སྤྱོད་འཇུག་ས་འགྲེལ།

། (༤) ཕན་ཡོན། (བཞི་པ་)ཕན་ཡོན་ནི། ཆོས་ཉིད་དོན་དམ་པའི་བདེན་པ་གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་པའི་དེ་ཁོ་ན་ཉིད་ཤེས་ཤིང༌། ཆོས་ཅན་ཤེས་བྱ་མཐའ་ཡས་པའི་རྣམ་པ་མཐའ་དག་ཡོངས་སུ་ཤེས་པ་རྒྱ་ཆེན་པོའི་ཡོན་ཏན་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ལ་མ་ཆགས་པ་ཟང་ཟིང་མེད་པའི་ཡོན་ཏན་དང༌། སྐལ་བ་དང་འཚམ་པའི་ལམ་བསྟན་ནས་གདུལ་བྱ་རྣམས་བྱང་ཆུབ་གསུམ་ལ་འགོད་པ་དོན་ཆེན་པོའི་ཡོན་ཏན་དང༌། སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་ཡོངས་སུ་འཛིན་པའི་ཕྱིར་ལྷག་མེད་ཀྱི་མྱང་འདས་སུའང་རྒྱུན་མི་འཆད་པ་མི་ཟད་པའི་ཡོན་ཏན་རྣམས་འགྲུབ་སྟེ། རྒྱལ་བའི་སྲས་རྣམས་དེ་ཉིད་ཤེས་བྱ་གང་ཡིན་མཐའ་དག་རྣམ་ཀུན་ཤེས། །མྱ་ངན་འདས་ལའང་བློ་ཡིས་ཆགས་རབ་མི་སྐྱེད་འཁོར་བར་སྨོས་ཅི་དགོས། །ཡེ་ཤེས་དེ་ཉིད་ཀྱི་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཡེ་ཤེས་སེམས་ཅན་ཡོངས་སུ་བཟུང་བས་འཇིག་རྟེན་དག་ན་མི་ཟད་གཞག །ཅེས་པ་ལྟར་རོ། །དེ་བཞིན་དུ་ཡུམ་ལས་ཀྱང༌། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་གསུངས་པ་ལ་སོགས་པ་རྣམས་ཀྱང་ཐོབ་པོ། ། ༢ གཞུང་དོན། (གཉིས་པ་)གཞུང་དོན་ལ། ཤེས་རབ་བསྐྱེད་པར་གདམས་པ། ཤེས་རབ་ཇི་ལྟར་བསྐྱེད་ཚུལ། ཤེས་རབ་ཐོབ་པའི་བྱ་བའོ། ། (༡) ཤེས་རབ་བསྐྱེད་པར་གདམས་པ། དང་པོ་ནི། སྔར་བཤད་པའི་སྦྱིན་པ་ལ་སོགས་པ་རྒྱུ་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་ཐབས་ཀྱི་ཡན་ལག་འདི་དག་ཐམས་ཅད་ནི་ཐུབ་པ་ཐམས་ཅད་མཁྱེན་པས་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་དོན་དུ་གསུངས་ཏེ། སྨོན་ལམ་སྡུད་པའི་མདོ་ལས། ཞི་བའི་བློ་གྲོས་གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི་སྦྱིན་པ་གང་ཅི་གཏོང་བ་ནས་བསམ་གཏན་གང་ཅི་སྒོམ་པའི་བར་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་དང་འཕེལ་བར་བྱ་བའི་ཕྱིར་གཏོང་བ་དང་སྒོམ་པ་སྟེ་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཚིག་བླ་དྭགས་སོ། །ཞེས་པ་དང༌། ཡུམ་ལས་ཀྱང༌། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། ། ཞེས་པ་ལ་སོགས་པས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་པ་དེའི་ཕྱིར་ན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་དག་ཞི་བ་དང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་བདེ་བ་འཐོབ་པར་འདོད་པས། བདེན་པ་གཉིས་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་རིམ་གྱིས་བསྐྱེད་པར་བྱ་སྟེ། དེ་ཡང་བརྒྱད་སྟོང་དོན་བསྡུར། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དོན་དེ་དང་ལྡན་པའི། །གཞུང་ལམ་དག་ལ་དེ་སྒྲས་གདགས། །ཞེས་པ་ལྟར་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་ནས། འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པའི་ཆེད་དུ། ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྟོང་པ་ཉིད་སྒོམ་པ་དང༌། གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞུང་ལུགས་རྣམ་པར་དག་པ་རྣམས་ལ་ཐོས་པ་དང་བསམ་པ་ཚུལ་བཞིན་དུ་བྱེད་པས་སོ། །དེ་ལྟར་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རིམ་གྱིས་བསྐྱེད་པ་ལས་ནི་དངོས་གྲུབ་ཐམས་ཅད་ཀྱི་མཐར་ཐུག་པ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་ཏེ། (ཀླུ་སྒྲུབ་ཀྱིས་)རིན་ཆེན་ཕྲེང་བར། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ཡང་ནི་རབ་ཏུ་འབྱུང༌། །དེ་ལས་དངོས་གྲུབ་བླ་ན་མེད་པ་འཐོབ། །ཅེས་པ་ལྟར་རོ། ། (༢) ཤེས་རབ་ཇི་ལྟར་བསྐྱེད་ཚུལ། (གཉིས་པ་)བསྐྱེད་ཚུལ་ལ། ཡུལ་དང་བཅས་པ་ངོས་གཟུང༌། བདག་མེད་གཉིས་ལ་འཇུག་ཚུལ། མཐར་འཛིན་མཐའ་དག་དགག་པའོ། ། ⑴ ཡུལ་དང་བཅས་པ་ངོས་གཟུང་བ། དང་པོ་ལ་ཡུལ་སྟོང་ཉིད་དུ་སྒྲུབ་པ། ཡུལ་ཅན་ལམ་དུ་སྒྲུབ་པའོ། ། ➀ ཡུལ་སྟོང་ཉིད་དུ་སྒྲུབ་པ། དང་པོ་ལ། བདེན་པ་གཉིས་ཀྱི་རྣམ་གཞག སྒྱུ་མ་ལྟ་བུར་བསྟན་པ། དེ་ལ་རྩོད་པ་སྤང་པའོ། ། ༡ བདེན་པ་གཉིས་ཀྱི་རྣམ་གཞག དང་པོ་ནི། རྣམ་ཤེས་ཀྱི་སྤྱོད་ཡུལ་ཀུན་རྫོབ་ཀྱི་བདེན་པ་དང་ནི་ཡེ་ཤེས་ཀྱི་སྤྱོད་ཡུལ་དོན་དམ་པའི་བདེན་པ་སྟེ་འདི་དག་ནི་རིམ་པ་བཞིན་དུ་བྱིས་པས་རྟོགས་པ་ལྟར་རེ་ཞིག་མི་བསླུ་བ་དང༌། འཕགས་པས་རྟོགས་པ་ལྟར་གཏན་དུ་མི་སླུ་བས་བདེན་པ་གཉིས་སུ་འདོད་དོ། །དེ་ལ་དོན་དམ་པའི་བདེན་པ་ནི་བློ་རྣམ་པར་ཤེས་པ་ཡི་སྤྱོད་ཡུལ་དུ་སྣང་བ་མིན་ཞིང་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཆོས་ཉིད་ནམ་ཡང་འགྱུར་བ་མེད་པར་སྣང་བ་ཡིན་ལ། སོ་སོ་སྐྱེ་བོའི་བློ་ཡུལ་དང་བཅས་པ་ནི་ཆོས་ཅན་ཀུན་རྫོབ་འཁྲུལ་བའི་སྣང་བ་ཡིན་པར་འདོད་དེ། འཇུག་པར། ཡང་དག་མཐོང་ཡུལ་གང་ཡིན་དེ་(ཁོ་ན་)ཉིད་(དོན་དམ་)དེ། །འཁྲུལ་པ་མཐོང་བ་ཀུན་རྫོབ་བདེན་པར་བརྗོད། །ཅེས་པ་ལྟར་རོ། ། ༢ སྒྱུ་མ་ལྟ་བུར་བསྟན་པ། (གཉིས་པ་)སྒྱུ་མ་ལྟ་བུར་བསྟན་པ་ལ་གསུམ་ལས། (དང་པོ་) གང་ཟག་གི་དབྱེ་བ་ནི། ཆོས་ཐམས་ཅད་བདེན་པ་གཉིས་སུ་རྣམ་པར་གཞག་པ་དེ་ལ་འཇིག་རྟེན་ན་དེ་དག་རྟོག་པར་བྱེད་པའི་གང་ཟག་གི་རིགས་ཀྱང་རྣམ་པ་གཉིས་སུ་མཐོང་སྟེ། ཆོས་ཉིད་སྟོང་པ་ཉིད་རྟོགས་ནས་སྒོམ་པར་བྱེད་པའི་རྣལ་འབྱོར་པ་དང་ཆོས་ཅན་འཁྲུལ་སྣང་བ་བདེན་པར་འཛིན་པའི་ཕལ་བའོ། ། (གཉིས་པ་)དེ་དག་གི་བློ་ཁྱད་ནི། གང་ཟག་གཉིས་ཡོད་པ་དེ་ལ་འཇིག་རྟེན་ཕལ་བ་རྣམས་ཉེར་ལེན་གྱི་ཕུང་པོ་ལྔ་རྟག་གཅིག་རང་དབང་ཅན་ལ་སོགས་པར་འདོད་པའི་འཁྲུལ་པ་ལ་ནི། རྣལ་འབྱོར་པའི་འཇིག་རྟེན་གྱི་རིགས་པས་ཕུང་པོ་རྣམས་མི་རྟག་པ་དུ་མ་གཞན་དབང་ཅན་ལ་སོགས་པར་སྟོན་པས་གནོད་ཅིང་དེར་མ་ཟད་རྣལ་འབྱོར་བ་རྣམས་ཀྱི་ཡང་བློ་ལ་ཡེ་ཤེས་དང་བསམ་གཏན་དང་སྙོམས་འཇུག་ལ་སོགས་པའི་རྟོགས་པ་མཐོན་དམན་གྱི་ཁྱད་པར་ཡོད་པ་ཉིད་ཀྱིས་གོང་མ་གོང་མ་མཆོག་ཏུ་གྱུར་པ་རྣམས་ཀྱིས་འོག་མ་འོག་མ་དམན་པ་རྣམས་ལ་གནོད་ཅིང་ཟིལ་གྱིས་གནོན་ཏེ། དེ་ཡང་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་རྣམས་ཤེས་བྱ་གཞི་ལྔ་པོ་ཐམས་ཅད་རྫས་སུ་ཡོད་པར་སྨྲ་བ་ལ། མདོ་སྡེ་བ་གཟུགས་དང་སེམས་དང་སེམས་ལས་བྱུང་བ་གསུམ་དོན་ལ་ཡོད་ཀྱི་ལྡན་མིན་འདུ་བྱེད་དང་འདུས་མ་བྱས་ནི་བཏགས་པ་ཙམ་ཡིན་པས་རྫས་སུ་གྲུབ་པར་མེད་དོ་ཞེས་སྨྲ་བས་གནོད་པ་དང༌། ཉན་ཐོས་སྡེ་གཉིས་ཕྱི་རོལ་གྱི་དོན་བདེན་པར་འདོད་པ་ལ། ལང་ཀར་གཤེགས་པར། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་པ་ལ་སོགས་པ་སེམས་ཙམ་པའི་རིགས་པས་གནོད་པ་དང༌། སེམས་ཙམ་པ་རྣམ་ཤེས་རང་རིག་རང་གསལ་དོན་དམ་དུ་བདེན་པར་འདོད་པ་ལ། མ་དྲོས་པས་ཞུས་པར། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་སྟེ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་རྟེན་ཅིང་འབྲེལ་བར་འབྱུང་བ་ཐམས་ཅད་སྟོང་ཉིད་དུ་སྟོན་པ་དབུ་མའི་རིགས་བས་གནོད་པ་ལ་སོགས་པའོ། །དེ་བཞིན་དུ་ཨ་བྷི་དྷ་ནར། རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་བ་དང་འོད་འཕྲོ་བ། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །ཞེས་གསུངས་པ་ལྟར་ས་བཅུ་པོ་རྣམས་ཀྱི་གོང་མ་གོང་མའི་ཡོན་ཏན་ཁྱད་པར་ཅན་ཐོབ་པས། འོག་མ་འོག་མའི་རྟོགས་པ་རྣམས་ཟིལ་གྱིས་གནོན་པ་དང༌། ཚོགས་ལམ་དང་སྦྱོར་ལམ་དང་མཐོང་ལམ་དང་སྒོམ་ལམ་དང་མི་སློབ་ལམ་རྣམས་ཀྱིའང་ལམ་ཕྱི་མ་ཕྱི་མ་ཁྱད་པར་དུ་འཕགས་པའི་རྟོགས་པ་ཐོབ་པས་ལམ་སྔ་མ་དམན་པ་རྣམས་ཀྱི་རྟོགས་པ་ཟིལ་གྱིས་གནོན་པ་དང༌། བསམ་གཏན་བཞི་པོ་རྣམས་ཀྱིའང་གོང་མ་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཐོབ་པས་འོག་མ་དམན་པ་རྣམས་ཟིལ་གྱིས་གནོན་པ་ལ་སོགས་པའོ། ། (གསུམ་པ་)དེའི་དབང་གིས་རྩོད་ཚུལ་ནི། དོན་དམ་པར་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ཡིན་ཡང་ཀུན་རྫོབ་ཙམ་དུ་རྣལ་འབྱོར་པ་དང་ཕལ་བ་གཉིས་ཀ་ཡང་ནི་སྣང་ལ་རང་བཞིན་མེད་པར་འདོད་པའི་དཔེ་སྒྱུ་མ་དང་རྨི་ལམ་དང་རྨིག་རྒྱུ་ལ་སོགས་པས་འབྲས་བུ་མཐོ་རིས་དང་ཐར་པ་ཐོབ་པའི་དོན་དུ་རྒྱུ་བསོད་ནམས་ཀྱི་ཚོགས་ལ་འཇུག་པ་ན། བདེན་མེད་དུ་མ་སྤྱད་པར་ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བྱ་བའི་ཕྱིར། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་བསྟན་པ་ལ། འཇིག་རྟེན་ཐ་མལ་པ་ཡིས་དེ་དག་དངོས་པོར་གྲུབ་པར་མཐོང་ཞིང་ཇི་ལྟར་མཐོང་བ་བཞིན་ཡང་དག་པར་བདེན་པ་ཉིད་དུའང་རྟོག་པར་བྱེད་ཀྱི། སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་རྟོགས་པ་མིན་པས་དངོས་པོའི་གནས་ལུགས་འཇལ་བའི་སྐབས་འདིར་རྣལ་འབྱོར་པ་དང་འཇིག་རྟེན་ཕལ་བ་རྣམས་རྩོད་པར་བྱེད་དེ། རྣལ་འབྱོར་པས་ནི་རྣམ་པར་དཔྱད་ན་བདེན་པའི་དངོས་པོར་གྲུབ་པ་ཅུང་ཟད་ཀྱང་མེད་ཅིང་མ་དཔྱད་པའི་བློ་ངོར་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་མཐོང་བས། དེ་དག་འཛིན་ཚུལ་མི་མཐུན་པའི་ཕྱིར་རོ། ། ༣ དེ་ལ་རྩོད་པ་སྤང་པ། (གསུམ་པ་)རྩོད་སྤང་ལ། ཀུན་རྫོབ་ལ་བརྟེན་པའི་རྩོད་པ་སྤང་བ་དང༌། དོན་དམ་ལ་བརྟེན་པའི་རྩོད་པ་སྤང་བའོ། །དང་པོ་ལ། ཚད་མའི་བསལ་བ་སྤང་བ། ལུང་དང་འགལ་བ་སྤང་བ། ཧ་ཅང་ཐལ་བ་སྤང་པའོ། །དང་པོ་ནི། གཟུགས་སོགས་བདེན་མེད་སྒྱུ་མ་ལྟ་བུ་ཡིན་ན་གཟུགས་སྒྲ་སོགས་པ་འདི་དག་དོན་བྱེད་ནུས་པར་དབང་པོའི་མངོན་སུམ་ཚད་མ་ཉིད་ཀྱིས་གྲུབ་པ་དང་འགལ་ལོ་ཞེ་ན༑ དེ་དག་སྣང་ཙམ་དུ་དོན་བྱེད་ནུས་ཀྱང་ནི་འཇིག་རྟེན་ལ་གྲགས་པ་ཐ་སྙད་པའི་ཚད་མས་གྲུབ་པ་ཙམ་ཡིན་གྱི་རིགས་པས་མི་གནོད་པ་དོན་དམ་འཇལ་བའི་ཚད་མས་གྲུབ་པ་མིན་པའི་ཕྱིར་འགལ་བ་མེད་དེ། ཐ་སྙད་པའི་ཚད་མ་ནི་དཔྱད་ན་ཡུལ་བདེན་པར་མ་གྲུབ་པས་ཡུལ་ཅན་ཡང་ཚད་མར་མི་རུང་བའི་ཕྱིར་རོ། །འགྲེལ་པར་ཡང༌། གང་ཞིག་དབང་པོ་ལ་དམིགས་པ། །དེ་ཉིད་གལ་ཏེ་དོན་དམ་ན། །དེ་ཉིད་བྱིས་པས་རིག་པས་ན། །དོན་དམ་ཤེས་པས་ད་ཅི་བྱ། །ཞེས་དྲངས་ཏེ་ཡུལ་བདེན་པར་མ་གྲུབ་པར་བསྟན་ཅིང༌། ཏིང་ངེ་འཛིན་རྒྱལ་པོར་ཡང༌། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། གལ་ཏེ་དབང་པོ་འདི་དང་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་ཡུལ་ཅན་ཡང་ཚད་མར་མ་གྲུབ་པར་གསུངས་པ་ལྟར་རོ། ། དེས་ན་གཟུགས་སོགས་མངོན་སུམ་གྱིས་གྲུབ་པར་གྲགས་པ་དེ་ནི་དཔེར་ན་བུད་མེད་ལ་སོགས་པའི་ལུས་མི་གཙང་བ་དང་བདག་མེད་པ་དང་སྡུག་བསྔལ་བ་དང་མི་རྟག་པ་ལ་སོགས་པ་ཡིན་པ་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་དབང་གིས་གཙང་བ་དང་བདག་དང་བདེ་བ་དང་རྟག་པ་ལ་སོགས་པར་བཟུང་ཞིང་གྲགས་པ་བཞིན་དུ་དེ་མ་ཡིན་ལ་དེར་བཟུང་བས་བརྫུན་བསླུ་བའི་ཆོས་ཅན་ཡིན་ནོ། ། (གཉིས་པ་)ལུང་འགལ་སྤང་པ་ལ་གཉིས་ལས། (དང་པོ་)དངོས་པོར་གསུངས་བའི་ལུང་འགལ་སྤང་བ་ནི། གཟུགས་སོགས་བདེན་མེད་སྒྱུ་མ་ལྟ་བུ་ཡིན་ན། ལང་ཀར་གཤེགས་པར། བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དོ་ཞེས་པ་དང༌། དགོངས་འགྲེལ་དུ། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །འདི་དག་འབྱུང་པ་དེ་ཉིད་ནི། །བྱ་བ་དེ་ཉིད་བྱེད་པར་བརྗོད། །ཅེས་པ་ལ་སོགས་པས་དངོས་པོ་རྣམས་སྐད་ཅིག་མར་བཤད་པ་དང་འགལ་ལོ་ཞེ་ན། དངོས་པོ་ལ་མངོན་པར་ཞེན་པའི་འཇིག་རྟེན་པ་རྣམས་རིམ་གྱིས་སྟོང་པ་ཉིད་ལ་གཞུག་པའི་དོན་དུ་ནི་སྐྱེ་རྒུ་ཐམས་ཅད་ཀྱི་མགོན་པོ་རྫོགས་པའི་སངས་རྒྱས་ཀྱིས་ཕུང་པོ་ལ་སོགས་པའི་དངོས་པོ་ཀུན་རྫོབ་ཙམ་དུ་ཡོད་པར་བསྟན་པའི་ཕྱིར་འགལ་བ་མེད་དོ། །རིགས་པ་དྲུག་ཅུ་བར། དགོས་པའི་དབང་གིས་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་གསུང་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོས་པའི་དབང་གིས་གསུངས། །ཞེས་པ་ལྟར་རོ། །འདུས་བྱས་དེ་དག་དོན་དམ་པའི་དེ་ཁོ་ན་ཉིད་དུ་ན་དེ་དག་སྐད་ཅིག་མ་ཉིད་དུའང་གྲུབ་པ་མེད་དེ། རྣམ་པར་དཔྱད་ན་རང་བཞིན་མེད་པའི་ཕྱིར་རོ། །དོན་དམ་དུ་སྐད་ཅིག་མར་མ་གྲུབ་ན་ཀུན་རྫོབ་ཏུ་ཡང་སྐད་ཅིག་མར་གྲུབ་པ་འགལ་ཏེ། ཀུན་རྫོབ་ནི་འཇིག་རྟེན་ལ་ཇི་ལྟར་སྣང་བ་བཞིན་འཇོག་པ་ཡིན་པ་ལ། འཇིག་རྟེན་པ་རྣམས་ཀྱིས་སྐད་ཅིག་མར་མ་མཐོང་པའི་ཕྱིར་ཞེ་ན། འཇིག་རྟེན་པས་མ་མཐོང་ཡང་རྣལ་འབྱོར་པ་རྣམས་ཀྱིས་བདེན་པ་བཞིའི་རྣམ་པ་བཅུ་དྲུག་ལ་དཔྱོད་པ་ན་ཀུན་རྫོབ་འདུས་བྱས་རྣམས་སྐད་ཅིག་གིས་མི་རྟག་པར་མཐོང་བའི་ཕྱིར་འགལ་བའི་ཉེས་བ་མེད་དེ། འཇིག་རྟེན་པ་རྣམས་འདུས་བྱས་རྟག་པར་འཛིན་པའི་ཕྱིན་ཅི་ལོག་ལ་ལྟོས་ནས་སྐད་ཅིག་མར་མཐོང་བ་ནི་དེ་ཁོ་ན་ཉིད་མཐོང་པར་འཇོག་པའི་ཕྱིར་རོ། །དེས་ན་འཇིག་རྟེན་པས་འདུས་བྱས་རྟག་པར་བཟུང་ཡང་རྣལ་འབྱོར་པས་མི་རྟག་པར་རྟོགས་པ་ལ་མི་གནོད་དེ། གལ་ཏེ་དེ་ལས་གཞན་དུ་གནོད་ན། རྣལ་འབྱོར་པས་བུད་མེད་ཀྱི་ལུས་མི་གཙང་བར། ངེས་པར་རྟོགས་པའི་ཡང་དག་པའི་ཤེས་པ་ལ་འཇིག་རྟེན་པ་རྣམས་མི་གཙང་བ་ལ་གཙང་བར་འཛིན་པའི་ལོག་ཤེས་ཀྱིས་གནོད་པར་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལྟར་ཡང་མ་ཡིན་ནོ། ། (གཉིས་པ་)ཞིང་དུ་གསུངས་པའི་ལུང་འགལ་སྤང་པ་ནི། གལ་ཏེ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་ཡིན་པས་བསོད་ནམས་བསགས་པའི་ཞིང་དམ་པ་མ་ཡིན་པར་འགྱུར་རོ་ཞེ་ན། ཡུམ་ལས། ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་པ་ནས། མྱ་ངན་ལ་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་གསུངས་པས་སྒྱུ་མ་ལྟ་བུ་ཡིན་ཡང་བསོད་ནམས་ཀྱི་ཞིང་དུ་འགྱུར་བ་ནི་འགལ་བ་མེད་དེ། སྒྱུ་མ་དང་འདྲ་བའི་རྒྱལ་བ་རྣམས་ལ་མཆོད་པ་དང་བསྙེན་བཀུར་བྱས་པ་ལས་བསོད་ནམས་ཀྱི་ཚོགས་ནི་སྒྱུ་མ་དང་འདྲ་བ་འཕེལ་ཞིང་རྒྱས་པས་ཀུན་རྫོབ་གཟུགས་ཀྱི་སྐུའི་ཕུན་སུམ་ཚོགས་པ་རྣམས་འགྲུབ་པའི་ཕྱིར་རོ། །དཔེ་ཇི་ལྟར་ན་དངོས་པོར་སྨྲ་བ་རྣམས་ཀྱིས་སངས་རྒྱས་བདེན་པའི་དངོས་པོར་ཡོད་པ་ལ་མཆོད་པ་དང་བསྙེན་བཀུར་བྱས་པ་ལས་བསོད་ནམས་ཀྱང་བདེན་པའི་དངོས་པོར་འབྱུང་པར་འདོད་པ་ཇི་ལྟ་བ་བཞིན་ནོ། ། (གསུམ་པ་)ཧ་ཅང་ཐལ་བ་སྤང་པ་ལ་གསུམ་ལས། (དང་པོ་)ཉིང་མཚམས་མི་སྦྱོར་བར་ཐལ་བ་སྤང་བ་ནི། གལ་ཏེ་སེམས་ཅན་རྣམས་ཀྱང་སྒྱུ་མ་དང་འདྲ་བར་སྣང་ལ་རང་བཞིན་མེད་པ་ཡིན་ན། འགྲོ་བ་གཅིག་ནས་ཤིན་ནས་གཅིག་ཏུ་ཇི་ལྟར་སྐྱེ་སྟེ་སྐྱེ་བ་གཞན་དུ་ཉིང་མཚམས་སྦྱོར་བ་མེད་པར་འགྱུར་ཏེ། དཔེར་ན་སྒྱུ་མའི་སྐྱེས་བུ་ནི་ཞིག་ནས་སྐྱེ་བ་མེད་པ་བཞིན་ནོ་ཞེ་ན། སྒྱུ་མ་ལྟ་བུ་ཡིན་ཡང་སྐྱེ་བ་ལེན་པ་ནི་འགལ་བ་མེད་དེ། ཇི་སྲིད་དུ་སྔགས་དང་རྫས་ལ་སོགས་པའི་རྐྱེན་རྣམས་ཚོགས་པར་གྱུར་པ་དེ་སྲིད་དུ་སྒྱུ་མའི་སྐྱེས་བུ་དང་གྲོང་ཁྱེར་ལ་སོགས་པའང་འབྱུང་བར་འགྱུར་པ་དེ་བཞིན་དུ། ཇི་སྲིད་མ་རིག་པ་དང་སྲེད་པ་ལ་སོགས་པ་འཁོར་བའི་རྐྱེན་རྣམས་ཚོགས་པ་དེ་སྲིད་དུ་སེམས་ཅན་རྣམས་སྐྱེ་བ་ལེན་པར་འགྱུར་བའི་ཕྱིར་རོ། །མི་མཚུངས་ཏེ་སྒྱུ་མ་ནི་རྒྱུན་ཐུང་བས་བརྫུན་ལ་སེམས་ཅན་ནི་རྒྱུན་རིང་བས་བདེན་པའོ་སྙམ་ན། རྒྱུ་མཚན་དེ་ཙམ་གྱིས་ཇི་ལྟར་ན་སེམས་ཅན་བདེན་པར་ཡོད་པ་ཡིན་ཏེ་མ་ཡིན་ནོ། །གལ་ཏེ་ཡིན་ན་ཡུད་ཙམ་གནས་པའི་སེམས་ཅན་ནི་བརྫུན་ལ་ཞག་ཏུ་གནས་པའི་སྒྱུ་མ་ནི་བདེན་པར་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། ། (གཉིས་པ་)དགེ་སྡིག་མི་འབྱུང་བར་ཐལ་བ་སྤང་བ་ནི། སེམས་ཅན་རྣམས་སྒྱུ་མ་ལྟ་བུ་ཡིན་ན་སྒྱུ་མའི་སྐྱེས་བུ་ལ་ཕན་གནོད་བྱས་པ་བཞིན་དུ། དེ་དག་ལ་ཕན་པ་ལས་དགེ་བ་དང་གནོད་པ་ལས་སྡིག་པར་མི་འགྱུར་རམ་སྙམ་ན། སྒྱུ་མའི་སྐྱེས་བུ་ལ་སྦྱིན་པ་ལ་སོགས་པས་ཕན་བཏགས་པ་དང་བསད་པ་ལ་སོགས་པས་གནོད་པ་བྱས་ཀྱང་དེ་དག་ལ་བདེ་སྡུག་མྱོང་བའི་སེམས་མེད་པའི་ཕྱིར་ན་བསོད་ནམས་དང་སྡིག་པར་འགྱུར་བ་མེད་དེ་སྒྱུ་མ་ལྟ་བུའི་སེམས་དང་ལྡན་པ་རྣམས་ལ་ཕན་བཏགས་པ་ལས་བསོད་ནམས་དང་ནི་གནོད་པ་བྱས་པ་ལས་སྡིག་པ་འབྱུང་སྟེ། དེ་དག་ལ་ནི་ཕན་གནོད་ལ་བརྟེན་ནས་བདེ་སྡུག་ཉམས་སུ་མྱོང་བའི་སེམས་ཡོད་པའི་ཕྱིར་རོ། །སྔགས་དང་རྫས་ལ་སོགས་པ་རྣམས་ལ་སེམས་སྐྱེད་པའི་ནུས་པ་མེད་པའི་ཕྱིར་སྒྱུ་མའི་སྐྱེས་བུ་དེའི་སེམས་ནི་འབྱུང་བ་མེད་ཅིང༌། ཀུན་རྫོབ་ཙམ་དུ་སྣ་ཚོགས་པའི་རྒྱུ་དང་རྐྱེན་ལས་བྱུང་བ་ཡི་འབྲས་བུ་སྒྱུ་མ་དེ་ཡང་རྣམ་པ་སྣ་ཚོགས་པར་སྣང་བ་ཉིད་ཡིན་མོད། འོན་ཀྱང་བེམ་རིག་གང་རུང་སྐྱེད་པའི་རྐྱེན་གཅིག་གིས་ནི་འབྲས་བུ་སེམས་ཡོད་མེད་ཀུན་སྐྱེད་ནུས་པ་དེ་ནི། ཡུལ་དུས་གང་ན་ཡང་ནི་ཡོད་པ་མ་ཡིན་ལ། དེ་ཉིད་ཀྱི་ཕྱིར་དོན་དམ་པར་ན་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུའང་གྲུབ་བོ། ། (གསུམ་པ་)སྤྱོད་པ་དོན་མེད་དུ་ཐལ་བ་སྤང་པ་ནི། གལ་ཏེ་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ཞིང༌། ཀུན་རྫོབ་ཏུ་སྐྱེ་རྒ་ན་འཆི་ལ་སོགས་པས་འཁོར་བ་ནི་འཁོར་བ་ཡིན་པ་དེ་ལྟ་ན་སངས་རྒྱས་ནས་ཀྱང་ནི་དོན་དམ་པར་མྱ་ངན་ལས་འདས་ཀྱང་ཐ་སྙད་དུ་གཞན་དོན་ལ་འཁོར་བར་འགྱུར་བས་དེ་ཐོབ་པའི་དོན་དུ་བྱང་ཆུབ་ཀྱི་སྤྱོད་པ་དཀའ་སྤྱད་དུ་མས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་ཞེ་ན། སྐྱོན་དེ་ནི་མེད་དེ། དོན་དམ་པར་མྱ་ངན་ལས་འདས་པ་ཡིན་ཡང་མ་རིག་པ་ལ་སོགས་པ་འཁོར་བར་སྐྱེ་བའི་རྐྱེན་རྣམས་རྒྱུན་ནི་མ་ཆད་ན་ཀུན་རྫོབ་ཙམ་དུ་སྒྱུ་མ་ལྟ་བུའི་འཁོར་བའང་ལྡོག་པར་མི་འགྱུར་གྱི་ལམ་བསྒོམ་པ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་རྐྱེན་རྣམས་རྒྱུན་ནི་ཆད་པར་གྱུར་ན་མངོན་པར་རྫོགས་པར་སངས་རྒྱས་ནས་ཀུན་རྫོབ་ཙམ་དུ་ཡང་འཁོར་བའི་སྐྱོན་ཅུང་ཟད་ཙམ་ཡང་མི་འབྱུང་ངོ༌། །དེ་བས་ན་བྱང་ཆུབ་ཀྱི་སྤྱོད་པ་ནི་དོན་ཆེན་པོ་དང་ལྡན་པའི་ཕྱིར་རོ། ། (གཉིས་པ་)དོན་དམ་ལ་བརྟེན་པའི་རྩོད་སྤང་ལ། འཁྲུལ་པ་མེད་ན་སྒྱུ་མ་མི་དམིགས་པར་ཐལ་བ་སྤང་བ། འཁྲུལ་གཞི་མེད་ན་འཁོར་འདས་མི་འབྱུང་བར་ཐལ་བ་སྤང་བའོ། ། དང་པོ་ལ་རྒོལ་ལན་གཉིས་ལས། (དང་པོ་)རྒོལ་པ་ནི། སེམས་ཙམ་པ་ན་རེ། དབུ་མ་པའི་ལུགས་ཀྱིས་ཉན་ཐོས་པ་འདོད་པའི་ཕྱི་རོལ་གྱི་དོན་བདེན་པ་འགོག་པ་འཐད་མོད། གང་གི་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་དོན་དུ་སྣང་བ་འཛིན་པའི་འཁྲུལ་བའང་དོན་ལ་ཡོད་པ་མིན་ན་སྣང་བ་སྒྱུ་མ་ལྟ་བུ་དེ་བློ་གང་གིས་དམིགས་པར་འགྱུར་ཏེ། དམིགས་བྱེད་ཀྱི་ཤེས་པ་མ་གྲུབ་པའི་ཕྱིར་རོ་ཞེ་ན། (གཉིས་པ་)ལན་ལ། མཚུངས་ཚུལ་མདོར་བསྟན། བརྒལ་ལན་རྒྱས་པར་བཤད་པ། སྐབས་དོན་བསྡུ་བའོ། །དང་པོ་ནི། གང་གི་ཚེ་སེམས་ཙམ་པ་ཁྱོད་ཀྱི་ལུགས་ལའང་ཕྱི་རོལ་གྱི་དོན་སྒྱུ་མ་ལྟ་བུ་ཉིད་བདེན་པར་གྲུབ་པ་མེད་ན་དེའི་ཚེ་ཤེས་པ་ལ་ཡུལ་ཅི་ཞིག་དམིགས་ཏེ་དམིགས་བྱའི་ཡུལ་མ་གྲུབ་པའི་ཕྱིར་རོ། ། (གཉིས་པ་)བརྒལ་ལན་ལ། སྒྱུ་མ་སེམས་སུ་འདོད་པ་དགག་པ་དང༌། དོན་སེམས་གཉི་ག་མིན་པ་དགག་པའོ། །དང་པོ་ལ་ལྔ་ལས། (དང་པོ་)ལུང་དང་རིགས་པས་དགག་པ་ནི། གལ་ཏེ་ཕྱི་རོལ་གྱི་དོན་མེད་ཀྱང་དེ་ཁོ་ན་ཉིད་དུ་གཞན་ཤེས་པའི་ངོ་བོར་ཡོད་པས་དམིགས་བྱ་མ་གྲུབ་པའི་སྐྱོན་མེད་ཅིང༌། གཟུང་བྱའི་རྣམ་པར་སྣང་བ་དེ་ནི་སེམས་ཉིད་ཡིན་ནོ་ཞེ་ན། གང་གི་ཚེ་སེམས་ཉིད་སྒྱུ་མ་ལྟ་བུར་སྣང་བ་ཡིན་པས་དེ་དག་ངོ་བོ་དབྱེར་མེད་ཀྱི་གཅིག་ཡིན་ན། དེའི་ཚེ་ཡུལ་གང་ཞིག་བློ་གང་གིས་མཐོང་སྟེ། མཐོང་བྱ་མཐོང་བྱེད་གཉིས་མེད་པའི་ཕྱིར་རོ། །སེམས་ཀྱི་ངོ་བོ་གཅིག་གིས་དེ་ཉིད་མཐོང་བར་ཡང་འགལ་ཏེ། འཇིག་རྟེན་ཐམས་ཅད་ཀྱི་ནི་མགོན་དང་སྐྱབས་ཆེན་པོར་གྱུར་པའི་སངས་རྒྱས་ཀྱིས་ཀྱང༌། གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མི་མཐོང་ཞེས་གསུངས་པའི་ཕྱིར་རོ། །དཔེར་ན་རལ་གྲིའི་སོ་གཅིག་པོ་དེ་ནི་རང་ལ་རང་ཇི་ལྟར་མི་གཅོད་པ་དེ་བཞིན་དུ་ཡིད་དམ་སེམས་གཅིག་པོ་དེས་ཀྱང་རང་གིས་རང་མི་མཐོང་བ་ཉིད་དེ། ལང་ཀར་གཤེགས་པར་ཡང༌། ཇི་ལྟར་རལ་གྲི་རང་སོ་དང༌། །ཇི་ལྟར་སོར་མོ་རང་རྩེ་ལ། །མི་གཅོད་རེག་པར་མི་འགྱུར་བ། །དེ་བཞིན་སེམས་ཀྱིས་སེམས་མི་མཐོང༌། །ཞེས་གསུངས་པའི་ཕྱིར་རོ། ། (གཉིས་པ་) དཔེ་ལས་འཁྲུལ་པ་སྤང་པ་ནི། ཇི་ལྟར་དཔེར་ན་མར་མེ་གཉིས་མེད་ཀྱང་རང་གི་དངོས་པོ་གཅིག་ཉིད་རང་གིས་ཡང་དག་པར་གསལ་བར་བྱེད་པ་དེ་བཞིན་དུ་སེམས་ཀྱང་རང་གི་ངོ་བོ་གཅིག་ཉིད་རང་གིས་རིག་ཅིང་གསལ་པའོ་ཞེ་ན། དཔེ་མ་གྲུབ་པས་དེས་མཚོན་པའི་དོན་ཡང་མི་འགྲུབ་སྟེ། མར་མེ་ནི་རང་གིས་རང་གསལ་བར་བྱ་དགོས་པ་མིན་ཏེ། གང་གི་ཕྱིར་ཞེ་ན། དབུ་མ་རྩ་བ་ལས། མར་མེ་དག་ནི་གང་དག་ན། །དེ་འདུག་པ་ན་མུན་པ་མེད། །ཅེས་པ་ལྟར། མུན་པའི་སྒྲིབ་བྱེད་ཀྱིས་ནམ་ཡང་བསྒྲིབ་པ་མེད་པའི་ཕྱིར་རོ། །དེ་ལ་ཤེལ་སྔོན་པོར་བསྒྱུར་བ་བཞིན་དུ་རྐྱེན་གཞན་ལ་ལྟོས་ནས་སྔོན་པོར་འགྱུར་བའང་ཡོད་ལ། བཻཌཱུརྱ་ལ་སོགས་པ་རང་བཞིན་གྱིས་སྔོན་པོ་ཡིན་པ་དེ་སྔོན་པོ་ཉིད་དུ་འགྱུར་བ་ནི་རྐྱེན་གཞན་ལ་ལྟོས་པ་ཡོད་པ་མ་ཡིན་པ་ཡང་གྲུབ་པ་དེ་བཞིན་དུ་བུམ་པ་ལ་སོགས་པ་འགའ་ཞིག་གཞན་མར་མེ་ལ་སོགས་པ་ལ་ནི་ལྟོས་ནས་གསལ་བར་མཐོང་བ་དང༌། མར་མེའི་གསལ་བ་ནི་གཞན་ལ་ལྟོས་པ་མེད་པའང་མཐོང་པའི་ཕྱིར་དཔེ་མ་གྲུབ་པའི་སྐྱོན་མེད་དོ་ཞེ་ན། དེའི་དཔེའང་མི་འགྲུབ་སྟེ། བཻཌཱུརྱའི་སྔོན་པོ་ཡང་དེ་སྐྱེད་པའི་རྒྱུ་རྐྱེན་ལ་ལྟོས་པ་ཡིན་གྱི། སྔར་སྔོན་པོ་ཉིད་མིན་པ་ལ་ཕྱིས་སྔོན་པོར་གྱུར་པ་དེ་བདག་གིས་བདག་ཉིད་བྱས་པ་མེད་དེ། རང་ཉིད་རང་གི་སྐྱེད་བྱེད་དུ་འགལ་བའི་ཕྱིར་རོ། །ཡང་མར་མེ་ནི་གཞན་ལ་མི་ལྟོས་པར་རང་གིས་རང་གསལ་བར་བྱེད་དོ་ཞེས་དེ་འཛིན་པའི་ཤེས་པས་ཤེས་ཏེ་རྗོད་པར་བྱེད་པ་ཡིན་དུ་ཟིན་ནའང༌། བློ་ནི་རང་གིས་རང་གསལ་བ་ཉིད་ཡིན་ནོ་ཞེས་ཤེས་པ་གང་གིས་ཤེས་ནས་དེ་སྐད་དུ་རྗོད་པར་བྱེད་དེ། རང་རིག་གིས་ཤེས་ན་ཤེས་བྱེད་ཐུག་མེད་དུ་འགྱུར་བའི་ཕྱིར་དང༌། གཞན་རིག་གིས་ཀྱང་མ་ཡིན་ཏེ། འདས་པ་ནི་འགགས་པའི་ཕྱིར་དང༌། མ་འོངས་པ་ནི་མ་སྐྱེས་པའི་ཕྱིར་དང༌། ད་ལྟར་པ་ནི། (རྣམ་འགྲེལ་ལས་) རྒྱུ་མིན་ཡུལ་ཡང་ཇི་ལྟར་ཡིན། །ཞེས་པ་ལྟར་དུས་མཉམ་པས་ཡུལ་དང་ཡུལ་ཅན་དུ་འགལ་བའི་ཕྱིར་རོ། ། (གསུམ་པ་ )སྒྲུབ་བྱེད་མངོན་སུམ་མེད་ཚུལ་ནི། བརྟགས་ཤིང་དཔྱད་པ་གང་གི་ཚེ་ཁྱད་པར་གྱི་གཞི་བློ་དེ་ནི་རང་རིག་གཞན་རིག་འགའ་ཡིས་ཀྱང་ནམ་ཡང་མཐོང་བ་མིན་ན་དེའི་ཚེ་ཁྱད་པར་གྱི་ཆོས་མར་མེ་ལྟར་གསལ་བའམ་ནི་བུམ་པ་ལྟར་མི་གསལ་བ་ཞེས་སྨྲས་ཀྱང་མོ་གཤམ་གྱི་བུ་མོ་གཞི་མ་གྲུབ་པའི་འགྱིང་བག་ཆེ་ཆུང་སྨྲ་བ་བཞིན་དུ་བློ་དེ་ནི་རང་གིས་རང་རིག་གོ་ཞེས་བརྗོད་ཀྱང་སྒྲུབ་བྱེད་དང་བྲལ་བའི་ཕྱིར་འབྲས་བུའི་དོན་ཅིའང་གྲུབ་པ་མེད་དོ། ། (བཞི་པ་)རྗེས་དཔག་འདོད་པའང་དགག་པ་ནི། གལ་ཏེ་སྔར་རང་གིས་རང་མྱོང་བའི་རང་རིག་ཡོད་པ་མིན་ན་ཕྱིས་རྣམ་ཤེས་དྲན་པ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ་བ་ལས། དྲན་པ་ནི་ཡོད་པའི་ཕྱིར་རང་རིག་ཡོད་པར་གྲུབ་པོ་ཞེ་ན། མ་ངེས་ཏེ་སྔར་རང་གིས་རང་མ་མྱོང་ཡང་ཤེས་པས་གཞན་གཟུང་བྱའི་ཡུལ་ཉམས་སུ་མྱོང་བ་ཡོད་ཅིང༌། ཡུལ་དང་ཡུལ་ཅན་ཕན་ཚུན་འབྲེལ་བ་གྲུབ་པའི་རྒྱུ་མཚན་ལས། ཕྱིས་ཀྱང་ཡུལ་དྲན་པ་ན་རྣམ་ཤེས་དེ་དྲན་པར་འགྱུར་བའི་ཕྱིར་རོ། །དཔེར་ན་སྔར་བྱི་བས་ལུས་ལ་རིག་པ་ན་དུག་གིས་གོས་པ་གསལ་བར་མྱོང་བ་མེད་ཀྱང་ཕྱིས་འབྲུག་གི་སྒྲ་གྲགས་པ་ལ་སོགས་པའི་རྐྱེན་གྱིས་དུག་ལངས་པ་ན་བྱི་བས་རེག་པ་དྲན་པ་ལས། དུག་གིས་གོས་པ་དྲན་པར་འགྱུར་བ་བཞིན་ནོ། །ཡང་ཏིང་ངེ་འཛིན་ལ་སོགས་པའི་རྐྱེན་གཞན་དག་དང་ལྡན་པ་ལས་མངོན་ཤེས་ཀྱིས་རིང་བ་གཞན་གྱི་ཤེས་པ་དག་ཀྱང་མཐོང་བའི་ཕྱིར་ཉེ་བ་ཤེས་པ་རང་ཉིད་རབ་ཏུ་གསལ་བར་རིགས་སོ་ཞེ་ན། འོ་ན་རིག་སྔགས་གྲུབ་པའི་མིག་སྨན་གྱི་སྦྱོར་བའི་རྐྱེན་གཞན་དང་ལྡན་པ་ལས་མིག་གིས་རིང་པས་འོག་གི་གཏེར་གྱི་བུམ་པ་མཐོང་བའི་ཕྱིར། ཉེ་བ་མིག་སྨན་ཉིད་ཀྱང་མཐོང་བ་ཐལ་བར་འགྱུར་བ་ལས། དེ་ལྟའང་མིན་པའི་ཕྱིར་མ་ངེས་པ་ཉིད་དོ། །ཡང་ན་(འགྲེལ་བ་ལ་སོགས་པར་)གཟུང་ཆར་སྣང་བ་རྣམས་ཀྱང་ཤེས་པའི་རྐྱེན་གཞན་ཚང་བ་དང་ལྡན་པ་ན་མཐོང་པའི་ཕྱིར་ཤེས་པ་རང་ཉིད་ཀྱི་ངོ་བོར་རབ་ཏུ་གསལ་བའོ་ཞེ་ན། འོ་ན་གྲུབ་པའི་མིག་སྨན་གྱི་སྦྱོར་བའི་རྐྱེན་གཞན་ཚང་བ་དང་ལྡན་པ་ན་ས་འོག་གི་བུམ་པ་མཐོང་བའི་ཕྱིར་བུམ་པ་དེ་ཡང་མིག་སྨན་དུ་ཐལ་བར་འགྱུར་བ་ལས། དེ་ལྟའང་མ་ཡིན་ནོ་ཞེས་ཀྱང་འཆད་དོ། །ཡང་ན་མིག་ཤེས་ཀྱི་རྐྱེན་གཞན་དག་དང་ལྡན་པའི་མིག་གི་དབང་པོས་ཀྱང་གཟུགས་མཐོང་བའི་ཕྱིར། མིག་ཤེས་རང་ཉིད་རབ་ཏུ་གསལ་བར་མཐོང་ངོ་ཞེ་ན། འོ་ན་གྲུབ་པའི་མིག་སྨན་སྦྱོར་བའི་རྐྱེན་གཞན་དང་ལྡན་པའི་མིག་གིས་ཀྱང་ས་འོག་གི་བུམ་པ་མཐོང་བའི་ཕྱིར། མིག་སྨན་རང་ཉིད་རང་གིས་གསལ་བར་མཐོང་བར་འགྱུར་བ་ལས། དེ་ལྟར་ཡང་མ་ཡིན་ནོ་ཞེས་ཁ་ཅིག་གསུང་བའང་སྦྱར་དུ་རུང་ངོ༌། ། (ལྔ་པ་)དེས་ན་བདེན་ཞེན་བཟློག་པ་ནི། གལ་ཏེ་རང་རིག་མེད་ན་གཞན་རིག་ཀྱང་མི་འཐད་པའི་ཕྱིར། འཇིག་རྟེན་ན་མཐོང་ཐོས་ཤེས་པ་ལ་སོགས་པའི་ཐ་སྙད་ཐམས་ཅད་མེད་པར་འགྱུར་རོ་ཞེ་ན། དཔྱད་ན་མེད་ཀྱང་སྣང་ཙམ་དུ་ཇི་ལྟར་མངོན་སུམ་གྱིས་མཐོང་བ་དང་ལུང་ལས་ཐོས་པ་དང་རྗེས་དཔག་གིས་ཤེས་པ་ལ་སོགས་པའི་ཐ་སྙད་དག་འཇིག་རྟེན་འདིར་ནི་དགག་པར་བྱ་བ་མིན་ཏེ་ཀུན་རྫོབ་ཇི་ལྟར་གྲགས་པ་བཞིན་དུ་མ་དཔྱད་པའི་བློ་ངོར་ཁས་ལེན་པའི་ཕྱིར་རོ། །འོན་ཀྱང་སྐབས་འདིར་ནི་ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པ་ཡིན་པའི་ཕྱིར་རྣམ་ཤེས་དོན་དམ་དུ་བདེན་པར་རྟོག་པའི་མངོན་ཞེན་བཟློག་ཅིང་དགག་པར་བྱ་བ་ཡིན་ཏེ། དེ་ཁོ་ན་ཉིད་ལ་འཇུག་པར། །བདེན་པར་འཛིན་པའི་དབང་གིས་སྐྱོན། །འདོད་ཆགས་ཞེ་སྡང་ལ་སོགས་པའི། །དགྲ་རྣམས་རབ་འབྱུང་དེ་ལྡོག་ན། །དེ་རྣམས་འབྱུང་པ་ག་ལ་འགྱུར། །ཞེས་བཤད་པ་ལྟར་རོ། ། (གཉིས་པ་)དོན་སེམས་གཉིས་མིན་དགག་པ་ནི། སེམས་ལས་སྒྱུ་མར་སྣང་བ་དེ་གཞན་ཕྱི་རོལ་གྱི་དོན་ཡང་མིན་ཞིང༌། གཞན་མིན་པ་ཤེས་པའི་ངོ་བོར་ཡང་མི་བརྟག་པས་སྐྱོན་གང་ཡང་མེད་དོ་ཞེ་ན། སྒྱུ་མར་སྣང་བ་དེ་སེམས་མ་ཡིན་པའི་དངོས་པོ་ཡིན་ན་ནི་ཇི་ལྟར་དེ་ནང་སེམས་ལས་གཞན་ཕྱི་རོལ་གྱི་དོན་མིན་ཏེ་ཡིན་པར་ཐལ་ཞིང༌། འོན་ཏེ་སེམས་གཞན་མིན་ནོ་ཞེ་ན་སེམས་ཀྱང་དཔྱད་ན་དངོས་པོ་མེད་པར་འགྱུར་ཏེ། སྒྱུ་མར་སྣང་བ་དང་ངོ་བོ་གཅིག་པའི་ཕྱིར་རོ། །(ཤེས་རབ་འབྱུང་གནས་ལ་སོགས་པ་)གཅིག་ནི་སེམས་ལས་སྒྱུ་མ་གཞན་ཡིན་ན་ཁམས་གསུམ་སེམས་ཙམ་དུ་འདོད་པ་དང་འགའ་ཞིང༌། གཞན་མ་ཡིན་ན། གང་ཚེ་ཁྱོད་ལ་སྒྱུ་མ་ཉིད། །མེད་ན་དེ་ཚེ་ཅི་ཞིག་དམིགས། །ཞེས་པས་བཀག་ཟིན་པ། གཉི་ག་ཡིན་པའང་མི་འཐད་དེ། ཆོས་གཅིག་ལ་འགལ་བ་གཉིས་དུས་གཅིག་ཏུ་འདུ་མི་སྲིད་པའི་ཕྱིར་རོ། །གཉི་ག་མ་ཡིན་པའི་ཕུང་པོ་གསུམ་པའང་མི་སྲིད་དེ། དེ་གཉིས་ཕན་ཚུན་སྤང་འགལ་ཡིན་པས་གཅིག་མ་ཡིན་ན་གཅིག་ཡིན་དགོས་པའི་ཕྱིར་རོ་ཞེས་ཀྱང་འཆད་དོ། ། (གསུམ་པ་)དོན་བསྡུ་ནི། ཇི་ལྟར་ན་སྒྱུ་མའི་རྟ་གླང་ལ་སོགས་པ་བདེན་པའི་དངོས་པོར་གྲུབ་པ་མིན་ཡང་ཤེས་པས་བལྟ་བྱར་མི་འགལ་བ་དེ་བཞིན་དུ་ལྟ་ཕྱེད་ཀྱི་ཡིད་ཀྱང་(མ་ནཿ)ཀུན་རྫོབ་ཙམ་དུ་ཡོད་པས། གང་ཚེ་འཁྲུལ་བ་ཡོད་མིན་ན། །སྒྱུ་མ་གང་གིས་དམིགས་པར་འགྱུར། །ཞེས་པས་གནོད་པ་མེད་དོ། ། (གཉིས་པ་)འཁྲུལ་གཞི་མེད་ན་འཁོར་འདས་མི་འབྱུང་བར་ཐལ་བ་སྤང་པ་ནི། གལ་ཏེ་རྣམ་ཤེས་དོན་དམ་དུ་བདེན་པ་མེད་ན་དེ་ལ་བརྟེན་པའི་འཁོར་འདས་ཀྱི་རྣམ་གཞག་མི་འཐད་པ་འགྱུར་བས། གཟུང་འཛིན་དུ་སྣང་བའི་འཁོར་བ་འདི་ནི་ངོ་བོ་བདེན་པར་གྲུབ་པ་མེད་ཀྱང་གཉིས་མེད་ཀྱི་ཤེས་པ་བདེན་པ་དངོས་པོར་གྲུབ་པ་ལ་བརྟེན་ནས་བྱ་བ་བྱེད་པ་ཅན་ཡིན་ལ། དེ་སྤངས་པ་ལས་མྱ་ངན་ལས་འདས་པར་ཡང་རྣམ་པར་འཇོག་གོ་ཞེ་ན། འོ་ན་འཁོར་བ་དེ་ནི་བདེན་པའི་དངོས་པོ་ལས་གཞན་དུ་གྱུར་པ་ཡིན་ན། ནམ་མཁའ་དང་འདྲ་བར་དོན་བྱེད་ནུས་པའི་དངོས་པོ་མེད་པར་འགྱུར་ཞིང༌། གལ་ཏེ་གཉིས་སྣང་གི་འཁོར་བ་དེ་དངོས་པོར་མེད་ན་གཉིས་མེད་ཀྱི་ཤེས་པའི་དངོས་པོ་ལ་བརྟེན་པས་ནི་འཁོར་བའི་བྱ་བ་བྱེད་པ་དང་ལྡན་པའི་ཇི་ལྟར་འགྱུར་ཏེ། རི་བོང་གི་རྭས་ལྕགས་ལ་བརྟེན་ནས་ཀྱང་འབིགས་པར་མི་ནུས་པ་བཞིན་ནོ། །དེས་ན་སེམས་ཙམ་པ་ཁྱོད་ཀྱི་ལུགས་ལ་སེམས་འདི་ནི་གཟུང་འཛིན་གྱི་རང་བཞིན་འཆིང་བྱེད་འཁོར་བའི་གྲོགས་མེད་པར་གཅིག་པུ་ཉིད་དུ་ཐལ་བར་འགྱུར་བ་ཡིན་ཏེ། རྣམ་ཤེས་ལས་གཞན་པའི་འཁོར་བ་ནི་དངོས་པོར་མེད་པའི་ཕྱིར་རོ། །གང་གི་ཚེ་སེམས་ནི་གཟུང་འཛིན་ལ་སོགས་པ་འཁོར་བའི་སྐྱོན་ཐམས་ཅད་དང་བྲལ་བར་གྱུར་པ་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་ཏེ། བྱང་ཆུབ་སེམས་འགྲེལ་དུ། རྟོགས་བྱ་རྟོགས་པའི་རྣམ་པར་སེམས། །མ་གཟིགས་པ་ནི་དེ་བཞིན་གཤེགས། །ཞེས་པ་ལྟར་རོ། །དེ་ལྟ་ཡིན་ན་ཡང་འཁོར་བ་མ་གྲུབ་པས་འཁོར་འདས་ཀྱི་གཞི་སེམས་ཙམ་བདེན་པ་ཉིད་དུ་བརྟགས་པ་ལ་ཡོན་ཏན་ནམ་དགོས་པ་ཅི་ཞིག་ཡོད་དེ་ཅིའང་མེད་དོ། ། ➁ ཡུལ་ཅན་ལམ་དུ་སྒྲུབ་པ། (གཉིས་པ་)ཡུལ་ཅན་ལམ་དུ་སྒྲུབ་པ་ལ། ཀུན་རྫོབ་སྒྱུ་མར་ཤེས་པ་ལམ་དུ་སྒྲུབ་པ་དང༌། དོན་དམ་སྟོང་པར་ཤེས་པ་ལམ་དུ་སྒྲུབ་པའོ། ། ༡ ཀུན་རྫོབ་སྒྱུ་མར་ཤེས་པ་ལམ་དུ་སྒྲུབ་པ། དང་པོ་ལ་གཉིས་ལས། (དང་པོ་)རྒོལ་བ་ནི། དབུ་མ་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པ་ལ་ཡང་ཡོན་ཏན་མེད་པ་མཚུངས་ཏེ། དེ་ལྟར་ཤེས་པ་ན་ཡང་ཇི་ལྟར་ཆགས་སོགས་ཉོན་མོངས་ལྡོག་པར་འགྱུར་ཏེ་མི་འགྱུར་བར་སྣང་བའི་ཕྱིར་རོ། །དེའང་གང་གི་ཚེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཉིད་ལ་སྒྱུ་མས་བསླད་པའི་སྐྱེ་བ་རྣམས་ཆགས་པར་མ་ཟད། སྒྱུ་མ་དེ་བྱེད་པའི་སྐྱེས་བུ་ཉིད་ཀྱང་སྒྱུ་མར་ཤེས་བཞིན་དུ་ཆགས་པ་སྐྱེ་བར་འགྱུར་བའི་ཕྱིར་རོ་ཞེ་ན། (གཉིས་པ་)ལན་ལ་ལྔ་ལས། (དང་པོ་)སྟོང་ཉིད་བསྒོམ་པས་མཐར་འཛིན་སྤོང་ཚུལ་ནི། མི་མཚུངས་ཏེ་སྒྱུ་མའི་བུད་མེད་དེ་བྱེད་པ་པོ་ཤེས་བྱ་ལ་བདེན་པར་འཛིན་པ་དང་ཆགས་སོགས་ཉོན་མོངས་པའི་སྒྲིབ་པའི་བག་ཆགས་མ་སྤངས་པ་དེས་ན་མ་དཔྱད་པའི་བློ་ངོར་བུད་མེད་དེ་མཐོང་བ་ན་སྐྱེས་བུ་དེ་སྟོང་པ་ཉིད་ཀྱི་བག་ཆགས་ཉམ་ཆུང་བར་གྱུར་པ་ཉིད་ཀྱིས་ཆགས་པ་སྐྱེ་བ་ཡིན་ལ། འདིར་ནི་རྣམ་པར་དཔྱད་ན་སྣང་བ་ཐམས་ཅད་བདེན་པས་སྟོང་པ་ཉིད་དུ་རྟོགས་པའི་བག་ཆགས་གོམས་པ་བརྟན་པར་གྱུར་པས་ནི་ཐོག་མར་དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་སྤོང་པར་འགྱུར་ཞིང༌། མཐར་ཡོད་མེད་ལ་སོགས་པ་སྤྲོས་པའི་མཐར་ཅི་ཡང་གྲུབ་པ་མེད་ཅེས་རྟོགས་ནས་གོམས་པར་གྱུར་བས་ནི་སྟོང་པ་ཉིད་ཀྱི་མཐའ་ལ་མངོན་པར་ཞེན་པའི་བག་ཆགས་དེ་ཡང་ཕྱི་ནས་སྤོང་བར་འགྱུར་བའི་ཕྱིར་ཏེ། ཀུན་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་མཛད་དེ། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཡང་ཁྱོད་ཀྱིས་སྤངས་པ་ལགས། །(ཀླུ་སྒྲུབ་ཀྱིས་འཇིག་རྟེན་ལས་འདས་པར་)ཞེས་བསྟོད་པར་གསུངས་པ་འགྲེལ་པ་དྲངས་པ་ལྟར་རོ། །དེ་ཡང་བརྟགས་ཤིང་དཔྱད་པ་གང་གི་ཚེ་བདེན་པའི་ངོ་བོ་གང་ཞིག་མེད་དོ་ཞེས་བརྟག་ཅིང་དགག་པར་བྱ་བའི་ཆོས་དངོས་པོ་མེད་ཅིང་མི་དམིགས་པར་གྱུར་པ་དེའི་ཚེ་དེ་བཀག་པའི་དངོས་མེད་ཀྱང་མོ་གཤམ་གྱིས་བུ་མེད་ན་དེ་ཤི་བའང་མེད་པ་བཞིན་དུ་རྟེན་ནམ་ལྟོས་པ་དང་བྲལ་བའི་ཕྱིར་མེད་ཅིང་མི་དམིགས་པས། བློ་ཡི་མདུན་ནམ་སྤྱོད་ཡུལ་ན་བདེན་པར་གྲུབ་པ་ཇི་ལྟར་གནས་ཏེ་ཅི་ཡང་མི་གནས་པར་གྲུབ་བོ། ། (གཉིས་པ་)མཐར་འཛིན་སྤངས་པས་ཞི་བ་ཐོབ་ཚུལ་ནི། གོམས་པ་མཐར་ཕྱིན་པ་གང་གི་ཚེ་དགག་བྱ་དངོས་པོ་དང་དེ་བཀག་པའི་དངོས་མེད་གཉི་ག་དག་བློ་ཡི་མདུན་ནམ་སྤྱོད་ཡུལ་ན་མེད་ཅིང་མི་གནས་པ། དེའི་ཚེ་དེ་གཉིས་ལས་རྣམ་པ་གཞན་པའི་ཕུང་པོ་གསུམ་པ་ཡང་མེད་པས་དམིགས་པར་བྱ་བའི་ཡུལ་ཅུང་ཟད་ཀྱང་མེད་པར་གྲུབ་ལ། བུད་ཤིང་ཟད་ན་མེ་མི་འབྱུང་བ་བཞིན་དུ་ཡུལ་འགག་ན་ཡུལ་ཅན་གྱི་བློ་ཡང་རབ་ཏུ་ཞི་བ་ལས། སྤངས་པ་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་ལྟར་རོ། །དེ་ལ་འགའ་ཞིག་སེམས་འགགས་པས་ཡེ་ཤེས་ཀྱང་མེད་པར་འདོད་པ་མི་འཐད་དེ། རྣམ་ཤེས་གློ་བུར་བའི་སེམས་སྤངས་པའི་ཆ་ནས་བཞག་པའི་མྱ་ངན་ལས་འདས་པ་དང༌། དོན་དམ་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པའི་ཆ་ནས་བཞག་པའི། རྫོགས་པའི་སངས་རྒྱས་ནི་དོན་གཅིག་པའི་ཕྱིར་རོ། །རྒྱུད་ལས་ཀྱང༌། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་པ། །ཞེས་གསུངས་ཤིང༌། རྒྱུད་བླ་མར་ཡང༌། རྣམ་ཀུན་མངོན་རྫོགས་བྱང་ཆུབ་དང༌། །དྲི་མ་བག་ཆགས་བཅས་སྤངས་པ། །སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཅེས་པ་ལྟར་རོ། ། (གསུམ་པ་)རབ་ཏུ་ཞི་ཡང་གཞན་དོན་འགྲུབ་ཚུལ་ནི། དེ་ལྟར་ཀུན་སློང་གི་རྣམ་རྟོག་ཐམས་ཅད་རབ་ཏུ་ཞི་བ་ཡིན་ན་གཞན་གྱི་དོན་ཇི་ལྟར་འགྲུབ་སྙམ་པ་ལ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་ལྗོན་པ་ལ་ཀུན་སློང་གི་རྣམ་རྟོག་མེད་ཀྱང་འགྲོ་བ་རྣམས་ཇི་ལྟར་འདོད་པའི་རེ་བ་མཐའ་དག་ཡོངས་སུ་སྐོང་བར་བྱེད་པ་དེ་བཞིན་དུ་སྤངས་རྟོགས་མཐར་ཕྱིན་པའི་ཆོས་ཀྱི་སྐུ་ལ་རྟོག་པ་དང་འབད་རྩོལ་མེད་ཀྱང་གདུལ་བྱའི་སྐལ་བ་དང་སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྒྱལ་བའི་གཟུགས་ཀྱི་སྐུར་གང་ལ་གང་མོས་ཀྱི་རྣམ་པ་སྣང་བས། སེམས་ཅན་མཐའ་དག་གི་དོན་རྒྱུན་མི་འཆད་པར་མཛད་པ་འབྱུང་ངོ་ཞེས་སྟོན་པ་སྟེ། ཇི་ལྟར་ནོར་བུ་རིན་ཆེན་རྟོག་མེད་འདོད་པའི་ནོར། །འབད་པ་མེད་པར་གཞན་པ་དག་ལ་རབ་སྟེར་ལྟར། །དེ་བཞིན་ཐུབ་པ་འབད་མེད་ཇི་ལྟར་འོས་པར་ནི། །གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་རྟག་ཏུ་བཞུགས། །ཞེས་པ་ལྟར་རོ། ། (བཞི་པ་)བྱེད་པོ་འགག་ཀྱང་བྱ་བ་བྱེད་ཚུལ་ནི། སྨོན་ལམ་འདེབས་པ་པོ་འགགས་ནས་ཡུན་རིང་དུ་ལོན་པ་དེའི་ནུས་པས་གཞན་དོན་བྱེད་པར་མི་རིགས་སོ་སྙམ་པ་ལ། དཔེར་ན་སྔོན་བྲམ་ཟེ་ཤང་ཀུ་ཞེས་བྱ་བས་གཞན་ལ་ཕན་པའི་དོན་དུ་ནམ་མཁའ་ལྡིང་གི་ནི་གཟུགས་ལ་རིག་སྔགས་ཀྱིས་བསྔགས་པའི་མཆོད་སྡོང་བསྒྲུབས་ནས་འདས་པར་གྱུར་པ་ལས། བྲམ་ཟེ་དེ་འདས་ནས་ཡུན་རིང་པོ་ལོན་ཡང་མཆོད་སྡོང་དེས་སྦྲུལ་གྱིས་ཟིན་པའི་དུག་དང་གདོན་ལ་སོགས་བཞི་བར་བྱེད་པ་དེ་བཞིན་དུ། སློབ་ལམ་གྱི་སྐབས་སུ་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་བའི་སྤྱོད་པ་དང་རྗེས་སུ་མཐུན་པར་སྤྱད་ཅིང་སྨོན་ལམ་བཏབ་པས་འཁོར་བ་ཇི་སྲིད་པར་གཞན་དོན་འགྲུབ་པ་རྒྱལ་བ་ཐམས་ཅད་མཁྱེན་པའི་མཆོད་སྡོང་ཆེན་པོ་བསྒྲུབ་པའང་སྒྲུབ་པ་པོ་བྱང་ཆུབ་སེམས་དཔའ་དེ་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་མྱ་ངན་ལས་འདས་པ་ཐོབ་ནས་ཡུན་རིང་པོ་ལོན་ཀྱང་སྔོན་གྱི་སྨོན་ལམ་དང་གདུལ་བྱའི་དགེ་བའི་དབང་གིས་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་འཆད་པས་སེམས་ཅན་གྱི་དོན་རྣམས་ཐམས་ཅད་སྒྲུབ་པར་མཛད་པ་ཉིད་དོ། །སྔོན་གྱི་(ཚངས་པ་)རང་ཉིད་(ཀྱི་)སྨོན་ལམ་དང༌། ། (འདོད་པའི་)ལྷ་རྣམས་ཀྱི་ནི་དགེ་བའི་མཐུས། །ཇི་ལྟར་ཚངས་པ(འི་སྤྲུལ་བ་འདོད་ཁམས་ཀྱི་ལྷ་ལ)་འབད་མེད་སྣང༌། །རང་བྱུང་(སངས་རྒྱས་ཀྱི་)སྤྲུལ་སྐུ་(ཕྲིན་ལས་དང་བཅས་པའང་)དེ་བཞིན་ནོ། །ཞེས་པ་ལྟར་རོ། ། (ལྔ་པ་)རྟོག་པ་མེད་ཀྱང་བསོད་ནམས་འཐོབ་ཚུལ་ནི། མྱ་ངན་ལས་འདས་པ་ཐོབ་པ་ནི། སེམས་ཡིད་རྣམ་ཤེས་མཐའ་དག་འགགས་ནས་རྟོག་པ་མེད་པའི་ཕྱིར་དེ་ལ་མཆོད་པ་བྱས་པས་ཇི་ལྟར་བསོད་ནམས་ཀྱི་འབྲས་བུ་དང་ལྡན་པར་འགྱུར་ཏེ་མི་འགྱུར་རོ་ཞེ་ན། སངས་རྒྱས་ལ་མཆོད་པ་བྱས་པ་ནི་འབྲས་བུ་དང་ལྡན་པར་འགྱུར་ཏེ། གང་གི་ཕྱིར་སྙམ་ན། ཀུན་རྫོབ་གཟུགས་ཀྱི་སྐུའི་ངོ་བོར་བཞུགས་པའམ་དོན་དམ་ཆོས་ཀྱི་སྐུའི་ངང་དུ་མྱ་ངན་ལས་འདས་པ་ལ་མཆོད་པ་ཕུལ་བ་ནི་བསོད་ནམས་ཀྱི་འབྲས་བུ་མཚུངས་པ་ཉིད་དུ་བཤད་པའི་ཕྱིར་རོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །གང་ཞིག་བཞུགས་ལ་མཆོད་པ་དང༌། །གང་ཡང་མྱ་ངན་འདས་པ་ཡི། །རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་པ། །སེམས་ཀྱང་མཚུངས་ལ་འབྲས་བུའང་མཚུངས། །ཞེས་པ་ལ་སོགས་པས་སོ། །དེ་ཡང་ཀུན་རྫོབ་གཟུགས་ཀྱི་སྐུའམ་ནི་དེ་ཁོ་ན་ཉིད་དུ་ཆོས་ཀྱི་སྐུའང་རུང་སྟེ་དེ་དག་ལ་མཆོད་པ་བྱས་པས་འབྲས་བུ་འཐོབ་པ་ནི་ལུང་རྣམ་དག་ལས་གསུངས་པ་ཡིས་ཡིད་ཆེས་པར་བྱ་བ་ཡིན་ཏེ། (གཏམ་བྱར་)དོན་འདི་ལ་ནི་རྒྱལ་བ་ལས། ལྷག་པའི་ཚད་མ་གཞན་ཡོད་མིན། །ཞེས་པ་ལྟར་རོ། །དཔེར་ན་དངོས་སྨྲ་བ་རྣམས་བདེན་པའི་དངོས་པོར་ཡོད་པའི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ལ་ཇི་ལྟར་མཆོད་པ་བྱས་པ་ལས་བསོད་ནམས་ཀྱི་འབྲས་བུ་དང་བཅས་པར་འགྱུར་བའང་ལུང་ལ་བརྟེན་ནས་འཇོག་པ་བཞིན་ནོ། ། ༢ དོན་དམ་སྟོང་པར་ཤེས་པ་ལམ་དུ་སྒྲུབ་པ། (གཉིས་པ་)དོན་དམ་སྟོང་པར་ཤེས་པ་ལམ་དུ་བསྒྲུབ་པ་ལ་གཉིས་ལས། (དང་པོ་)རྩོད་པ་ནི། ཉན་ཐོས་སྡེ་བ་དག་ན་རེ་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་བདེན་པ་བཞི་པོ་དག་གི་གནས་ལུགས་མི་རྟག་པ་ལ་སོགས་པ་མངོན་སུམ་དུ་མཐོང་ཞིང་བསྒོམས་པས་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་པ་ཡིན་གྱི་ཐམས་ཅད་སྟོང་པ་ཉིད་དུ་མཐོང་ཞིང་གོམས་པས་ཅི་ཞིག་བྱ་སྟེ་དགོས་པའམ་ཕན་ཡོན་ཅིའང་མེད་དོ་ཞེ་ན། (གཉིས་པ་)ལན་ལ། ལུང་ལ་བརྟེན་ནས་མདོར་བསྟན། བརྒལ་ལན་རྒྱས་པར་བཤད་པ། བསྡུས་ཏེ་བསྒོམ་པར་གདམས་པའོ། །དང་པོ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་ཞིང་རྟོགས་ནས་བསྒོམས་པ་ལ་ཕན་ཡོན་ཆེན་པོ་ཡོད་དེ། གང་གི་ཕྱིར་སྙམ་ན། བཅོམ་ལྡན་འདས་ཀྱི་ལུང་ལས་སྟོང་ཉིད་མཐོང་ཞིང་སྒོམ་པའི་ལམ་འདི་ནི་མེད་པར་འབྲས་བུ་བྱང་ཆུབ་གསུམ་ཐོབ་པའི་སྐབས་མེད་ཅིང༌། འདི་ཡོད་ན་ནི་ལྟ་བ་རྣམ་པར་དག་པ་ལ་བརྟེན་པའི་བསྒོམ་པ་ཕུན་སུམ་ཚོགས་པས་འབྲས་བུ་རྣམ་པར་གྲོལ་བ་ཐོབ་པར་གསུངས་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། ཆོས་ཐམས་ཅད་མཉམ་པ་ཉིད་ལ་འཇུག་པའི་མདོ་ལས། འཇམ་དཔལ་སྟོང་པ་ཉིད་ཡིད་ལ་བྱེད་པས་བྱང་ཆུབ་གསུམ་པོ་འཐོབ་པ་འདི་ནི་གནས་ཡོད་ཅིང་སྐབས་ཡོད་དོ། །འཇམ་དཔལ་དངོས་པོའི་འདུ་ཤེས་ཅན་གྱིས་ནི་བྱང་ཆུབ་གསུམ་ཐོབ་པའི་གནས་མེད་སྐབས་མེད་དོ་ཞེས་པ་དང༌། ཡུམ་ལས་ཀྱང༌། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། །ཀུན་ལམ་(ཤེས་རབ་ཀྱི་)ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་པ་ལ་སོགས་པས་སོ། ། (གཉིས་པ་)རྒྱས་བཤད་ལ། ཐེག་ཆེན་གྱི་གཞུང་བཀའ་ཡིན་པར་བསྒྲུབ་པ་དང༌། དོན་ལམ་ཡིན་པར་བསྒྲུབ་པའོ། །དང་པོ་ལ། ཉན་ཐོས་པ་དག་ན་རེ། དེ་ལྟར་གསུངས་ཀྱང་ཐེག་པ་ཆེན་པོའི་གཞུང་དེ་དག་ནི་སངས་རྒྱས་ཀྱིས་གསུངས་པའི་བཀའ་མ་ཡིན་ཏེ། བྱེ་བྲག་ཏུ་བཤད་པ་ཆེན་པོར། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤམྦཱི། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་ཚལ་དང་དགྲར་བཅས་དང༌། །སེར་སྐྱ་ཡི་ནི་གྲོང་ཁྱེར་ཏེ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །འབར་བའི་ཕུག་གི་གནས་སུ་གཉིས། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །དེ་ལྟར་རྒྱལ་བ་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །(ཐམས་ཅད་མཁྱེན་པས་བཞུགས་པ་ཡི། །བསོད་ནམས་གནས་ནི་དེ་དག་ལ། །རྟག་ཏུ་ལུས་དང་ངག་དང་ཡིད། །གུས་པས་བཏུད་དེ་ཕྱག་འཚལ་ལོ)ཞེས་བཤད་པའི་གནས་འདི་དག་ཏུ་བཞུགས་པ་ན་རྟག་པར་ཕྱི་བཞིན་འབྲང་བའི་ཉན་ཐོས་ཆེན་པོ་རྣམས་ཀྱིས་མ་ཐོས་པའི་ཕྱིར་དང་བདེན་པ་བཞི་ལ་སོགས་པ་ཡོད་བཞིན་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པའི་ཕྱིར་རོ་ཞེ་ན། གལ་ཏེ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པར་མ་གྲུབ་ན། ཉན་ཐོས་པ་ཁྱོད་ཀྱི་ལུང་སྡེ་བཞི་ལ་སོགས་པ་འདི་སངས་རྒྱས་ཀྱི་བཀའ་ཡིན་པ་ཇི་ལྟར་གྲུབ་ཅེས་དྲིའོ། །དེ་ལ་གང་གི་ཕྱིར་ཁྱེད་ཐེག་ཆེན་པ་དང་ངེད་ཉན་ཐོས་པ་གཉི་ག་ལ་ལུང་སྡེ་བཞི་ལ་སོགས་པ་འདི་དག་བཀའ་ཡིན་པར་གྲུབ་སྟེ། གཉི་གས་ལུང་རྣམ་དག་ཏུ་ཁས་བླངས་པའི་ཕྱིར་རོ། །ཐེག་ཆེན་ནི་བཀའ་མ་ཡིན་ཏེ། ངེད་ཀྱིས་ལུང་རྣམ་དག་ཏུ་ཁས་མ་བླངས་པའི་ཕྱིར་རོ་ཞེ་ན། འོ་ན་དང་པོ་ལུང་ལ་གཞན་ཡིད་ཆེས་མ་ཞུགས་པའི་དུས་ན་ཁྱོད་ཀྱི་ལུགས་ལ་ལུང་སྡེ་བཞི་ལ་སོགས་པ་འདི་དག་བཀའ་ཡིན་པར་མ་གྲུབ་པར་འགྱུར་ཏེ། གཞན་གྱི་ལུང་རྣམ་དག་ཏུ་ཁས་མ་བླངས་པའི་ཕྱིར་རོ། །དེ་ལྟ་ན་ཡང་རྐྱེན་ནམ་རྒྱུ་མཚན་གང་གིས་ནི་བཀའ་ཡིན་པ་དེར་ཡིད་ཆེས་པར་བྱེད་པའི་ཆོས། མདོ་སྡེ་ལ་འཇུག འདུལ་བ་ལ་སྣང༌། མངོན་པའི་ཆོས་ཉིད་དང་མི་འགལ་བ་ཞེས་བརྒྱུད་པའི་མན་ངག་ལས་འབྱུང་བ་དེ་ངེད་ཀྱི་གཞུང་ལ་ཡོད་པས་ལུང་རྣམ་དག་ཏུ་གྲུབ་པོ་ཞེ་ན། རྒྱུ་མཚན་དེ་དག་ནི་ཐེག་པ་ཆེན་པོ་ལ་ཡང་མཚུངས་པར་ཡོད་པས་བཀའ་ཡིན་པར་གྲུབ་སྟེ། རྒྱན་ལས། (ཐེག་ཆེན་)རང་གི་(མདོ་སྡེ་)ཉིད་ལ་འཇུག་ཕྱིར་དང༌། །རང་གི་འདུལ་ལ་སྣང་ཕྱིར་དང༌། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །(མངོན་པའི་) ཆོས་ཉིད་དང་ནི་འགལ་བ་མེད། །ཅེས་པ་ལྟར་རོ། །སྔར་གཉི་ག་ལ་གྲུབ་ཅེས་པ་དེ་ཡང་ཁྱེད་དང་དེ་ཁོ་ན་ལ་ངེས་པ་མེད་ཀྱི། དེ་དག་ལས་གཞན་གང་ཡང་རུང་གཉིས་འདོད་པས་མཐུན་སྣང་དུ་གྲུབ་ནའང་ལུང་རྣམ་དག་ཏུ་བདེན་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་མུ་སྟེགས་ཚངས་པ་པ་ལ་མཐུན་སྣང་དུ་གྲུབ་པའི་རིགས་བྱེད་བཞི་དང་སྐྲ་ཅན་པ་དང་སེར་སྐྱ་པ་ལ་སོགས་པ་ལ་རང་རང་གི་མཐུན་སྣང་དུ་གྲུབ་པའི་གཞུང་རྣམས་ཀྱང་ནང་བས་ཡིད་ཆེས་པར་བྱ་བའི་ལུང་རྣམ་དག་ཏུ་བདེན་པར་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལྟར་ཡང་རིགས་པ་མ་ཡིན་ནོ། །ཡང་ཐེག་པ་ཆེན་པོ་ནི་བཀའ་ཡིན་མིན་དུ་རྩོད་པ་དང་བཅས་པའི་ཕྱིར་དོར་བར་བྱའོ་ཞེ་ན། ཐེག་ཆུང་བའི་ལུང་ལའང་དཔྱོད་པ་པ་ལ་སོགས་པའི་མུ་སྟེགས་ཅན་རྣམས་ཀྱི་རྩོད་པ་དང་བཅས་པའི་ཕྱིར་དང༌། རྩ་བའི་སྡེ་བ་གཅིག་ལས་སྡེ་བ་བཅོ་བརྒྱད་དུ་གྱིས་པའི་ལུང་གཞན་དག་ལ་ཡང་རང་གི་སྡེ་བ་དང་དེ་ལས་གཞན་པའི་སྡེ་བ་དག་ཕན་ཚུན་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར་ན་དོར་བར་བྱ་བར་འགྱུར་ཏེ། དོར་ན་ནི་ཆོས་ཀྱིས་ཕོངས་པར་འགྱུར་པའི་ལས་བསགས་པས་ངན་སོང་དུ་ལྟུང་བར་འགྱུར་རོ། །གཞན་ཡང༌། རྒྱན་ལས། སྔར་ལུང་མ་བསྟན་ལྷན་ཅིག་བྱུང༌། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང༌། །ཡོད་དང་མེད་ན་ཡོད་མེད་དང༌། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་པ་ལྟར་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་བཀའི་མཐར་ཐུག་པ་ཡིན་པར་གྲུབ་སྟེ། གལ་ཏེ་བཀའ་མ་ཡིན་པ་དམ་པའི་ཆོས་ཀྱི་བར་ཆད་བྱེད་པ་ཞིག་ཕྱིས་འབྱུང་བ་ཡིན་ན་མ་འོངས་པའི་འཇིགས་པ་ཆེན་པོ་བཞིན་དུ་སྔར་ལུང་སྟོན་པར་རིགས་པ་ལས་མ་བསྟན་པའི་ཕྱིར་དང༌། གསུང་གཅིག་ཉིད་དུ་གསུངས་ན་ཡང༌། །དུ་མ་ཉིད་དུ་སོ་སོར་སྣང༌། །ཞེས་པ་ལྟར་ཉན་ཐོས་པ་རྣམས་ལ་ཐེག་པ་ཆུང་ངུ་གསུང་པ་དང་ལྷན་ཅིག་བྱུང་བའི་ཕྱིར་དང༌། དམན་པ་རྣམས་ཀྱིས་མ་ཐོས་ཀྱང་ཟབ་ཅིང་རྒྱ་ཆེ་བའི་ཆོས་འདི་ནི་རྟོག་གེ་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་དང༌། གལ་ཏེ་ཐུབ་པ་ལས་གཞན་པའི་སངས་རྒྱས་གཅིག་གིས་བཤད་པར་འདོད་ནའང་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཟབ་མོ་གང་ཡིན་པ་དེ་ཉིད་བཀའི་མཐར་ཐུག་པར་གྲུབ་པའི་ཕྱིར་དང༌། གལ་ཏེ་ཐེག་པ་ཆེན་པོ་ཞེས་བྱ་བ་ཅུང་ཟད་ཅིག་ཡོད་ན་ནི་ཟབ་ཅིང་རྒྱ་ཆེ་བ་འདི་ལས་གཞན་པ་མ་དམིགས་པས་འདི་ཉིད་བཀའི་མཆོག་ཏུ་ཡོད་པའི་ཕྱིར་དང༌།འོན་ཏེ་ཐེག་པ་ཆེན་པོ་མེད་ན་ནི་དེ་བསྒོམས་པ་ལས་བྱུང་བའི་སངས་རྒྱས་ཀྱང་མེད་པས་དེས་གསུངས་པའི་ཆོས་ཉན་ཐོས་ཀྱི་ཐེག་པའང་མེད་པར་འགྱུར་བའི་ཕྱིར་དང༌། ཐེག་པ་ཆེན་པོ་ལས་འབྱུང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམས་ན་ཉོན་མོངས་པ་ལ་སོགས་པ་སྤང་བྱ་ཐམས་ཅད་ཀྱི་གཉེན་པོ་མཐར་ཐུག་པར་འགྱུར་བའི་ཕྱིར་དང༌། འདི་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་ཀྱང་སྒྲ་ཇི་བཞིན་དུ་མི་གཟུང་གི སྒྲ་གཞན་གྱིས་དོན་གཞན་ཤིན་ཏུ་ཟབ་པ་སྟོན་པའི་ཕྱིར་རོ། ། (གཉིས་པ་)དོན་ལམ་དུ་བསྒྲུབ་པ་ལ། བྲལ་བའི་ཉེས་དམིགས་བསྟན་པ། སླར་ཡང་གཞུང་གི་རྒོལ་ལན། བསྟན་པའི་འབྲས་བུ་འགྲུབ་ཚུལ་ལོ། །དང་པོ་ལ་བཞི་ལས། (དང་པོ་)མྱང་འདས་དཀའ་བའི་ཉེས་པ་ནི། ཐེག་པ་ཆེན་པོའི་བརྗོད་བྱ་ཟབ་མོ་སྟོང་པ་ཉིད་ལ་མི་མོས་པ་ནི་མི་འཐད་དེ། ཐུན་མོང་དུ། མིང་གི་དགེ་སློང་དང་ཁས་འཆེ་བའི་དགེ་སློང་དང༌། སློང་བའི་ངང་ཚུལ་ཅན་གྱི་དགེ་སློང་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་དང་ཉོན་མོངས་པ་བཅོམ་པའི་དགེ་སློང་སྟེ་ལྔ་གསུངས་པ་ལས། ཕྱི་མ་གཉིས་ནི་མཆོག་ཡིན་ཞིང༌། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་དཔག་བསམ་གྱི་ཤིང་དང་འདྲ་བའི་རྩ་བ་ནི་ཉོན་མོངས་པ་བཅོམ་པའི་དགེ་སློང་ཉིད་ཡིན་པས་དེ་ལས་བྱང་ཆུབ་ཕྱོགས་མཐུན་ལ་སོགས་པའི་ཡལ་ག་མེ་ཏོག་འབྲས་བུ་རྣམས་འབྱུང་བ་ཡིན་ན། བདེན་པ་མཐོང་ཡང་སྟོང་ཉིད་མ་མཐོང་ན་ཉོན་མོངས་པ་མ་ལུས་པར་བཅོམ་པའི་དགེ་སློང་ལྷག་བཅས་ཀྱི་མྱང་འདས་ཉིད་ཀྱང་ཐོབ་པ་དཀའ་བར་གནས་པའི་ཕྱིར་དང༌། དེར་མ་ཟད་སེམས་ནི་སྟོང་པ་ཉིད་ལ་མི་མོས་པར་དངོས་པོ་ལ་མངོན་པར་ཞེན་པའི་དམིགས་པ་དང་བཅས་པ་རྣམས་ཀྱིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའང་ཐོབ་པ་ནི་ཤིན་ཏུ་དཀའ་བར་གནས་པའི་ཕྱིར་རོ། ། (གཉིས་པ་)ལས་ཀྱིས་གནོད་པའི་ཉེས་པ་ནི། སྟོང་ཉིད་མ་མཐོང་ཡང་བདེན་པ་མཐོང་བ་ན་ཉོན་མོངས་པ་སྤངས་པས་སྡུག་བསྔལ་མཐའ་དག་ལས་གྲོལ་བའི་མྱ་ངན་ལས་འདས་པ་ཐོབ་པོ་སྙམ་ན། དེ་ལྟ་ན་ཉོན་མོངས་པ་སྤངས་ནས་དགྲ་བཅོམ་པ་ཐོབ་པ་དེའི་དེ་མ་ཐག་ཏུ་སྡུག་བསྔལ་མཐའ་དག་ལས་རྣམ་པར་གྲོལ་བ་དེར་ཐལ་བར་འགྱུར་རོ། །འདོད་པར་ནི་མི་ནུས་ཏེ་སྟོང་ཉིད་མཐར་ཐུག་མ་མཐོང་ན་ཉོན་མོངས་པ་སྤངས་ནས་མེད་ཀྱང་ཐེག་དམན་གྱི་དགྲ་བཅོམ་པ་དེ་དག་ལ་སྔོན་གྱི་མི་དགེ་བའི་ལས་ཀྱི་ནུས་པ་སྨིན་པས་སྡུག་བསྔལ་མྱོང་བར་མཐོང་བ་ཡིན་ཏེ། ཨུ་དྲ་ཡ་ནས་དགྲ་བཅོམ་པ་ཐོབ་ཀྱང་གྲོང་ཁྱེར་སྒྲ་སྒྲོགས་པ་རྣམས་ཀྱིས་བཀྲོངས་པའི་འོ་བརྒྱལ་མྱོང་བ་ལྟ་བུའོ། ། (གསུམ་པ་)སྲིད་པ་གནས་པའི་ཉེས་པ་ནི། རེ་ཞིག་དང་པོ་ཉོན་མོངས་པ་སྤང་མ་ཐག་ཉིད་དུ་སྡུག་བསྔལ་ལས་མ་གྲོལ་ཡང་སྐུ་ཚེའི་འདུ་བྱེད་བཏང་བ་ན་གྲོལ་བར་འགྱུར་ཏེ་དེ་དག་ལ་ཡང་སྲིད་ཉེ་བར་ལེན་པའི་རྒྱུ་ཕུང་པོ་ལ་སྲེད་པ་ནི་མེད་ཅེས་བྱ་བར་ངེས་པ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། ཐེག་དམན་འཕགས་པ་ལ་ཡོད་པའི་སྲེད་པ་འདི་དག་ཀུན་བརྟགས་ཉོན་མོངས་ཅན་མིན་ན་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡོད་པ་བཞིན་དུ་ཅི་སྟེ་མེད་དེ་དེ་དག་གི་རྒྱུད་ལ་ཡོད་པ་ཉིད་དོ། ། དེའི་རྒྱུ་མཚན་ཡང་སྟོང་ཉིད་མ་མཐོང་ན་དངོས་པོར་འཛིན་པ་དང་བཅས་པས་བདེ་སྡུག་གི་ཚོར་བ་ཉམས་སུ་མྱོང་བའི་རྐྱེན་གྱིས་བླང་དོར་གྱི་སྲེད་པ་འབྱུང་བ་ཡིན་ལ། དངོས་འཛིན་དང་བཅས་པའི་ཚོར་བ་ནི་འཕགས་པ་དེ་དག་ལ་ཡང་ཡོད་པས་རྒྱུ་ཚང་ན་འབྲས་བུ་བཟློག་པར་མི་ནུས་པའི་ཕྱིར་རོ། ། (བཞི་པ་)སླར་ཡང་ལྡོག་པའི་ཉེས་པ་ནི། སྟོང་ཉིད་ཟབ་མོ་མ་རྟོགས་ན་དམིགས་པ་རྣམས་ལ་བདེན་པའི་དངོས་པོར་ཞེན་པ་དང་ནི་བཅས་པའི་སེམས་ཐེག་དམན་འཕགས་པ་འགའ་ཞིག་ལ་ནི་ཡུན་རིང་དུ་གནས་པར་འགྱུར་ལ། སྟོང་པ་ཉིད་རྟོགས་པའི་ལྷག་མཐོང་དང་བྲལ་བའི་སེམས་རྣམ་པར་ཤེས་པའི་ཚོགས་ནི་ཞི་གནས་ཅུང་ཟད་ལ་བརྟེན་ནས་རེ་ཞིག་མངོན་གྱུར་འགགས་ཀྱང་ས་བོན་མ་སྤངས་པས་སླར་ཡང་སྐྱེ་ཞིང་ལྡོག་པར་འགྱུར་ཏེ། དཔེར་ན་འདུ་ཤེས་མེད་པའི་སྙོམས་འཇུག་ལ་བརྟེན་ནས་རྣམ་ཤེས་ཚོགས་དྲུག་ལན་ཅིག་འགགས་ཀྱང་སྟོང་ཉིད་རྟོགས་པའི་ལྷག་མཐོང་དང་བྲལ་བའི་རྒྱུ་མཚན་གྱིས་སླར་ཡང་སྐྱེ་བར་འགྱུར་བ་བཞིན་ནོ། །སྟོང་ཉིད་མ་རྟོགས་ན་ཉོན་མོངས་པ་མ་ལུས་པ་སྤངས་པའི་དགྲ་བཅོམ་པ་དང་སྡུག་བསྔལ་མ་ལུས་པ་ཞི་བའི་མྱ་ངན་ལས་འདས་པ་ཐོབ་པར་དཀའ་བ་དེས་ན་ཐར་པ་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་དེ་དག་གིས་ནི་ལམ་ཀྱི་མཐར་ཐུག་ཐེག་པ་ཆེན་པོའི་བརྗོད་བྱ་ཟབ་མོ་སྟོང་པ་ཉིད་བསྒོམ་པ་ལ་འབད་པར་བྱ་སྟེ། རྒྱུད་བླ་མར། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དཔལ་ཕྲེང་གི་ཞུས་པར་ཡང༌། བཅོམ་ལྡན་འདས་དེ་ལྟ་ལགས་པས་དགྲ་བཅོམ་པ་དེ་དག་ཀྱང་སྐྱེ་བའི་ཆོས་ཀྱི་ལྷག་མ་དང་བཅས་པ་ལགས་ཏེ་ཞེས་གསུངས་ལ། དམ་ཆོས་པད་མ་དཀར་པོར་ཡང༌། །འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང༌། །ཁྱེད་ནི་ད་དུང་མྱ་ངན་ཡོང་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། །ཞེས་གསུངས་པས་ཐེག་དམན་གྱི་ཐར་པ་ཐོབ་པ་དེ་དག་རེ་ཞིག་ལ་འཁོར་བའི་སྐྱོན་ཉེ་བར་ཞི་བ་ཙམ་གྱི་ངང་དུ་གནས་པ་ལ་གནས་སྐབས་ཀྱི་མྱ་ངན་ལས་འདས་པར་བཏཊ་པ་ཡིན་གྱི། མཐར་ཐུག་གི་མྱང་འདས་སྒྲུབ་པའི་ཆེད་དུ་སླར་ཡང་ཐེག་ཆེན་གྱི་ལམ་དུ་ཞུགས་ནས་སེམས་ཅན་ལ་ཕན་པ་བསོད་ནམས་ཀྱི་ཚོགས་དང་སྟོང་པ་ཉིད་སྒོམ་པ་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་ལས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དགོས་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོང་བས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང༌། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། ། (གཉིས་པ་)སླར་ཡང་གཞུང་གི་རྒོལ་ལན་ནི། ཉན་ཐོས་པ་དག་ན་རེ་བསླབ་པ་གསུམ་སྟོན་པའི་ངག་གང་ཞིག་མདོ་སྡེ་ལ་འཇུག་འདུལ་བ་ལ་སྣང་མངོན་པའི་ཆོས་ཉིད་དང་མི་འགལ་པ་དེ་ནི་གལ་ཏེ་སངས་རྒྱས་ཀྱིས་གསུངས་པའི་བཀའ་ཡིན་པར་འདོད་ཀྱི། ཐེག་ཆེན་ནི་ཐམས་ཅད་སྟོང་ཉིད་བསྟན་ནས་བསླབ་པ་གསུམ་འགོག་པས་བཀའ་མ་ཡིན་ཞིང༌། དེས་ལས་སྟོང་པ་ཉིད་མ་བསྒོམས་ན་མྱ་ངན་ལས་འདས་པ་མཐར་ཐུག་མི་ཐོབ་པར་གསུངས་ཀྱང་ཡིད་ཆེས་པའི་གསུང་དུ་གཟུང་བར་བྱ་བ་མ་ཡིན་ནོ་ཞེ་ན། ཐེག་ཆེན་ཕལ་ཆེར་ཡང་བཀའ་ཡིན་པར་འགྱུར་ཏེ། མཚན་ཉིད་གསུམ་ལྡན་གྱི་སྒོ་ནས་བསླབ་པ་གསུམ་སྟོན་པར་བྱེད་པར་ཁྱེད་ཅག་གི་མདོ་དང་མཚུངས་པར་འདོད་པ་མིན་ནམ་ཅི་སྟེ་འདོད་དགོས་པའི་ཕྱིར་རོ། །ཕལ་ཆེར་མཚུངས་ཀྱང་ཁ་ཅིག་དང་མི་མཚུངས་པས་སྐྱོན་དང་བཅས་པའོ་ཞེ་ན། གལ་ཏེ་ཁྱེད་ཀྱི་མདོ་འགའ་ཞིག་དང་མཚུངས་པར་མ་རྟོགས་པའི་ཆ་ཅུང་ཟད་གཅིག་གིས་ནི་ཐེག་ཆེན་ཐམས་ཅད་སྐྱོན་དང་བཅས་པར་འགྱུར་བ་ཡིན་ན། འོ་ན་རིགས་པ་མཚུངས་པས་ཁྱོད་ཀྱི་མདོ་དང་མཚུངས་པའི་ཡོན་ཏན་གྱི་ཆ་གཅིག་གིས་ཀྱང་ཐེག་ཆེན་ཐམས་ཅད་ནི་རྒྱལ་བས་གསུངས་པ་ཅིས་མ་ཡིན་ཏེ་ཅིས་ཀྱང་ཡིན་པར་འགྱུར་རོ། །གལ་ཏེ་སངས་རྒྱས་ཀྱི་གསུངས་སུ་ཟིན་ན་ཡང་ཐེག་ཆེན་གྱི་ངག་གང་ཞིག་འོད་སྲུང་ཆེན་པོ་ལ་སོགས་པའི་ཉན་ཐོས་རྣམས་ཀྱི་གཏིང་དཔོགས་པར་མ་གྱུར་པ་དེ་ནི་དོན་དམ་པ་སྟོན་པ་མ་ཡིན་ནོ་ཞེ་ན། ཟབ་པ་དང་རྒྱ་ཆེ་བ་སྟོན་པའི་རྒྱུ་མཚན་གྱིས་དེ་དག་གི་གཏིང་མཐའ་ཐེག་དམན་ལ་མོས་པ་ཁྱོད་ཀྱིས་མ་རྟོགས་མོད། རང་གིས་མ་རྟོགས་པ་དེ་ཙམ་རྒྱུ་མཚན་དུ་བྱས་ནས་ཡིད་ཆེས་པའི་ལུང་དུ་གཟུང་བར་བྱ་བ་མིན་པར་སུ་ཞིག་བྱེད་དེ་དེ་ལྟར་བྱེད་པ་ནི་རིགས་པ་མ་ཡིན་ནོ། །སྐལ་བ་དང་མི་ལྡན་པ་རྣམས་ཀྱིས་མ་རྟོགས་ཤིང་མི་མོས་པ་ཉིད་ཀྱི་ཕྱིར་བཀའི་མཐར་ཐུག་པར་གྲུབ་སྟེ། རྒྱན་ལས། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་སུ་བསྐོར། །ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཞེས་པ་ལྟར་རོ། །ངག་གང་ཞེས་པ་ལ་སོགས་པའི་ཚིགས་བཅད་གསུམ་པོ་འདི་དག་ཤེས་རབ་འབྱུང་གནས་དང་བི་བྷཱུ་ཏི་ཙནྡྲ་ལ་སོགས་པ་ནི་ཟློས་ཤིང་མ་འབྲེལ་བས་གཞན་དག་གིས་རང་བཟོར་བསྣན་པར་བཞེད་མོད། དགེ་བའི་ལྷ་དང་དཱ་ན་ཤྲཱི་ལ་སོགས་པ་ནི་སློབ་དཔོན་གྱི་གསུང་དུ་འཆད་དོ། ། (གསུམ་པ་)འབྲས་བུ་འགྲུབ་ཚུལ་ནི། འཁོར་འདས་ཀྱི་གནས་ལུགས་ལ་རྨོངས་པས་སྡུག་བསྔལ་སྣ་ཚོགས་པ་ལ་ལོངས་སྤྱོད་པ་ཅན་སེམས་ཅན་རྣམས་ལ་ཕན་པའི་དོན་དུ་ཤེས་རབ་ཀྱི་སྟོང་ཉིད་རྟོགས་པས་སྲིད་པ་ལ་ཆགས་པའི་མཐའ་ལས་གྲོལ་བ་དང༌། སྙིང་རྗེས་སྡུག་བསྔལ་ལ་འཇིགས་པ་མེད་པས་ཞི་བའི་མཐའ་ལས་ཀྱང་གྲོལ་བར་གྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་ནས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་སྐུ་གཉིས་ལ་བརྟེན་པའི་ཕྲིན་ལས་རྒྱུན་མི་འཆད་པ་གནས་པ་གྲུབ་པར་གྱུར་པ་འདི་ནི་ཟབ་མོ་སྟོང་པ་ཉིད་རྟོགས་ནས་བསྒོམས་པ་དང་སེམས་ཅན་ལ་ཕན་པ་བསྒྲུབས་པའི་འབྲས་བུ་ཡིན་ཏེ། རྒྱུད་བླ་མར། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞེ་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བསྟེན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར། །ཞེས་པ་ལྟར་རོ། ། (གསུམ་པ་)བསྡུས་ཏེ་བསྒོམ་པར་གདམས་པ་ནི། དེ་ལྟར་ཟབ་མོ་སྟོང་པ་ཉིད་ཀྱི་ཕྱོགས་ལ་གཞུང་བཀའ་མ་ཡིན་ཞིང་དོན་ལམ་མ་ཡིན་ནོ། ། ཞེས་སུན་འབྱིན་པས་སྤོང་བར་བྱེད་པ་ནི་འཐད་པ་མ་ཡིན་ཏེ། དེ་དག་སྤངས་ན་མཐར་ཐུག་གི་མྱང་འདས་ཐོབ་པ་མི་སྲིད་པའི་ཕྱིར་རོ། །དེས་ན་མཐར་ཐུག་གི་མྱང་འདས་ཐོབ་པར་འདོད་པ་རྣམས་ཀྱིས་ནི་ཐེག་པ་ཆེན་པོ་ལ་ཐེ་ཚོམ་དང་སོམ་ཉི་མི་ཟ་བར་ཡིད་ཆེས་པའི་སྒོ་ནས་ལམ་གྱི་མཐར་ཐུག་སྟོང་པ་ཉིད་ནི་བསྒོམ་པ་ལ་འབད་པར་བྱའོ། །དེ་ཡང་ཐར་པའི་གེགས་ཉོན་མོངས་པའི་སྒྲིབ་པ་དང་ཐམས་ཅད་མཁྱེན་པའི་གེགས་ཤེས་བྱའི་སྒྲིབ་པ་ཡིས་ནི་དེ་ཁོ་ན་ཉིད་མཐོང་བ་ལ་བསྒྲིབས་པའི་ཕྱིར་མུན་པ་ལྟ་བུར་བྱེད་ལ། དེའི་གཉེན་པོ་སྟོང་པ་ཉིད་བསྒོམ་པ་ནི་སྣང་བ་ལྟ་བུར་འགྱུར་བས་མྱུར་དུ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་ཟབ་མོ་སྟོང་པ་ཉིད་དེ་ནི་ཇི་ལྟར་སྒོམ་པར་མི་བྱེད་དེ་ཅིས་ཀྱང་བསྒོམ་པར་རིགས་སོ། །དངོས་པོར་འཛིན་པ་གང་ཞིག་འཁོར་བའི་སྡུག་བསྔལ་མཐའ་དག་སྐྱེད་པར་བྱེད་པའི་སྐྱོན་དང་ལྡན་པ་དེ་ལ་སྐྲག་པ་སྐྱེ་བར་འགྱུར་བ་ནི་ཤིན་ཏུ་རིགས་པ་ཡིན་ན་མི་སྐྱེ་བར་སྟོང་པ་ཉིད་ཟབ་མོ་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་ཡོན་ཏན་དང་ལྡན་པ་དེ་ལ་འཇིགས་པ་ཇི་ལྟར་སྐྱེ་སྟེ་འཇིགས་པར་སྐྱེ་བ་ནི་རིགས་པ་མ་ཡིན་ནོ། །ཐེག་ཆེན་གྱི་རིགས་མ་སད་པ་དང་གྲོགས་ངན་པ་ལ་བརྟེན་པ་དང་སྔོན་དགེ་བའི་རྩ་བ་མ་བསགས་པ་དང་ཆོས་ཟབ་མོ་ལ་བློ་མ་སྦྱངས་པ་རྣམས་སྐྲག་པའི་གནས་མ་ཡིན་པ་ལ་སྐྲག་པ་ནི་དོན་ཆེན་པོ་ལས་ཉམས་པར་འགྱུར་བ་སྟེ། རྒྱན་ལས། འགྲོ་བ་དེ་གནས་མིན་ལ་སྐྲག་པས་གདུང་བྱེད་འགྱུར། །བསོད་ནམས་མ་ཡིན་ཕུང་ཆེན་བསགས་བྱས་ཡུན་རིང་དུ། །རིགས་མེད་གྲོགས་ངན་སྔོན་དགེ་མ་བྱས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ན་དོན་ཆེན་འདི་ལས་ལྟུང༌། །ཞེས་པ་ལྟར་རོ། ། ⑵ བདག་མེད་གཉིས་ལ་འཇུག་ཚུལ། (གཉིས་པ་)བདག་མེད་གཉིས་ལ་འཇུག་ཚུལ་ནི། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །ཅེས་སྔར་བསྟན་པ་ལྟར་དཔྱད་ན་དོན་དམ་དུ་བདེན་པར་གྲུབ་པར་མེད་ཀྱང༌། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །མཚན་ཉིད་འཛིན་ལ་ཆོས་ཞེས་བྱ། །ཞེས་པ་ལྟར་ཀུན་རྫོབ་སྣང་ཙམ་དུ་བདེན་པར་འཇོག་པ་ཡིན་པ་ལ། མུ་སྟེགས་ཅན་རྣམས་རྟག་གཅིག་རང་དབང་ཅན་ལ་སོགས་པའི་གང་ཟག་དང༌། ཉན་ཐོས་གནས་མ་བུ་པ་ལ་སོགས་པ་བརྗོད་དུ་མེད་པའི་གང་ཟག་དོན་དམ་དུ་བདེན་པར་འདོད་པ་ནི་མི་རིགས་ཤིང༌། དེ་བཞིན་དུ་གཟུང་འཛིན་ཆོས་ཀྱི་བདག་དོན་དམ་དུ་བདེན་པར་འདོད་པ་རྣམས་ཀྱང་མི་རིགས་པས། དེ་དག་རིམ་གྱིས་འགོག་པ་ལ།(གཉིས་ལས་ ༡ མདོར་བསྟན་པ། དང་པོ་)མདོར་བསྟན་ནི། འཇིགས་པའི་གནས་མ་ཡིན་པ་ལ་འཇིགས་པ་མི་རིགས་པ་ཉིད་དུ་མ་ཟད། འཇིགས་པ་པོའི་བདག་མེད་པའི་ཕྱིར་ཡང་འཇིགས་པར་མི་རིགས་སོ་ཞེས་སྟོན་པ་སྟེ། གལ་ཏེ་གང་ཟག་གམ་ཆོས་ཀྱི་བདག་འགའ་ཞིག་དོན་ལ་བདེན་པ་ཡོད་ན་ནི་འཇིགས་པའི་གནས་ཅི་ཡང་རུང་བ་ལས་འཇིགས་པ་སྐྱེ་བར་འགྱུར་པའང་བདེན་ན། རྣམ་པར་དཔྱད་ན་བདག་ཉིད་འགའ་ཡང་དོན་དམ་དུ་གྲུབ་པ་ཡོད་པ་མིན་པས་འཇིགས་པར་འགྱུར་པ་པོ་སུ་ཞིག་ཡིན་ཏེ་སུ་ཡང་མ་ཡིན་པའི་རྒྱུ་མཚན་རིམ་གྱིས་འཆད་པར་འགྱུར་རོ། ། ༢ རྒྱས་པར་བཤད་པ། (གཉིས་པ་)རྒྱས་བཤད་ལ། གང་ཟག་གི་བདག་མེད་ལ་འཇུག་ཚུལ་དང༌། ཆོས་ཀྱི་བདག་མེད་ལ་འཇུག་ཚུལ་ལོ། ། ➊ གང་ཟག་གི་བདག་མེད་ལ་འཇུག་ཚུལ། དང་པོ་ལ། རྣམ་པར་ཕྱེ་སྟེ་དགག་པ། གཞན་གྱིས་བརྟགས་པ་དགག་པ། དེ་ལ་རྩོད་པ་སྤང་པའོ། ། ༡ རྣམ་པར་ཕྱེ་སྟེ་དགག་པ། དང་པོ་ནི། བདག་ཏུ་འཛིན་པའི་ནང་སེམས་ཅན་གྱིས་བསྡུས་པའི་ཉེར་ལེན་གྱི་ཕུང་པོ་ནི་ཁམས་དྲུག་འདུས་པ་ཙམ་ཡིན་གྱི་བདག་མ་ཡིན་ནོ་ཞེས་ཏེ། དེ་ཡང་ནང་གི་ལུས་ལ་རྣམ་པར་ཕྱེ་ན། སོ་དང་སྐྲ་དང་སེན་མོ་རྣམས་ནི་བདག་མ་ཡིན་ཏེ། བདག་གི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་བདག་ནི་རུས་པ་དང་ཁྲག་གི་ངོ་བོར་ཡོད་པ་མ་ཡིན་ཞིང༌། སྣབས་ཀྱང་བདག་མིན་ལ་བད་ཀན་གྱི་ལྗན་ལྗིན་རྣམས་ཀྱང་བདག་མ་ཡིན་ཏེ་ཆུ་སེར་དང་ནི་རྣག་རྣམས་ཀྱང་བདག་མིན་ལ། བདག་ནི་ཞག་དང་རྡུལ་དུ་ཡོད་པའང་མིན་ཏེ། གློ་བ་དང་མཆིན་པ་དག་ཀྱང་བདག་མ་ཡིན་ནོ། །མཚེར་པ་ལ་སོགས་པའི་ནང་ཁྲོལ་གཞན་མང་པོ་ཡང་བདག་མིན་ཏེ་བདག་ནི་ཕྱི་ས་དང་གཅིན་ལ་སོགས་པ་མི་གཙང་བ་རྣམས་ཀྱང་མ་ཡིན་ལ། ཤ་དང་པགས་པ་ལ་སོགས་པ་རྣམས་ཀྱང་བདག་མིན་ཏེ། དེ་དག་གི་སོ་དང་རུས་པ་ལ་སོགས་པ་སྲ་བར་སྣང་བ་རྣམས་ནི་སའི་ཁམས་ཡིན་ཞིང༌། ཁྲག་དང་ཆུ་སེར་ལ་སོགས་པ་གཤེར་བར་སྣང་བ་རྣམས་ནི་ཆུའི་ཁམས་ཡིན་ནོ། །མིའི་ཁམས་ཡིན་པའི་དྲོད་དང་རླུང་གི་ཁམས་ཡིན་པའི་དབུགས་འབྱུང་རྔུབས་ལ་སོགས་པ་ཡང་བདག་མ་ཡིན་ལ། མིག་གི་བུ་ག་ལ་སོགས་པའི་བུ་ག་རྣམས་ཀྱང་ནམ་མཁའི་ཁམས་ཡིན་ཞིང༌། བདག་མིན་ཏེ་རྣམ་པ་ཀུན་ཏུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་ཤེས་དྲུག་ཀྱང་རྣམ་ཤེས་ཀྱི་ཁམས་ཡིན་ཞིང་བདག་མ་ཡིན་ནོ། །དེ་ལྟར་ན་ཁམས་དྲུག་སོ་སོ་བའམ་འདུས་པའི་ཕུང་པོ་གང་ཡང་རྟག་གཅིག་རང་དབང་ཅན་ལ་སོགས་པའི་བདག་མ་ཡིན་ཏེ། ཀུན་རྫོབ་ཏུ་མི་རྟག་དུ་མ་གཞན་དབང་ཅན་ལ་སོགས་པར་སྣང་ལ། དོན་དམ་པར་རང་རང་གི་ངོ་བོ་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་བདག་དེ་ཕུང་པོ་དང་ངོ་བོ་གཅིག་ན་སྐྱེ་འཇིག་ཅན་དུ་འགྱུར་ཞིང༌། ཕུང་པོ་ལས་གཞན་ཡིན་ན་ལུས་མེད་པར་འགྱུར་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དུ་བདག་ཡོད་པ་མ་ཡིན་ཏེ། དབུ་མའི་རྩ་བར། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་ཞིང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ།