུག་མེད་དུ་འགྱུར་ཞིང་བྱེད་པ་པོ་མེད་ན་རྒྱུ་མེད་དུ་གྲུབ་བོ་ཞེ་ན་རྒྱུའི་དབྱེ་བ་མི་འདྲ་བ་དེ་དག་ཀྱང་རང་རང་གི་སྔ་མར་གྲུབ་པ་ཉིད་ཀྱི་རྒྱུའི་དབྱེ་བ་ཉིད་ལས་སྐྱེས་པས་དེ་དག་གིས་སོ་སོར་བྱས་སོ། །ཡང་ཅིའི་ཕྱིར་སྔར་གྱིས་རྒྱུ་མི་འདྲ་བ་མང་པོ་ཡིས་འབྲས་བུ་མི་འདྲ་བ་སྣ་ཚོགས་སྐྱེད་པར་ནུས་ཞེ་ན། རང་རང་གི་སྔར་གྱི་རྒྱུ་ཡི་མཐུ་ཉིད་ལས་དེ་དག་དང་མཐུན་པའི་འབྲས་བུ་སོ་སོར་འབྱུང་བ་ནི་ཆོས་ཉིད་ཀྱི་རིགས་པས་གྲུབ་ཅིང༌། རྒྱུ་ཐུག་མེད་དུ་ཐལ་བ་ནི་འདོད་པ་ཉིད་དེ་འཁོར་བ་ལ་ཐོག་མ་མེད་པའི་ཕྱིར་རོ། ། ༢ མི་མཐུན་པས་བསྐྱེད་པ་དགག་པ། (གཉིས་པ་)མི་མཐུན་པས་བསྐྱེད་པ་དགག་པ་ལ། དབང་ཕྱུག་དང༌། རྡུལ་ཕྲན་དང༌། གཙོ་བོ་རྟག་པས་བསྐྱེད་པ་དགག་པའོ། །དང་པོ་ནི། བྱེ་བྲག་པ་ལ་སོགས་པ་འགའ་ཞིག་དབང་ཕྱུག་ཅེས་བྱ་བའི་ལྷ་གཙང་བ་ཡང་པ་མཆོད་པར་འོས་པ་རྟག་པ་གཅིག་པུ་ཀུན་ཏུ་འགྲོ་བའི་བྱེད་པ་པོ་རང་དབང་ཅན་ཡོད་པས་དེ་ནི་དངོས་པོ་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། སྐྱེ་ལྡན་གཞན་པ་ཐམས་ཅད་ཀྱི། །རྒྱུ་ནི་དབང་ཕྱུག་བྱེད་པར་བརྗོད། །སེམས་མེད་པར་ནི་རང་གི་འབྲས། །རང་ཉིད་ཀྱིས་ནི་རྩོམ་ནུས་མིན། །ཞེས་(འགྲེལ་བར་དྲངས་) པ་ལྟར་རོ་ཞེས་འདོད་ན། དེ་དགག་པ་ལ་གཉིས་ལས། (དང་པོ་)རང་བཞིན་པ་རྟགས་ཏེ་དགག་པ་ནི། དེ་ལྟ་བུའི་དབང་ཕྱུག་འགྲོ་བ་མ་ལུས་པའི་རྒྱུ་ཡིན་པར་འདོད་ན་རེ་ཞིག་དང་པོར་དབང་ཕྱུག་རང་གི་ངོ་བོ་གང་ཡིན་པ་དེ་གསལ་བར་སྨྲོས་ཤིག་ཅེས་དྲིས་པ་ལ། དེ་ནི་ས་དང་མེ་དང་ཆུ་དང་རླུང་སྟེ་འབྱུང་བ་ཆེན་པོ་རྣམས་ཡིན་ནོ་ཞེ་ན་དེ་ལྟ་ཡིན་དུ་ཆུག་མོད་རྒྱུའི་གཟུགས་འབྱུང་བ་ཆེན་པོ་རྣམས་ལས་འབྲས་བུའི་གཟུགས་འབྱུང་འགྱུར་རྣམས་གྲུབ་པར་ངེད་ཀྱང་འདོད་པས་མིང་ཐ་དད་པ་ཙམ་ལ་ཡང་དགག་སྒྲུབ་ཀྱི་སྒོ་ནས་ཅི་ཞིག་ངལ་ཏེ། ཁྱེད་ནི་དབང་ཕྱུག་ཅེས་ཟེར་ལ། ངེད་ཀྱིས་འབྱུང་བ་ཟེར་བས་མིང་ལ་མི་རྩོད་དོ། །འོན་ཀྱང་དོན་ལ་བརྟགས་ན་ས་ལ་སོགས་པའི་འབྱུང་བ་བཞི་པོ་རྣམས་ནི་ཁྱེད་འདོད་པའི་དབང་ཕྱུག་དེ་མ་ཡིན་ཏེ། དབང་ཕྱུག་ནི་གཅིག་པུར་འདོད་པ་ལ་འབྱུང་བ་རྣམས་ནི་དུ་མ་ཡིན་པའི་ཕྱིར་དང༌། དབང་ཕྱུག་ནི་རྟག་པར་འདོད་པ་ལ་འབྱུང་བ་རྣམས་ནི་མི་རྟག་པ་ཡིན་པའི་ཕྱིར་དང༌། དབང་ཕྱུག་ནི་བློ་དང་ལྡན་པར་འདོད་པ་ལ་འབྱུང་བ་རྣམས་ནི་བློའི་གཡོ་བ་མེད་པའི་ཕྱིར་དང༌། དབང་ཕྱུག་ནི་ལྷའི་འགྲོ་བར་འདོད་པ་ལ་འབྱུང་བ་རྣམས་ནི་ལྷ་མིན་ཞིང་བེམ་པོ་ཡིན་པའི་ཕྱིར་དང༌། དབང་ཕྱུག་ནི་མཆོད་པར་འོས་པར་འདོད་པ་ལ་འབྱུང་པ་རྣམས་ནི་རྐང་པ་ལ་སོགས་པས་འགོམ་པར་བྱ་བ་ཉིད་ཡིན་པའི་ཕྱིར་དང༌། དབང་ཕྱུག་ནི་གཙང་མར་འདོད་པ་ལ་འབྱུང་བ་རྣམས་ནི་བཤང་གཅི་ལ་སོགས་པའི་མི་གཙང་བས་སྦགས་པ་ཡིན་པའི་ཕྱིར་རོ། །དེ་བས་ན་མཚན་ཉིད་མི་མཐུན་པའི་ཕྱིར་འབྱུང་བ་བཞི་པོ་དེ་རྣམས་ནི་དབང་ཕྱུག་གི་ངོ་བོ་ཉིད་མ་ཡིན་པར་ངེས་སོ། །ས་ལ་སོགས་པ་དབང་ཕྱུག་མིན་ནའང་ནམ་མཁའ་ནི་དབང་ཕྱུག་ཡིན་ནོ་ཞེ་ན། དབང་ཕྱུག་ནི་ནམ་མཁའ་མིན་པ་ཉིད་དེ། དེ་ནི་བློའི་གཡོ་བ་དང་བཅས་པས་ཐམས་ཅད་ཀྱི་བྱེད་པོར་འདོད་པ་ལ། ནམ་མཁའ་ལ་ནི་བློའི་གཡོ་བ་མེད་ཅིང་བྱེད་པའང་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །ཅི་སྟེ་བདག་དབང་ཕྱུག་ཡིན་ནོ་ཞེ་ན། བདག་ནི་དབང་ཕྱུག་མིན་པ་ཉིད་དེ་སྔར་ནི་བཀག་ཟིན་ཞིང་དོན་ལ་གྲུབ་པ་མེད་པའི་ཕྱིར་རོ། ། (གཉིས་པ་)བྱེད་པོར་འདོད་པ་དགག་པ་ནི། འོན་ཏེ་ཕལ་པ་རྣམས་ཀྱིས་བསམ་པར་ནུས་པ་མིན་པ་ཡི་དབང་ཕྱུག་ནི་དངོས་པོ་ཐམས་ཅད་ཀྱི་བྱེད་པ་པོར་ཡོད་དོ་ཞེ་ན་ཡང་དེ་ལྟར་བསམ་པར་ནུས་པ་མིན་ཞིང་བློའི་ཡུལ་ལས་འདས་པ་ཡིན་ན། གཞན་ལ་བརྗོད་པས་ཅི་ཞིག་བྱ་སྟེ། སུས་ཀྱང་རྟོགས་པར་མི་ནུས་པའི་ཕྱིར་རོ། །ཡང་བསམ་གྱིས་མི་ཁྱབ་པའི་བྱེད་པ་པོ་དབང་ཕྱུག་དེས་བསྐྱེད་ཅིང་སྤྲུལ་པར་འདོད་པའི་འབྲས་བུའང་གང་ཞིག་ཡིན་ཞེས་དྲིས་པ་ལ། བདག་དང་འབྱུང་བ་བཞི་དང་ནམ་མཁའ་དང་དུས་དང་ཕྱོགས་དང་ཡིད་ལ་སོགས་པ་དང་དབང་ཕྱུག་གི་རིགས་རྒྱུན་ཕྱི་མ་རྣམས་ཡིན་ནོ་ཞེ་ན། བདག་དེ་དང་འབྱུང་བ་ས་ལ་སོགས་པ་རྣམས་དང་དབང་ཕྱུག་རང་གི་ངོ་བོའང་རྟག་པར་ཁས་བླངས་པ་མིན་ནམ་སྟེ་ཡིན་པས་དབང་ཕྱུག་གི་འབྲས་བུར་མི་རུང་སྟེ། རྟག་པ་ཡིན་པ་དང་སྐྱེད་འབྲས་ཡིན་པ་ནི་ཤིན་ཏུ་འགལ་བའི་ཕྱིར་རོ། །དེ་བཞིན་དུ་ཤེས་པ་དང་བདེ་སྡུག་ལ་སོགས་པའང་དབང་ཕྱུག་གིས་བསྐྱེད་པ་མ་ཡིན་ཏེ། སྣང་ཙམ་དུ་ཤེས་པ་ནི་དོན་གྱི་རྣམ་པ་ཅན་དུ་ཤེས་བྱའི་ཡུལ་ལས་སྐྱེས་པའི་ཕྱིར་དང། རིག་པ་ཙམ་དུ་ཐོག་མ་མེད་པ་ཅན་གྱི་རིག་པ་སྔ་མ་སྔ་མ་ལས་སྐྱེས་པའི་ཕྱིར་དང༌། བྱེ་བྲག་ཏུ་བདེ་བ་དང་སྡུག་བསྔལ་མྱོང་པ་ནི་ལས་དགེ་བ་དང་མི་དགེ་བ་ལས་སྐྱེས་པ་ཡིན་པའི་ཕྱིར་རོ། །དེ་བས་ན་བྱེད་པ་པོར་འདོད་པའི་དབང་ཕྱུག་དེ་ཡིས་བྱ་བའི་འབྲས་བུ་གང་ཞིག་བསྐྱེད་པ་སྨྲོས་ཞེས་དྲིས་ན་ཅིའང་སྨྲ་རྒྱུ་མེད་དེ། རྟག་པར་ཁས་བླངས་བའི་ཕྱིར་དང༌། ཐམས་ཅད་སྐྱེད་པའི་ནུས་པའང་མེད་པའི་ཕྱིར་རོ། །ཡང་རྒྱུ་དབང་ཕྱུག་ལ་ཐོག་མ་ཡོད་པ་མིན་ཞིང་དེས་ཐམས་ཅད་བསྐྱེད་པ་ཡིན་ན། འབྲས་བུ་ཐམས་ཅད་ལ་ཡང་ཐོག་མ་ག་ལ་ཡོད་དེ་ཐོག་མ་མེད་པ་ཅན་ཁོ་ནར་འགྱུར་ཞིང༌། དེ་ལྟ་ན་ནི་འབྲས་བུ་གསར་བྱུང་མི་སྲིད་པར་ཡང་ཐལ་བར་འགྱུར་རོ་ཞེས་པའམ། ཡང་ན་བྱེད་པ་པོ་དབང་ཕྱུག་མེད་པའི་ལུགས་ལ་འཇིག་རྟེན་གྱི་ཆགས་འཇིག་གང་ལས་བྱུང་ཞེ་ན། འཁོར་བའི་རྒྱུ་ལས་དང་ཉོན་མོངས་པ་རྣམས་ལ་སྔོན་ཐོག་མ་འདི་ནས་བྱུང་ཞེས་བྱ་བ་ཡོད་པ་མིན་ན། འབྲས་བུ་སྣོད་བཅུད་ཆགས་འཇིག་གི་ཡང་ཐོག་མ་ངེས་པ་ག་ལ་ཡོད་དེ་མེད་པས་ཐོག་མེད་ནས་བརྒྱུད་པ་ལས་བྱུང་པ་ཉིད་དོ། །གལ་ཏེ་དབང་ཕྱུག་གིས་བྱས་པ་ཡིན་ན། འབྲས་བུ་ཐམས་ཅད་དུས་རྟག་ཏུ་ཅིའི་ཕྱིར་བྱེད་པ་མིན་ཏེ་བྱེད་རྒྱུ་ནུས་པ་ཐོགས་མེད་རྟག་ཏུ་ཡོད་པའི་ཕྱིར་རོ༑ ༑དབང་ཕྱུག་རྟག་ཀྱང་འབྲས་བུ་རྟག་ཏུ་སྐྱེད་པའི་ངེས་པ་མེད་དེ། རྐྱེན་གཞན་རེས་འགའ་བ་ལ་ལྟོས་པའི་ཕྱིར་རོ་ཞེ་ན། དབང་ཕྱུག་དེ་ནི་འབྲས་བུ་སྐྱེད་པ་རྐྱེན་གཞན་ལ་ལྟོས་པ་འཐད་པ་མིན་ཏེ། རྟག་པ་ཡིན་པ་དང༌། དེས་བྱས་པ་མིན་པའི་དངོས་པོ་གཞན་ཅུང་ཟད་ཀྱང་ཡོད་པ་མིན་པར་ཁས་བླངས་པའི་ཕྱིར་རོ། །དེ་བས་ན་དབང་ཕྱུག་དེས་འབྲས་བུ་སྐྱེད་པ་འདི་རྐྱེན་གང་ལ་ལྟོས་པར་འགྱུར་ཞེས་བརྟགས་ན་གང་ལ་ཡང་ལྟོས་པར་མི་འགྱུར་ཏེ། རང་གི་འབྲས་བུ་ལ་ལྟོས་པ་ནི་མི་རིགས་པའི་ཕྱིར་དང༌། རང་གི་འབྲས་བུ་མ་ཡིན་པའི་དངོས་པོ་ཡང་མེད་པའི་ཕྱིར་རོ། །གལ་ཏེ་རྐྱེན་ལ་ལྟོས་ན་རྐྱེན་ཚོགས་པ་དེ་ཉིད་འབྲས་བུའི་རྒྱུ་ཡིན་པར་འགྱུར་གྱི་དབང་ཕྱུག་ནི་བྱེད་པ་པོ་མིན་པ་ཉིད་དེ། རྒྱུ་ཚོགས་པ་གྲངས་ཚང་ཞིང་གེགས་མེད་ན་འབྲས་བུ་མི་སྐྱེ་བའི་དབང་མེད་ཅིང་རྒྱུ་ཚོགས་པ་དེ་མེད་པར་ནི་དབང་ཕྱུག་གིས་སྐྱེད་པའང་མེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་དབང་ཕྱུག་དེ་འབྲས་བུ་སྐྱེད་པར་མི་འདོད་བཞིན་དུ་རྐྱེན་ཚོགས་པས་འབྲས་བུ་སྐྱེད་པར་བྱེད་ན་གཞན་གྱི་དབང་དུ་ཐལ་བར་འགྱུར་ཞིང༌། འོན་ཏེ་དབང་ཕྱུག་གི་འདོད་པ་ལས་སྐྱེ་ནའང་འབྲས་བུ་སྐྱེ་བ་ནི་འདོད་པ་ཉིད་ལ་རག་ལས་པར་འགྱུར་བས། དེ་ལྟར་འདོད་པའི་དབང་གིས་འབྲས་བུ་བྱེད་ན་རྟག་གཅིག་རང་དབང་ཅན་གྱི་དབང་ཕྱུག་བརྟན་གཡོ་ཐམས་ཅད་ཀྱི་བྱེད་པ་པོ་ག་ལ་ཡིན་ཏེ་མ་ཡིན་པར་གྲུབ་པོ། ། (གཉིས་པ་)རྡུལ་ཕྲན་རྟག་པས་བསྐྱེད་པ་དགག་པ་ནི། དཔྱོད་པ་པ་ལ་སོགས་པ་གང་དག་རྡུལ་ཕྲན་ཆ་མེད་རྟག་ཏུ་ཡོད་པ་ལས་བརྟན་གཡོའི་འཇིག་རྟེན་ཐམས་ཅད་སྐྱེ་བར་སྨྲ་བ་དེ་དག་ཀྱང་ནི་རིགས་པ་མ་ཡིན་ཏེ། རྡུལ་ཕྲན་ཆ་མེད་རྟག་པ་ཉིད་མ་གྲུབ་པའི་ཕྱིར་རོ། །དེ་ཡང༌། ཕྱོགས་དབྱེའང་ཆ་ཤས་དང་བྲལ་ཕྱིར། །མཁའ་བཞིན་དེས་ན་རྡུལ་ཡང་མེད། །ཅེས་པ་ལ་སོགས་པའི་རིགས་པས་སྔར་བཟློག་ཟིན་ཞིང༌། གཞན་ཡང༌། རྡུལ་ཕྲན་འདུས་ནས་རགས་པ་རྩོམ་པ་ན་དབུས་རྡུལ་ལ་ཕྱོགས་དྲུག་ནས་སྦྱོར་ན་ཆ་དང་བཅས་པར་འགྱུར་ཞིང༌། ཕྱོགས་གཅིག་ནས་སྦྱོར་བས་ཆ་མཉམ་ན་རགས་པ་རྩོམ་མི་ནུས་པའི་ཕྱིར་ཡང་དཔྱད་ན་བདེན་པར་གྲུབ་མ་མེད་དེ། ཉི་ཤུ་པར། དྲུག་གིས་གཅིག་ཅར་སྦྱར་བ་ན། །ཕྲ་བར་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པ་ལྟར་རོ། ། (གསུམ་པ་)གཙོ་བོ་རྟགས་པ་བསྐྱེད་པ་དགག་པ་ལ་གཉིས་ལས། (དང་པོ་) འདོད་པ་བརྗོད་པ་ནི། གྲངས་ཅན་པའི་ལུགས་ཀྱི་ཤེས་བྱ་ཐམས་ཅད་གྲངས་ཉི་ཤུ་རྩ་ལྔར་ངེས་པར་འདོད་ལ། དེ་ཡང་བདག་རྟག་པ་ཤེས་རིག་གི་སྐྱེས་བུ་ནི་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མ་ཡིན་པ་དང༌། གཙོ་བོ་རྟག་པ་གཅིག་པུ་བེམ་པོ་སྣང་ཤེས་ཀྱི་ཡུལ་ལས་འདས་པ་ཐམས་ཅད་ཀྱི་བྱེད་པ་པོར་གྱུར་པ་ནི་འགྲོ་བ་བརྟན་གཡོ་མ་ལུས་པ་ཡི་རྒྱུ་ཡིན་པར་ནི་གྲངས་ཅན་རྣམས་འདོད་ཅིང༌། དེའི་ངོ་བོ་ལ་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བའི་མིང་ཅན་བདེ་སྡུག་བཏང་སྙོམས་ཀྱི་ཡོན་ཏན་གསུམ་ཆ་མཉམ་པར་གནས་པ་ནི་རང་བཞིན་ཁོ་ན་ཡིན་པ་རྒྱུའི་གཙོ་བོ་ཞེས་བྱ་བར་རབ་ཏུ་བརྗོད་དེ་དེ་གསུམ་ཆ་མི་མཉམ་པ་ལས་གནས་སྐབས་རྣམ་འགྱུར་ཁོ་ན་ཡིན་པ་རྣམས་འབྱུང་བ་ནི་ཐོག་མར་བློ་འམ་ཆེན་པོ་ཞེས་བྱ་བ་ཤེལ་གྱི་མེ་ལོང་ངོས་གཉིས་པ་ལྟ་བུ་ཤིན་ཏུ་དྭངས་པར་གྱུར་པ་ལ་ནང་ནས་སྐྱེས་བུ་དང་ཕྱི་ནས་ཡུལ་གྱི་གཟུགས་བརྙན་ཤར་བ་འདྲེས་པས་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་ཅིང༌། དེ་ལས་ང་རྒྱལ་དང༌། དེ་ལས་མིག་ལ་སོགས་པ་ནང་བློའི་དབང་པོ་ལྔ་དང༌། ཁ་དང་རྐང་ལག་འདོམས་དང་བཤང་ལམ་སྟེ་ཕྱི་ལས་ཀྱི་དབང་པོ་ལྔ་དང༌། དེ་གཉིས་ཀའི་བདག་ཉིད་ཡིད་ཀྱི་དབང་པོ་དང༌། སྒྲ་ལ་སོགས་པ་ཡུལ་དེ་ཙམ་ལྔ་སྟེ་ཚོགས་རྣམ་པ་བཅུ་དྲུག་འབྱུང་ལ། དེ་ཙམ་ལྔ་ལས་ནམ་མཁའ་དང་བཅས་པའི་འབྱུང་བ་རྣམ་པ་ལྔ་པོ་འབྱུང་བས། (བདག་དང་གཙོ་བོ་མ་གཏོགས་པ་)ཕྱི་མ་ཉི་ཤུ་རྩ་གསུམ་ནི་འབྲས་བུ་འགྲོ་བ་ཡིན་པར་བརྗོད་དེ། རང་བཞིན་(གཙོ་བོ་)ལས་ཆེན་(པོ་)དེ་ལས་ང་རྒྱལ་ཏེ། །དེ་ལས་(དབང་བོ་བཅུ་གཅིག་ཡུལ་ལྔ་སྟེ་)ཚོགས་ནི་རྣམ་པ་བཅུ་དྲུག་འབྱུང༌། །དེ་ལྟར་བཅུ་དྲུག་འབྱུང་བ་དེ་ཡི་ཡང༌། །དེ་ཙམ་ལྔ་ལས་འབྱུང་བ་རྣམ་ལྔ་འབྱུང༌། །ཞེས་པ་ལྟར་རོ། ། (གཉིས་པ་)དེ་ཉིད་དགག་པ་ལ་ལྔ་ལས། (དང་པོ་)རང་བཞིན་ཡོན་ཏན་རྣམ་འགྱུར་དགག་པ་ནི། གཙོ་བོ་དེ་རྟག་པ་གཅིག་པུ་ཡིན་པར་འདོད་པའི་ལུགས་ལ་རྡུལ་མུན་པ་སྙིང་སྟོབས་ཀྱི་རང་བཞིན་གསུམ་ཆ་མཉམ་པ་ཉིད་དུ་བདེན་པར་ཡོད་དོ་ཞེས་པ་ནི་རིགས་པ་མིན་པར་འགྱུར་ཏེ། གཅིག་ཡིན་པ་དང་གསུམ་ཡིན་པ་ནི་ཤིན་ཏུ་འགལ་བའི་ཕྱིར་རོ། །དེ་བས་ན་གཙོ་བོ་དེ་ནི་བདེན་པར་གྲུབ་པ་ཡོད་པ་མིན་པས། དེ་ཁེགས་པ་ན་དེའི་འབྲས་བུར་འདོད་པ་ཐམས་ཅད་ཀྱང་ཁེགས་པར་འགྱུར་རོ༑ ༑འོན་ཏེ་གཅིག་ཡིན་ཡང་གསུམ་དུ་འགྱུར་བ་ནི་མི་འགལ་ཏེ། རྡུལ་ལ་སོགས་པ་རེ་རེའི་ངོ་བོར་གྲུབ་པའི་བེམ་པོ་ཐམས་ཅད་ཀྱང་ཡོན་ཏན་གསུམ་གསུམ་གྱི་བདག་ཉིད་དུ་འདོད་པའི་ཕྱིར་རོ་ཞེ་ན། གཙོ་བོ་བདེན་པ་མེད་པ་དེ་བཞིན་དུ་རྡུལ་མུན་པ་སྙིང་སྟོབས་ཞེས་བྱ་བའི་ཡོན་ཏན་གསུམ་པོ་རྣམས་ཀྱང་རང་རང་གི་ངོ་བོ་རེ་རེར་བདེན་པ་ཡོད་པ་མིན་པར་འགྱུར་ཏེ། དེ་དག་རེ་རེ་ཞིང་ཡང་རྡུལ་གྱི་རྡུལ་དང་རྡུལ་གྱི་མུན་པ་དང་རྡུལ་གྱི་སྙིང་སྟོབས་ཞེས་པ་ལ་སོགས་པ་སོ་སོར་རྣམ་པ་གསུམ་གསུམ་གྱི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །དེ་ལྟར་རྒྱུར་འདོད་པའི་ཡོན་ཏན་གསུམ་བདེན་པར་གྲུབ་པ་མེད་ན་འབྲས་བུར་འདོད་པའི་སྒྲ་སོགས་རྣམ་འགྱུར་རྣམས་ཀྱང་ཡོད་པ་ཉིད་ཤིན་ཏུ་རྒྱང་རིང་ཞིང་མེད་པར་འགྱུར་ཏེ། རྒྱུ་མེད་ན་འབྲས་བུ་མི་འབྱུང་བ་ནི་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་རོ། ། (གཉིས་པ་)བདེ་སོགས་དོན་དུ་གྲུབ་པ་དགག་པ་ནི། རྟག་ཏུ་བདེ་སོགས་སེམས་པ་མིན། །འདི་ནི་གསལ་བར་ཡང་དག་མཐོང༌། །ཞེས་(འགྲེལ་བར་གྲངས་པ་ལྟར་)གོས་ལ་སོགས་པ་ཕྱི་རོལ་ཀྱི་དོན་རྣམས་ཀྱང་བདེ་བ་ལ་སོགས་པ་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་དུ་འདོད་ན། སེམས་མེད་པའི་དངོས་པོ་གོས་ལ་སོགས་པ་ཕྱི་རོལ་གྱི་དོན་རྣམས་ལ་བདེ་བ་ལ་སོགས་པའི་ཚོར་བ་བདག་ཅིག་ཏུ་ཡོད་པ་སྲིད་པའང་མིན་པར་འགྱུར་ཏེ། སིམ་པ་ལ་སོགས་པའི་ངོ་བོར་མ་དམིགས་པའི་ཕྱིར་རོ། །འོན་ཏེ་གོས་ལ་སོགས་པའི་དངོས་པོ་རྣམས་བདེ་སོགས་དེའི་རྒྱུའི་རང་བཞིན་ཡིན་པས་རྒྱུ་ལ་འབྲས་བུ་རྫས་གཅིག་ཏུ་ཡོད་དོ་ཞེ་ན། གོས་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་རྣམས་ནི་བདེ་སོགས་ཀྱི་རྒྱུ་མ་ཡིན་ཏེ། སྔར་ཡན་ལག་ཅན་དང་རྡུལ་ཕྲ་རབ་དང་གཟུང་འཛིན་འགོག་པའི་སྐབས་སུ་རྣམ་པར་དཔྱད་ནས་བདེན་མེད་དུ་གྲུབ་ཟིན་པ་མིན་ནམ་སྟེ་ཡིན་པའི་ཕྱིར་རོ། །ཡང་ཁྱོད་ཀྱི་ལུགས་ལ་རྣམ་འགྱུར་འབྲས་བུའི་དངོས་པོ་ཐམས་ཅད་ཀྱི་རྒྱུ་ཡང་བདེ་བ་ལ་སོགས་པ་ཚོར་བ་གསུམ་གྱི་ངོ་བོ་ཡོན་ཏན་གསུམ་པོ་ཉིད་ཡིན་པར་འདོད་ན། འཇིག་རྟེན་ན་ནི་བདེ་བ་ལ་སོགས་པ་དེ་དག་ལས་སྣམ་བུ་ལ་སོགས་པ་འབྱུང་བར་མཐོང་བ་མེད་ཀྱི་ཀུན་རྫོབ་ཙམ་དུ་སྣམ་བུ་ལ་སོགས་པའི་ཡུལ་ཡིད་དུ་འོང་མི་འོང་སྣ་ཚོགས་སུ་སྣང་བ་ལས་ནི་ཚོར་བ་བདེ་སྡུག་ལ་སོགས་པ་སྣ་ཚོགས་འབྱུང་བར་མཐོང་བ་དང་ཡང་འགལ་བ་ཡིན་ནོ། །དོན་དམ་པར་ནི་རྒྱུ་རྣམ་བུ་ལ་སོགས་པའི་ཡུལ་དེ་དག་བདེན་པར་མེད་པའི་ཕྱིར་ན་འབྲས་བུ་བདེ་བ་ལ་སོགས་པའི་ཡུལ་ཅན་ཡང་བདེན་པ་མེད་པར་གྲུབ་པོ། ། (གསུམ་པ་)བདེ་སོགས་རྟག་པར་འདོད་པ་དགག་པ་ནི། བདེ་བ་ལ་སོགས་པའི་ངོ་བོ་ཡོན་ཏན་གསུམ་གྱི་རང་བཞིན་ནི་རྟག་པ་མ་ཡིན་ཏེ། རྟག་པ་ཉིད་དུ་ཡང་ནམ་ཡང་ཚད་མས་དམིགས་ཤིང་མྱོང་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བདེ་བ་ལ་སོགས་པ་རྟག་ཏུ་གསལ་བར་ཡོད་པ་ཉིད་ཡིན་ན། གསལ་བའི་ངོ་བོ་དེ་མྱོང་བའི་ཚུལ་གྱིས་རྟག་ཏུ་ཅིའི་ཕྱིར་འཛིན་མ་ཡིན་ཏེ་འཛིན་དགོས་པ་ལས། དེ་ལྟར་མ་ཡིན་ཅིང་རེས་འགའ་བར་དམིགས་པའི་ཕྱིར་ཡང་མི་རྟག་པར་གྲུབ་བོ། །རྟག་ཏུ་ཡོད་ཀྱང་དེ་ཉིད་རེས་འགའ་ཕྲ་མོར་གྱུར་པས་མྱོང་བ་མ་ཡིན་ནོ་ཞེ་ན། བདེ་སོགས་དེ་དག་རེས་འགའ་རགས་པ་དང་རེས་འགའ་ཕྲ་བར་འགྱུར་བའང་ཇི་ལྟར་ཡིན་ཏེ་རྟག་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་སྔར་གྱི་རགས་པའི་ངོ་བོ་དོར་ནས་ཕྱིས་ཕྲ་མོའི་ངོ་བོར་གྱུར་བས་སྣ་ཚོགས་སུ་འགྱུར་བ་ཡིན་ན། ཕྲ་རགས་སུ་སྣང་བ་དེ་དག་ལ་མི་རྟག་པས་ཁྱབ་པ་ཉིད་ཡིན་ནོ། །བདེ་སོགས་མི་རྟག་པར་གྲུབ་པ་དེ་བཞིན་དུ་རྣམ་འགྱུར་འབྲས་བུའི་དངོས་པོ་ཐམས་ཅད་ཀྱང་མི་རྟག་པ་ཉིད་དུ་ཅིས་མི་འདོད་ཅེས་རྟགས་ན་འདོད་དགོས་ཏེ། རྣམ་འགྱུར་རགས་པ་རྣམས་ནི་བདེ་སོགས་ཡོན་ཏན་གསུམ་ལས་གཞན་མིན་པར་འདོད་ན་བདེ་བ་ལ་སོགས་པ་ནི་ཕྲ་རགས་ཀྱི་སྒོ་ནས་གསལ་བར་མི་རྟག་པ་ཉིད་དུ་གྲུབ་ཟིན་པའི་ཕྱིར་རོ། ། (བཞི་པ་)རྒྱུ་ལ་འབྲས་བུ་གནས་པ་དགག་པ་ནི། གལ་ཏེ་བདེ་བ་ལ་སོགས་པ་རྟག་ཏུ་མེད་ན་སྔར་ལ{ས}་[གཅིག]འགགས་པའི་དངོས་པོ་འགའ་ཡང་ནི་ཕྱིས་སྐྱེ་བ་མིན་པར་འགྱུར་ཏེ། རྒྱུའི་དུས་ན་གནས་པ་མེད་པའི་ཕྱིར་རོ་ཞེས་གྲངས་ཅན་པ་འདོད་ན་རྒྱུའི་གནས་སྐབས་ན་གསལ་བ་མེད་པར་འབྲས་བུ་སྐྱེ་བ་ནི་ཁྱོད་ཀྱི་ལུགས་ལའང་དངོས་སུ་མི་འདོད་ཀྱང་དོན་ལ་གནས་པ་ཉིད་དེ། སྔར་གསལ་བར་མེད་པ་ལས་ཕྱིས་གསལ་བར་སྐྱེ་བ་ཁས་བླངས་བའི་ཕྱིར་དང༌། སྣང་ཙམ་དུ་ཡང་རྒྱུ་ལས་འབྲས་བུ་སྔར་མེད་གསར་དུ་སྐྱེ་བར་དམིགས་པའི་ཕྱིར་རོ། །ཡང་གལ་ཏེ་རྒྱུ་ལ་འབྲས་བུའི་ངོ་བོ་གཅིག་ཏུ་གནས་ན་ཟན་བཟང་པོ་ཟ་བ་རྣམས་ཀྱང་མི་གཙང་བ་ངན་པ་ཟ་བར་ཧ་ཅང་ཐལ་འགྱུར་ཏེ། རྒྱུ་ཟན་ལ་འབྲས་བུ་མི་གཙང་བ་ངོ་བོ་གཅིག་ཏུ་གནས་པའི་ཕྱིར་རོ། །དེ་བཞིན་དུ་རས་བཟང་པོ་ཉོས་ནས་གོན་པར་འདོད་ནའང་རས་ཀྱི་ངོ་བོ་ཉུང་ངུ་ལ་འཇལ་བའི་རིན་ཆེན་པོ་གང་ཡིན་པ་དེ་ཉིད་ཀྱིས་རས་བལ་གྱི་ས་བོན་མང་པོ་ཉོས་ལ་ཡུན་རིང་དུ་བགོ་བར་གྱིས་ཤིག་དང་རྒྱུ་རས་བལ་གྱི་ས་བོན་ལ་འབྲས་བུ་རས་ཡུག་བཟང་པོ་གཅིག་ཏུ་གནས་པའི་ཕྱིར་རོ། །རྒྱུ་ལ་འབྲས་བུ་ངོ་བོ་གཅིག་ཏུ་ཡོད་ཀྱང་འཇིག་རྟེན་པ་རྨོངས་པ་དེ་ཁོ་ན་ཉིད་མི་ཤེས་པ་རྣམས་ཀྱིས་ས་བོན་ལ་རས་ཡུག་ཡོད་པར་མི་མཐོང་བས་མི་གོན་པ་ཡིན་ནོ་ཞེ་ན། དེའང་ལན་དུ་མི་རིགས་ཏེ། མཁས་པར་འདོད་པ་དེ་ཁོ་ན་ཉིད་ཤེས་པ་ཁྱེད་ཀྱི་ལུགས་ལའང་ས་བོན་མི་གོན་པར་རས་གོན་པ་ལ་སོགས་པའི་རྣམ་གཞག་དེ་ཉིད་བྱེད་ཀྱི། བླང་དོར་ཕྱིན་ཅི་ལོག་བྱེད་པ་མ་མཐོང་བའི་ཕྱིར་རོ། །ཡང་ཁྱོད་ཀྱི་ལུགས་ལ་འབྲས་བུ་དེ་ཉིད་ཤེས་པ་དེ་རྒྱུ་འཇིག་རྟེན་པ་ལ་ཡང་ནི་ཡོད་དགོས་པས་ས་བོན་ལ་རས་ཡུག་ཡོད་པ་ལ་སོགས་པའང་དེས་ཅི་སྟེ་མཐོང་མ་ཡིན་ཏེ་མཐོང་བར་རིགས་སོ། །འོན་ཏེ་འཇིག་རྟེན་པ་རྣམས་ནི་ཚད་མ་དང་ལྡན་པ་ཉིད་མིན་པས་རྒྱུ་ལ་འབྲས་བུ་ཡོད་པ་མི་མཐོང་ངོ་ཞེ་ན། དེ་ལྟ་ན་འཇིག་རྟེན་པའི་མངོན་སུམ་དང་རྗེས་དཔག་ལ་སོགས་པས་འབྲས་བུའི་གནས་སྐབས་སྒྲ་ལ་སོགས་པ་གསལ་བར་མཐོང་བའང་བདེན་པར་ཡོད་པ་མ་ཡིན་པར་འགྱུར་ཏེ། བློ་འཁྲུལ་བའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་པའམ། ཡང་ན་འཇིག་རྟེན་པའི་བློ་ཚད་མ་མིན་ན་དེ་ཉིད་ཤེས་པས་གསལ་བར་མཐོང་བའང་བདེན་པ་མིན་པར་རིགས་པ་མཚུངས་སོ། །ཞེས་ཀྱང་སྦྱར་རོ། ། (ལྔ་པ་)གཉེན་པོའི་ཚུལ་ལ་རྩོད་པ་སྤང་བ་ནི། གལ་ཏེ་ཁྱེད་དབུ་མ་བའི་ལུགས་ལ་ཡུལ་འཇལ་བྱེད་ཀྱི་བློ་ཚད་མ་ཐམས་ཅད་དོན་དམ་པར་ཚད་མ་མིན་ན། དེས་ཆོས་ཐམས་ཅད་རང་བཞིན་མེད་པར་གཞལ་བའི་སྟོང་པ་ཉིད་ཀྱང་བརྫུན་པར་མི་འགྱུར་རམ་སྟེ་འགྱུར་ལ། དེ་ཁོ་ན་ཉིད་དུ་ན་གཉེན་པོ་སྟོང་པ་ཉིད་སྒོམ་པའང་བདེན་པ་མེད་པ་དེའི་ཕྱིར་མི་འཐད་པར་འགྱུར་རོ་ཞེ་ན། དཔྱད་ན་བརྫུན་པ་ཡིན་ཡང་རེ་ཞིག་གཉེན་པོར་འགྱུར་བ་ནི་མི་འགལ་ཏེ་དགག་བྱ་བུམ་པ་ལ་སོགས་པ་བརྟགས་པའི་དངོས་པོ་ལ་མ་རེག་ཅིང་མ་དཔྱད་པར། དེ་བཀག་པ་ཡིད་དངོས་མེད་འཛིན་པ་ནི་སྲིད་པ་མ་ཡིན་ལ། དགག་བྱ་བདེན་པའི་དངོས་པོ་མ་གྲུབ་པ་དེའི་ཕྱིར་བརྫུན་པའི་དངོས་པོ་གང་ཡིན་པ་དེ་བཀག་པ་ཡིད་དངོས་མེད་སྟོང་བ་ཉིད་ཀྱང་གསལ་བར་བརྫུན་པ་ཉིད་ཡིན་མོད། འོན་ཀྱང་དེ་སྒོམ་པ་ནི་འཐད་དེ་བདེན་པར་འཛིན་པའི་གཉེན་པོ་བྱེད་པའི་ཕྱིར་རོ། །དེས་ན་རྨི་ལམ་དུ་བུ་སྐྱེས་ནས་ཤི་བ་རྨིས་ལ། བུ་དེ་ཤི་ནས་མེད་དོ་སྙམ་པའི་རྣམ་པར་རྟོག་པ་ནི་བུ་དེ་ཡོད་པར་འཛིན་པའི་རྣམ་པར་རྟོག་པ་ཡི་གེགས་སམ་གཉེན་པོ་ཡིན་ཞིང༌། གེགས་བྱེད་ཀྱི་རྟོག་པ་དེ་ཡང་བརྫུན་པ་ཡིན་པ་ནི་མི་འགལ་བ་བཞིན་དུ། རྟོག་པས་བཏགས་པའི་བདེན་དངོས་དང་དེ་བཀག་ཙམ་གྱི་སྟོང་ཉིད་ཀྱང་དོན་ལ་མེད་པར་མཚུངས་ཀྱང་སྤང་གཉེན་དུ་འགྱུར་བ་ནི་འགལ་བ་མེད་དོ། ། ༣ རྟེན་འབྲེལ་གྱི་དོན་ལ་གདམས་པ། (གསུམ་པ་)རྟེན་འབྲེལ་གྱི་དོན་ལ་གདམས་པ་ནི། རྒྱུ་མེད་དང་དབང་ཕྱུག་དང་གཙོ་བོ་ལ་སོགས་པ་ལས་དངོས་པོ་རྣམས་སྐྱེ་བ་མ་ཡིན་པ་དེ་བས་ན་གོང་དུ་བསྟན་པའི་ཚུལ་དེ་ལྟར་རྣམ་པར་དཔྱད་ན༑ སྣང་ཙམ་དུ་རང་རང་གི་རྒྱུ་ལས་བྱུང་བས་དངོས་པོ་འགའ་ཡང་རྒྱུ་མེད་ལས་བྱུང་བའང་ཡོད་པ་མ་ཡིན་ལ། དོན་དམ་པར་བདག་ལས་མ་ཡིན་གཞན་ལས་མིན། གཉིས་ལས་མ་ཡིན་ཞེས་པ་ལྟར་རང་དང་གཞན་སོ་སོ་བའམ་ནི་རང་གཞན་གཉི་ག་འདུས་པ་ཡི་རྐྱེན་རྣམས་ལ་ཡང་གནས་པའི་ཚུལ་གྱིས་སྐྱེ་བ་མ་ཡིན་ཞིང༌། དུས་གསུམ་རྫས་སུ་གྲུབ་པར་འདོད་པ་ལྟར་དུས་གཞན་ནས་འདིར་འོངས་པའང་མ་ཡིན་པས་དང་པོར་སྐྱེ་བ་མེད་ལ། བར་དུ་གནས་པའང་ཡོད་པ་མ་ཡིན་ཞིང༌། ཐ་མར་འགགས་ནས་གཞན་དུ་འགྲོ་བའང་ཡོད་པ་མ་ཡིན་ནོ། །དེ་ལྟར་བརྟགས་ན་མ་གྲུབ་ཀྱང་དེ་ཁོ་ན་ཉིད་ལ་རྨོངས་པའི་བྱིས་པ་རྣམས་ཀྱིས་བདེན་པར་གང་བྱས་པའི་ཀུན་རྫོབ་ཀྱི་སྣང་བ་འདི་དག་སྒྱུ་མའི་རྟ་དང་གླང་པོ་ལ་སོགས་པ་ལས་ནི་ཁྱད་པར་ཅི་ཞིག་ཡོད་དེ། སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པར་མཚུངས་པའི་ཕྱིར་རོ། །དེ་བས་ན་སྣང་ཙམ་དུ་སྒྱུ་མ་མཁན་གྱིས་སྤྲུལ་བའི་རྟ་གླང་ལ་སོགས་པ་གང་ཡིན་པ་དང༌། ལས་དང་ཉོན་མོངས་པ་ལ་སོགས་པ་རང་རང་གི་རྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པའི་ཀུན་རྫོབ་ཀྱི་དངོས་པོ་དེ་ནི་དོན་དམ་པའི་རིགས་པས་དང་པོར་སྐྱེ་བ་ན་གང་ནས་འོངས་པར་གྱུར་ཅིང༌། ཐ་མར་འགག་པ་ན་གང་དུ་འགྲོ་བར་འགྱུར་ལ། དེ་དག་གི་བར་གང་ན་གནས་པའི་ཚུལ་ལའང་ལེགས་པར་བརྟག་པར་གྱིས་ཤིག་དང༌། བརྟགས་ན་ནི་ཅིར་ཡང་གྲུབ་པ་མེད་དེ། ཡུམ་ལས། གཟུགས་ནི་གང་ནས་ཀྱང་འོང་བ་མེད་གང་དུ་ཡང་འགྲོ་བ་མེད་གར་ཡང་གནས་པར་འགྱུར་བ་མེད་དོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །གཞན་ཡང་འབྲས་བུའི་དངོས་པོ་གང་ཞིག་རྒྱུ་རྐྱེན་ཚོགས་པ་གཞན་ནི་ཉེ་བར་ཡོད་པ་ཡིས་མཐོང་བར་འགྱུར་གྱི་རྒྱུ་རྐྱེན་དེ་མེད་ན་མཐོང་བ་མིན་པའི་བཅོས་བུ་གློ་བུར་བ་མེ་ལོང་གི་གཟུགས་བརྙན་ལ་སོགས་པ་དང་མཚུངས་པའི་རྟེན་འབྲེལ་གྱི་སྣང་བ་དེ་ལ་དོན་དམ་པར་བདེན་པ་ཉིད་ཇི་ལྟར་ཡོད་དེ་ཅིའང་མེད་པར་གྲུབ་བོ། །སྣང་ཙམ་དུ་རྒྱུ་རྐྱེན་ལ་རག་ལུས་པ་ཉིད་ཀྱི་ཕྱིར་ཡང་དོན་དམ་པར་སྟོང་པ་ཉིད་དུ་རྟོགས་པར་བྱ་སྟེ། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པ་ལྟར་རོ། ། ② ཡོད་མེད་ཀྱི་མཐའ་དག་ཞེན་པ་དགག་པ། (གཉིས་པ་)ཡོད་མེད་ཀྱི་མཐའ་ལ་ཞེན་པ་དགག་པ་ནི། གལ་ཏེ་དངོས་པོ་རྣམས་ཡོད་པ་ཁོ་ན་མཐའ་གཅིག་ཏུ་བདེན་པར་གྱུར་བར་འདོད་ན་དེ་ལ་སྐྱེད་བྱེད་ཀྱི་རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ་ཡོད་པར་གྲུབ་ཟིན་པ་རྣམས་རྒྱུ་ལ་ལྟོས་པ་མེད་པའི་ཕྱིར་རོ། །འོན་ཏེ་དངོས་པོ་དེ་ནི་མེད་པ་ཁོ་ན་མཐའ་གཅིག་ཏུ་ངེས་ན་ཡང་དེ་ལའང་རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ། མེད་པ་ནི་རྒྱུ་རྐྱེན་གྱིས་ཕན་གདགས་བྱར་མ་གྲུབ་པའི་ཕྱིར་རོ། །དངོས་མེད་ལ་རྒྱུ་མི་དགོས་ཀྱང་དེ་དངོས་པོར་སྒྱུར་པ་ལ་རྒྱུ་དགོས་སོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། རྒྱུ་ཉུང་ངུའི་སྒོ་ནས་ལྟ་ཞོག བྱེ་བ་ཕྲག་བརྒྱའི་རྒྱུ་ཡིས་ཀྱང་དངོས་པོ་མེད་པ་ནི་ནམ་ཡང་དངོས་པོར་བསྒྱུར་དུ་མེད་པའི་ཕྱིར་རོ། །དེ་ཡང་དངོས་མེད་ཀྱི་གནས་སྐབས་དེ་མ་དོར་བར་དངོས་པོའི་ངོ་བོ་ཇི་ལྟར་ཡིན་ཏེ་མ་ཡིན་ཞིང་དངོས་མེད་ཀྱི་གནས་སྐབས་དེ་དོར་ནས་དངོས་པོར་འགྱུར་བ་གཞན་ཡང་གང་ཞིག་ཅེས་བརྟགས་ན་མ་ཡིན་ཏེ། གཏན་ནས་མེད་པའི་གནས་སྐབས་དེ་ཚེ་དངོས་པོ་ཡོད་པ་ཉིད་སྲིད་པ་མིན་ན་དེ་དངོས་པོ་ཡོད་པར་དུས་ནམ་ཞིག་ན་འགྱུར་ཏེ་ནམ་ཡང་མི་འགྱུར་བའི་ཕྱིར་དང་དངོས་པོའི་ངོ་བོ་སྐྱེས་པར་མ་གྱུར་ན་དངོས་མེད་ཀྱི་གནས་སྐབས་དེ་དང་ནི་ནམ་ཡང་འབྲལ་བར་མི་འགྱུར་ཞིང༌། དངོས་མེད་ཀྱི་གནས་སྐབས་དང་ནི་མ་བྲལ་ནའང་དངོས་པོ་ཡོད་པའི་ངོ་བོར་འགྱུར་བའི་སྐབས་མི་སྲིད་པའི་ཕྱིར་རོ། །དངོས་མེད་དངོས་པོར་མི་འགྱུར་བར་མ་ཟད། དངོས་པོའང་དངོས་པོ་མེད་པར་ནམ་ཡང་འགྱུར་བ་མིན་ཏེ། གལ་ཏེ་འགྱུར་ན་དངོས་པོ་གཅིག་ཉིད་སྔར་དངོས་པོར་ཡོད་པ་དང་ཕྱིས་དངོས་པོ་མེད་པའི་རང་བཞིན་གཉིས་སུ་བདེན་པར་ཧ་ཅང་ཐལ་བར་འགྱུར་བ་ལས། དེ་ལྟ་བུ་ནི་མི་སྲིད་པའི་ཕྱིར་རོ། །དེ་ལྟར་དངོས་པོ་ཡོད་མེད་ཀྱི་མཐའ་ལ་བརྟགས་ནའང་དོན་དམ་པར་སྐྱེ་བ་མེད་ཅིང་འགག་པ་མེད་པར་གྲུབ་པས་ཟབ་མོ་སྟོང་བ་ཉིད་ཀྱི་ཚུལ་ལ་མོས་པར་བྱའོ། ། ③ སྐྱེ་འགག་དང་བྲལ་བའི་དོན་ལ་གདམས་པ། (གསུམ་པ་)མཐའ་གཉིས་དང་བྲལ་བའི་དོན་ལ་གདམས་པ་ནི། བཤད་མ་ཐག་པའི་ཚུལ་དེ་ལྟར་བརྟགས་ན་དངོས་པོ་མེད་པར་འགྱུར་བའི་ཚུལ་གྱིས་འགག་པ་ཡོད་པ་མིན་ཞིང༌། སྔར་མེད་པ་གསར་དུ་སྐྱེ་བའི་དངོས་པོའང་ཡོད་པ་མིན་པ་དེ་ཡི་ཕྱིར་དོན་དམ་པར་འགྲོ་བ་འཇིག་རྟེན་འདི་དག་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ནི་དུས་རྟག་ཏུ་མ་སྐྱེས་ཤིང་མ་འགགས་པ་ཉིད་དེ། རང་བཞིན་སྟོང་པ་ཡིན་པའི་ཕྱིར་རོ། །ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། རིགས་ཀྱི་བུ་དེ་བཞིན་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱྀ་ཚིག་བླ་དྭགས་ཏེ་སྟོང་པ་ཉིད་དེ་ནི་མི་སྐྱེ་མྀ་འགག་གོ་ཞེས་གསུངས་པ་ལྟར་རོ། །དེ་ལྟར་རང་བཞིན་སྟོང་ཉིད་ཡིན་ཞིང་གནས་སྐབས་སྣ་ཚོགས་སུ་སྣང་བའི་འགྲོ་བ་འཇིག་རྟེན་པ་འདི་དག་ཐམས་ཅད་ནི་རྨི་ལམ་དུ་འགྲོ་འོང་དང་བདེ་སྡུག་ལ་སོགས་པ་མྱོང་བ་ལྟ་བུ་སྟེ། རིགས་པས་རྣམ་པར་བརྟགས་ཤིང་དཔྱད་ན་ཆུ་ཤིང་གི་སྡོང་པོ་ལ་སྲ་བའི་སྙིང་པོ་མེད་པ་དང་འདྲ་བར་བདེན་དངོས་སུ་གྲུབ་པའི་སྙིང་པོ་ཅུང་ཟད་ཀྱང་མེད་དེ། ཏིང་ངེ་འཛིན་རྒྱལ་པོར། ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་མི་ཡིས་དེ་བཤིག་ཀྱང༌། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་ལྟར་རོ། །དེ་བས་ན་འཆིང་བ་མཐའ་དག་ལས་གྲོལ་བས་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་དེ་བཞིན་ཉིད་དང༌།འཆིང་བ་མཐའ་དག་དང་ལྡན་པས་མྱ་ངན་ལས་མ་འདས་པ་སེམས་ཅན་རྣམས་ཀྱི་དེ་བཞིན་ཉིད་ལའང༌། དེ་ཁོ་ན་ཉིད་དུ་ན་རང་བཞིན་སྟོང་པ་ཉིད་དུ་མཉམ་པའི་ཕྱིར་ཁྱད་པར་ཅུང་ཟད་ཀྱང་མེད་དེ། མདོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་[ཡིན་]པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་[མཉམ་པ་]ཉིད་དོ། །ཞེས་པ་དང༌། (ཁྱད་འཕགས་)བསྟོད་པར་ཡང༌། སངས་རྒྱས་རྣམས་དང་སེམས་ཅན་ཁམས། །དོན་གྱི་དེ་དག་ཁྱད་པར་མེད། །བདག་ཉིད་དང་ནི་གཞན་དག་ཀྱང༌། །དེས་ན་མཉམ་པར་ཁྱོད་བཞེད་ལགས། །ཞེས་( འགྲེལ་བར་དྲངས་)པ་ལྟར་རོ། ། (༣) ཤེས་རབ་ཐོབ་པའི་བྱ་བ་ལ་གཉིས། (གསུམ་པ་)ཤེས་རབ་ཐོབ་པའི་བྱ་བ་ལ། རང་གིས་སྟོང་ཉིད་བསྒོམ་ཚུལ་དང༌། གཞན་ལ་སྙིང་རྗེ་བསྒོམ་ཚུལ་ལོ། ། ⒈ རང་གིས་སྟོང་ཉིད་བསྒོམ་ཚུལ། དང་པོ་ལ་གཉིས་ལས། ༡ འཇིག་རྟེན་ཆོས་བརྒྱད་ལ་བརྟགས་ཏེ་བསྒོམ་པ། (དང་པོ་)འཇིག་རྟེན་ཆོས་བརྒྱད་ལ་བརྟགས་ཏེ་བསྒོམ་པ་ནི། དེ་ལྟར་བཤད་པའི་ཚུལ་གྱིས་རང་བཞིན་སྟོང་པ་ཉིད་དུ་གྲུབ་པའི་དངོས་པོ་རྣམས་ལ་འབྱོར་བ་ཐོབ་པའམ་རྙེད་པ་ཅི་ཞིག་ཡོད་ཅིང་ཤོར་བའམ་ཉམས་པའང་ཅི་ཞིག་ཡོད་དེ་ཅི་ཡང་མེད་ལ། གང་གིས་ཡོན་ཏན་བསྒྲགས་ནས་བསྟོད་དེ་བཀུར་སྟི་དང་རིམ་གྲོ་བྱས་པའམ་སྐྱོན་བསྒྲགས་ནས་སྨད་ཀྱི་གནོད་པ་དང་ཡོངས་སུ་བརྙས་པ་བྱས་པའང་ཅི་ཞིག་ཡོད་དེ་ཅིའང་མེད་ཅིང༌། བདེ་བ་མྱོང་བའམ་སྡུག་བསྔལ་མྱོང་བའང་རྒྱུ་གང་ལས་ཡིན་ཞེས་དཔྱད་ན་བདེན་པར་མེད་པའི་ཕྱིར། དེ་དག་ལ་མཚན་མར་འཛིན་པའི་སྒོ་ནས་ཡིད་དུ་མི་འོང་བ་ལ་ཁྲོ་ཞིང་མི་དགའ་བར་བྱ་བ་ཅི་ཞིག་ཡོད་ཅིང༌། ཡིད་དུ་འོང་བ་ལ་ཆགས་ཤིང་དགའ་བར་བྱ་བའང་ཅི་ཞིག་ཡོད་དེ་ཅི་ཡང་མེད་པས་འཇིག་རྟེན་ཆོས་བརྒྱད་ཀྱི་བླང་དོར་སྤངས་ནས་ཟབ་མོ་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ་སྟེ། བཤེས་སྤྲིང་དུ། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌། །བདེ་དང་སྡུག་བསྔལ་གྲགས་དང་མ་གྲགས་དང༌། །བསྟོད་སྨད་ཅེས་བྱ་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་པ་ལྟར་རོ། ། ༢ ཁྱད་པར་ཞེན་ཡུལ་བརྟགས་ཏེ་བསྒོམ་པ། (གཉིས་པ་)ཁྱད་པར་ཞེན་ཡུལ་བརྟགས་ཏེ་བསྒོམ་པ་ནི། དེ་ཁོ་ན་ཉིད་དུ་ནི་ལེགས་པར་ཡོངས་སུ་བཙལ་པ་བྱས་ན་བླང་དོར་གྱི་སྒོ་ནས་གང་ཟག་གང་ཞིག་སྲེད་ཅིང་ཡུལ་གང་ལ་སྲེད་དེ་དེ་དག་བདེན་པར་མ་གྲུབ་པའི་ཕྱིར་རོ། །གསོན་པ་དང་འཆི་བ་དག་ལའང་བླང་དོར་དུ་སྲེད་དོ་སྙམ་ན། དེ་ཡང་མི་རིགས་ཏེ་དོན་དམ་པའི་རིགས་པས་རྣམ་པར་དཔྱད་ན་གསོན་པའི་འཇིག་རྟེན་དུ་སྣང་བའི་སེམས་ཅན་འདི་དག་གང་ཞིག་འདིར་ནི་སྲོག་འགག་པའི་ཚུལ་གྱིས་འཆི་བར་འགྱུར་ཏེ་མི་འགྱུར་བས་དེ་དག་དོན་ལ་གྲུབ་པ་མེད་པའི་ཕྱིར་རོ། །དུས་གསུམ་གྱི་འབྱོར་བ་ལ་སྲེད་དོ་སྙམ་ན། དེ་ཡང་མི་འཐད་དེ་མངོན་པར་དགའ་བའི་ཡུལ་མ་འོངས་པ་ན་འབྱུང་པར་འགྱུར་པ་ནི་གང་ཞིག་ཡིན་ཞིང༌། རྗེས་སུ་དྲན་པའི་ཡུལ་སྔར་འདས་པ་དང༌། ད་ལྟར་བྱུང་བར་གྱུར་པའི་འབྱོར་བའང་གང་ཞིག་ཡིན་ཞེས་བརྟག་ན་དེ་དག་བདེན་པར་མེད་པའི་ཕྱིར་རོ། །གཉེན་བཤེས་ཡིད་དུ་འོང་པ་ལ་སྲེད་དོ་ཞེ་ན། དེ་ཡང་མི་རིགས་ཏེ་སྡུག་ཅིང་གཅེས་པར་བཟུང་བའི་གཉེན་ཉེ་དུ་དང་དེ་ལས་གཞན་པའི་གྲོགས་མཛའ་བཤེས་སུ་སྣང་བ་རྣམས་ཀྱང་གང་ཞིག་ཡིན་ཞེས་དཔྱད་ན་དོན་ལ་གྲུབ་པ་མེད་པའི་ཕྱིར་རོ། །དེ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཅིར་ཡང་མ་གྲུབ་པ་ནམ་མཁའ་དང་འདྲ་བར་ནི་ཞི་བའི་ལྷ་བདག་ཉིད་དང༌། དེ་དང་འདྲ་བའི་བློ་ལྡན་རྣམས་ཀྱིས་ཀྱང་ཤེས་རབ་གསུམ་གྱིས་ཡོངས་སུ་གཟུང་བར་གྱིས་ཤིག་ཅེས་པའོ། ། ⒉ གཞན་ལ་སྙིང་རྗེ་བསྒོམ་ཚུལ། (གཉིས་པ་)སྙིང་རྗེ་བསྒོམ་པ་ལ། དམིགས་ཡུལ་སེམས་ཅན་ཀུན་ལ་བསྒོམ་པ་དང༌། རྣམ་པ་ཕན་བདེ་འབྱུང་པའི་སྙིང་རྗེའོ། ། ༡ དམིགས་ཡུལ་སེམས་ཅན་ཀུན་ལ་བསྒོམ་པ། དང་པོ་ལ། ཚེ་འདིའི་དཀའ་སྤྱད་དང༌། ཕྱི་མའི་སྡུག་བསྔལ་དང༌། འཁོར་བའི་ཉེས་དམིགས་བསམས་ཏེ་བསྒོམ་པའོ། །དང་པོ་ནི། འཇིག་རྟེན་འཁྲུལ་བ་བདག་ཉིད་འབའ་ཞིག་བདེ་བར་འདོད་པ་རྣམས་ནི་དེའི་ཐབས་ལ་རྨོངས་པའི་དགྲའི་ཕྱོགས་ལ་འཐབ་པ་དང་གཉེན་གྱི་ཕྱོགས་ལ་སྤྲོས་པའི་རྒྱུ་དག་གིས་རིམ་པ་བཞིན་དུ་འཐབ་པས་ཡིད་རབ་ཏུ་འཁྲུགས་པར་བྱེད་པ་དང༌། སྤྲོ་བས་ཡིད་དགའ་ཞིང་གཡེང་བར་བྱེད་པ་དང༌། གཉེན་བཤེས་ལ་སོགས་པ་སྡུག་པ་དང་བྲལ་བའི་མྱ་ངན་དང་བདེ་སྡུག་ལ་བླང་དོར་བྱེད་པའི་འབད་རྩོལ་གྱིས་ངལ་དུབ་དང༌། འདོད་ཡོན་དང་བྲལ་བ་ལ་མི་དགའ་ཞིང་རྩོད་པ་དང་གཡུལ་དོར་ཕན་ཚུན་རལ་གྲི་ལ་སོགས་པས་གཅོད་པ་དང་མདུང་ཐུང་ལ་སོགས་པས་འབིགས་པ་དང་སླར་ཡང་སྡུག་བསྔལ་མྱོང་བའི་རྒྱུ་སྡིག་པ་ཆེན་པོ་ལ་སྤྱོད་བཞིན་པ་དག་གིས་ནི་ཚེ་འདིར་ཡང་ཟས་གོས་ལ་སོགས་པ་མི་རྙེད་བཞིན་དུ་ཚོགས་ཆེན་པོས་འཚོ་བ་རྣམས་ཤིན་ཏུ་སྡུག་བསྔལ་པར་གནས་པ་མཐོང་པས་དེ་དག་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། ། (གཉིས་པ་)ཕྱི་མའི་སྡུག་བསྔལ་ལ་བསམས་ཏེ་བསྒོམ་པ་ནི། སེམས་ཅན་རྣམས་དགེ་བ་ཟག་བཅས་འགའ་ཞིག་གི་དབང་གིས་འཁོར་བ་ཐོག་མེད་ཀྱི་བར་ལ་བདེ་འགྲོ་ལྷ་དང་མིའི་གནས་མང་པོར་ཡང་དང་ཡང་འོངས་ཤིང་སྐྱེས་ཏེ། རྒྱལ་སྲིད་ཀྱི་དཔལ་ལ་སོགས་པ་ཟག་བཅས་ཀྱི་བདེ་བ་མང་པོའང་སྤྱད་སྤྱད་ཅིང་ཉམས་སུ་མྱོང་ནས་དེའི་སྙིང་པོ་མ་བླངས་པར་སྡིག་པའི་དབང་དུ་གྱུར་པས་ཤི་འཕོས་ནས་དམྱལ་བ་ལ་སོགས་པ་ངན་སོང་གསུམ་གྱི་སྡུག་བསྔལ་ནི་དུས་ཡིན་རིང་པོར་མི་བཟད་ཅིང་བཟོད་པར་དཀའ་བ་མྱོང་བ་རྣམས་སུ་ལྟུང་པའང་ཤིན་ཏུ་སྙིང་རྗེ་བར་བསམ་མོ། ། (གསུམ་པ་)འཁོར་བའི་ཉེས་དམིགས་བསམས་ཏེ་བསྒོམ་པ་ལ་གསུམ་ལས། (དང་པོ་)དེ་ཉིད་རྟོགས་པ་མེད་པའི་ཉེས་དམིགས་ནི། ཁམས་གསུམ་འཁོར་བའི་སྲིད་པ་ན་ནི་དམྱལ་བ་ལ་སོགས་པ་སྡུག་བསྔལ་དྲག་པོ་འབྱུང་བའི་གཡང་ས་ཤིན་ཏུ་མང་ལ། གཡང་ས་མང་པོ་ཅན་གྱི་སྲིད་པ་དེར་ནི་མུ་བཞིའི་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་མིན་ཞིང༌། ཇི་ལྟར་སྣང་བ་བཞིན་བདེན་པར་འཛིན་པའི་རྨོངས་པ་འདི་འདྲ་བས་བསླུས་པ་དང༌། འཁོར་བ་དེར་ཡང་སྤང་བྱ་དང་གཉེན་པོ་ཕན་ཚུན་འགལ་ཞིང་རྒྱུན་དུ་ཉོན་མོངས་པ་དང་ལས་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པས་ན་སྲིད་པ་འཁོར་བ་ན་གཉེན་པོ་དེ་ཁོ་ན་ཉིད་རྟོགས་པ་འདི་འདྲ་བ་མེད་པའི་ཕྱིར་ཡུན་རིང་དུ་གནས་པ་ལ་ཡང་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ།