སྤྱོད་འཇུག་ས་འགྲེལ།

། (གསུམ་པ་)སེམས་ཀྱི་གནས་ཐབས་ཀྱིས་དབྱེ་བ་ནི། དམིགས་པ་གང་ཡིན་ལ་དང་པོ་སེམས་འཇོག་པར་བྱེད་པ་དང༌། དེའི་རྒྱུན་མི་གཡེང་བར་ཀུན་ཏུ་འཇོག་པར་བྱེད་པ་དང༌། ཡེངས་ནའང་བཀུག་ནས་ངེས་པར་འཇོག་པར་བྱེད་པ་དང༌། གོང་ནས་གོང་དུ་བརྟག་བྱའི་དངོས་པོ་ལ་ཉེ་བར་འཇོག་པར་བྱེད་པ་ལ་སོགས་པ་དགུ་སྟེ། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །སླར་ཡང་དེ་ལས་བླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང༌། །སེམས་ནི་ནང་དུ་བསྡུ་བར་བྱ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། (བཞི་པ་)མཆོག་དང་དམན་པའི་དབྱེ་བ་ནི། འཇིག་རྟེན་པ་རྣམས་ཀྱི་བསམ་གཏན་ནི་བདེ་བ་ཆུང་བ་དང༌། འཇིགས་ཚོགས་ལ་ཞེན་པ་དང༌། ཡོངས་སུ་ཉམས་པར་འགྱུར་བ་དང༌། ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བཅས་པའི་དམན་པ་དང༌། ཉན་རང་རྣམས་ཀྱི་བསམ་གཏན་ནི་བདག་ཉིད་གཅིག་པུ་བདེ་བ་དང་ཞི་བའི་མཐའ་ལ་ཞེན་པ་དང༌། ཕུང་པོ་ལྷག་མེད་དུ་ཟད་པར་འགྱུར་བ་དང༌། ཉོན་མོངས་ཅན་མ་ཡིན་པའི་རྨོངས་པ་དང་བཅས་པས་དམན་པ་དང༌། ཐེག་པ་ཆེན་པོའི་བསམས་གཏན་ནི་བདེ་བ་ཆེན་པོ་དང་ལྡན་ཞིང་རང་གཞན་ཐམས་ཅད་བདེ་བར་བྱེད་པ་དང༌། སྲིད་ཞིའི་མཐའ་གཉིས་ལ་མ་ཞེན་པ་དང༌། ཡོངས་སུ་ཉམས་པར་མི་འགྱུར་པ་དང༌། ནམ་ཡང་ཟད་པར་མི་འགྱུར་བ་དང༌། རྟག་ཏུ་རྨོངས་པ་མེད་པའི་སྒོ་ནས་མཆོག་ཏུ་གྱུར་པ་སྟེ། གསུམ་གྱི་བསམ་གཏན་བདེ་བ་ཆུང༌། །བདག་བདེ་ཞེན་བཅས་ཡོངས་ཉམས་འགྱུར། །ཟད་འགྱུར་རྨོངས་དང་བཅས་པར་ འདོད། །བྱང་ཆུབ་སེམས་དཔའི་བཟློག་པ་འོ། །ཞེས་པ་ལྟར་རོ། ། ༤ ཕན་ཡོན། (བཞི་པ་)ཕན་ཡོན་ནི། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་མཐའ་ཡས་པ་དང་ལྡན་པ་རྒྱ་ཆེན་པོའི་ཡོན་ཏན་དང༌། བསམ་གཏན་གྱི་བདེ་བ་ཐོབ་བཞིན་དུ་སྙིང་རྗེས་སྐྱེ་བ་དམན་པ་ལའང་བརྟེན་པ་ཟང་ཟིང་མེད་པའི་ཡོན་ཏན་དང༌། མོས་པ་དང་མཐུན་པར་གདུལ་བྱ་རྣམས་བྱང་ཆུབ་གསུམ་ལ་འགོད་པ་དོན་ཆེན་པོའི་ཡོན་ཏན་དང༌། ལྷག་མེད་ཀྱི་མྱང་འདས་སུའང་རྒྱུན་མི་འཆད་པ་མི་ཟད་པའི་ཡོན་ཏན་རྣམས་འགྲུབ་པ་སྟེ། རྒྱལ་བའི་སྲས་རྣམས་ཏིང་འཛིན་མང་ལྡན་བསམ་གཏན་རྣམ་པ་ཐམས་ཅད་བསྒྲུབས། བསམ་གཏན་བདེ་བའི་ཕུལ་གྱིས་གནས་ཤིང་སྙིང་རྗེས་སྐྱེ་བ་དམན་ལ་བརྟེན། །བསམ་གཏན་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བསམ་གཏན་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་གཞག །ཅེས་པ་ལྟར་རོ། །དེ་བཞིན་དུ་ཡུམ་ལས་ཀྱང༌། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་སྒྲུབ། །ཅེས་གསུངས་པ་ལ་སོགས་པ་རྣམས་ཀྱང་ཐོབ་བོ། ། ༢ གཞུང་དོན། (གཉིས་པ་)གཞུང་དོན་ལ། འབྲེལ་བཀོད་དེ་རྣམ་གཡེང་སྤང་ཚུལ། དེ་ཡི་དོན་རྒྱས་པར་བཤད་པ། བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་ཚུལ་ལོ། ། (༡) འབྲེལ་བཀོད་དེ་རྣམ་གཡེང་སྤང་ཚུལ། དང་པོ་ནི། གོང་དུ་བསྟན་པ་དེ་ལྟར་སྦྱིན་པ་ལ་སོགས་པའི་དགེ་བ་རྒྱ་ཆེན་པོ་ལ་སྤྲོ་བའི་བརྩོན་འགྲུས་སྤེལ་ཞིང་བསྐྱེད་ནས་ནི་རང་གི་ཡིད་ནི་ནང་དུ་བརྟགས་བྱའི་དངོས་པོ་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་ནས། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང༌། ཞེ་སྡང་གི་གཉེན་པོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་བསྒོམ་པར་བྱ་སྟེ། བསླབ་བཏུས་སུའང༌། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་བརྩོན་བྱ་ཞིང༌། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་པ་ལྟར་རོ། །གལ་ཏེ་མཉམ་པར་མ་གཞག་ན་སེམས་ནི་ཕྱི་རོལ་དུ་ཡུལ་ལ་རྣམ་པར་གཡེངས་པའི་མི་རྣམས་ཡུལ་སྡུག་པ་ལ་འདོད་ཆགས་དང་མི་སྡུག་པ་ལ་ཞེ་སྡང་ལ་སོགས་པ་སྐྱེ་བས་ཉོན་མོངས་པ་སྲིན་པོ་ལྟ་བུའི་མཆེ་བའི་ཕྲག་ན་ཁམ་བཞིན་དུ་གནས་ཤིང་ངེས་པར་འཇོམས་པས་སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །འོ་ན་རྣམ་གཡེང་ཇི་ལྟར་སྤང་སྙམ་ན། སྐྱེ་བོ་མང་པོ་དང་འགྲོགས་པ་སྤངས་ཏེ་ལུས་དབེན་པར་གནས་པ་དང༌། འདོད་པ་ལ་འདུན་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་ཏེ་སེམས་ནི་དབེན་པར་གནས་པ་ཡིས་ཕྱི་ནང་གི་རྣམ་པར་གཡེང་བ་ཐམས་ཅད་མི་འབྱུང་ངོ༌། །ཉོན་མོངས་པ་སྤོང་པ་ལ་རྣམ་གཡེང་སྤང་དགོས་ཤིང་དེ་ལའང་དབེན་པ་བསྟེན་དགོས་པ་དེ་བས་ན། (ཇོ་བོས་)འཇིག་རྟེན་བྱ་བ་དག་ལ་ཕར་བལྟས་བས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་མི་འགྱུར་བས། །རང་གི་ཡིད་ལ་ལྟ་བ་གཅེས་པར་གྱིས། །ཞེས་པ་ལྟར་ལུས་དབེན་པའི་དོན་དུ་གཉེན་བཤེས་དང་འགྲོགས་པ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་སྙིང་བོ་མེད་པ་རྣམས་ལ་ཆགས་པ་སྤང་བར་བྱ་ཞིང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་པ་ལྟར་སེམས་དབེན་པའི་དོན་དུ་རྣམ་པར་རྟོག་པ་མཐའ་དག་ཡོངས་སུ་དོར་ནས་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ལ་འབད་པར་བྱའོ། ། (༢) དེ་ཡི་དོན་རྒྱས་པར་བཤད་པ། (གཉིས་པ་ )རྒྱས་བཤད་ལ། འཇིག་རྟེན་སྤང་ཚུལ་དང༌། རྣམ་རྟོག་སྤང་ཚུལ་ལོ། ། ༡༽འཇིག་རྟེན་སྤང་ཚུལ། དང་པོ་ལ་གཉིས་ལས། ➊ མདོར་བསྟན་པ། (དང་པོ་)མདོར་བསྟན་ནི། ནང་སེམས་ཅན་ལ་ཆགས་པའི་ཕྱིར་དང་ཕྱི་རྙེད་བཀུར་ལ་སོགས་པ་ལ་སྲེད་པས་ནི་འཇིག་རྟེན་གྱི་འདུ་འཛི་མི་སྤོངས་ཏེ་འཇིག་རྟེན་གྱི་བྱ་བ་སྤང་དགོས་པ་དེ་བས་ན་ཆགས་པ་དང་སྲེད་པ་འདི་དག་ཡོངས་སུ་སྤོངས་ལ་བླང་དོར་གྱི་བློ་དང་ལྡན་པའི་མཁས་པས་འདི་ལྟར་བརྟག་ཅིང་དཔྱད་པར་བྱའོ། །དེ་ཡང༌། དཀོན་མཆོག་སྤྲིན་དུ། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་སོ་སོར་རྟོག་པའོ་ཞེས་པ་དང༌། ཆོས་ཡང་དག་པར་སྡུད་པ་ལས། ཡིད་མཉམ་པར་གཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་གསུངས་པ་ལྟར། སེམས་རྩེ་གཅིག་ཏུ་གནས་པའི་ཞི་གནས་ཏིང་ངེ་འཛིན་དང་རབ་ཏུ་ལྡན་པའི་ལྷག་མཐོང་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་ཟུང་དུ་འཇུག་པ་དག་གིས་ནི་འཁོར་བའི་རྩ་བ་ཉོན་མོངས་པ་མཐའ་དག་རྣམ་པར་འཇོམས་པར་ཤེས་པར་བྱས་ནས་ཐོག་མར་ཞི་གནས་བཙལ་བར་བྱ་སྟེ། གཉེན་པོ་མཐར་ཐུག་ལྷག་མཐོང་ཤེས་རབ་ཀྱི་རྒྱུ་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་ཡང་ནི་འཇིག་རྟེན་གྱི་བྱ་བ་ལ་ཆགས་པ་མེད་པར་བསམ་གཏན་ལ་མངོན་པར་དགའ་བས་འགྲུབ་བོ་སྙམ་དུ་ཡིད་ལ་བྱེད་པས་སོ། །གང་པོས་ཞུས་པར་ཡང༌། དེ་འདྲའི་ཉོན་མོངས་སྤོང་འདོད་ན། །རྙེད་པ་རྣམས་ནི་སྤང་བར་བྱ། །སྤངས་ནས་གནས་དབེན་རབ་གནས་པས། །སྟོང་པའི་ཆོས་ནི་བསྒོམ་པར་བྱ། །ཞེས་པ་ལྟར་རོ། ། ➋ རྒྱས་པར་བཤད་པ། (གཉིས་པ་)རྒྱས་བཤད་ལ། འདུ་འཛི་སྤང་ཚུལ་དང༌། དབེན་པ་བསྟེན་ཚུལ་ལོ། ། (༡) འདུ་འཛི་སྤང་ཚུལ་ལ་བཞི། དང་པོ་ལ། མཛའ་བཤེས་ལ་ཆགས་པའི་ཉེས་དམིགས། བྱིས་པ་དང་འགྲོགས་པ་སྤང་བ། རྙེད་བཀུར་ལ་སྙིང་པོ་མེད་ཚུལ། འཇིག་རྟེན་ལ་ཞེན་པ་སྤང་བའོ། ། ⒈ མཛའ་བཤེས་ལ་ཆགས་པའི་ཉེས་དམིགས། དང་པོ་ལ་གཉིས་ལས། (དང་པོ་)གདུང་བ་སྐྱེད་ཚུལ་ནི། སེམས་ལྡན་རང་ཉིད་ཀྱང་མི་རྟག་པར་གྱུར་པ་སུ་ཞིག་བུ་དང་ཆུང་མ་ལ་སོགས་པའི་མཛའ་བཤེས་མི་རྟག་ཅིང་མི་བརྟན་པ་རྣམས་ལ་ཡང་དག་པར་ཆགས་པར་བྱེད་པ་ཡོད་དེ་དེ་ནི་རིགས་པ་མ་ཡིན་ནོ། །ཆགས་པ་དེས་ནི་འཕྲལ་ལ་གདུང་བར་མ་ཟད་ཚེ་རབས་སྟོང་དག་དུའང་སྡུག་ཅིང་ཡིད་དུ་འོང་བར་མཐོང་བར་ཡོང་ཡེ་མི་འགྱུར་ཞིང་ཡིད་དུ་འོང་བའི་དངོས་པོ་མ་མཐོང་ན་ནི་སེམས་དགའ་ཞིང་ཡིད་བདེ་བར་ཡང་མི་འགྱུར་ཏེ། མི་དགའ་བས་སེམས་འཁྲུགས་ན་ཡིད་ཀྱང་ནང་དུ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང་གནས་པར་མི་འགྱུར་ལ་གལ་ཏེ་སྡུག་ཅིང་ཡིད་དུ་འོང་བ་མཐོང་ཡང་དེ་ལ་ཆགས་པ་མ་སྤངས་ན་ངོམས་ཤིང་ཚིམ་པར་མི་འགྱུར་བས་སྔར་བཞིན་དུ་ཆགས་པ་དང་སྲེད་པས་སེམས་ཡོངས་སུ་གདུང་བར་འགྱུར་ཏེ། རྒྱ་ཆེ་རོལ་བར། འདོད་པའི་ཡོན་ཏན་དག་གིས་དགའ་བ་ནི། །ལན་ཚྭའི་ཆུ་འཐུང་བཞིན་དུ་ངོམས་མི་འགྱུར། །ཞེས་པ་ལྟར་རོ། ། (གཉིས་པ)ཆོས་ལས་ཉམས་ཚུལ་ནི། གཉེན་བཤེས་ལ་སོགས་པ་ཡིད་དུ་འོང་བའི་སེམས་ཅན་རྣམས་ལ་ཆགས་ཤིང་སྲེད་པར་བྱས་ན་ཡང་དག་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་མངོན་སུམ་དུ་མཐོང་བ་ལ་ཀུན་ནས་སྒྲིབ་པར་བྱེད་ཅིང༌། འཁོར་བ་ལས་སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད་ལ། ཐ་མར་དེ་དང་བྲལ་བ་ན་ཡིད་མྱ་ངན་གྱིས་ཀྱང་གདུང་བར་འགྱུར་ཏེ། གཉེན་བཤེས་དེ་ལ་སེམས་པ་འབའ་ཞིག་གིས་ཚེ་འདི་ཡང་དགེ་བ་སྒྲུབ་པའི་དོན་མེད་པར་སྡིག་པ་དང་སྡུག་བསྔལ་གྱིས་འདའ་བར་འགྱུར་ཞིང༌། རྟག་པ་མེད་ཅིང་ངེས་པར་འཇིག་པའི་མཛའ་བཤེས་ལ་ཆགས་པ་ཉིད་ཀྱིས་རྟག་ཅིང་བརྟན་པ་གཡུང་དྲུང་གི་གོ་འཕང་ཐོབ་པར་བྱེད་པའི་ཆོས་དགེ་བའི་བྱ་བ་ཉིད་ཀྱང་འཇིག་པར་འགྱུར་བས་མཛའ་བཤེས་ལ་ཆགས་པ་སྤང་བར་རིགས་སོ། ། ⒉ བྱིས་པ་དང་འགྲོགས་པ་སྤང་བ། (གཉིས་པ་)བྱིས་པ་སྤང་པ་ལ་བཞི་ལས། (དང་པོ་)སྤོང་ཚུལ་མདོར་བསྟན་ནི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་སྐལ་བ་མཉམ་ཞིང་མཐུན་པར་སྡིག་པ་མི་དགེ་བ་སྤྱད་ན་ནི། ངེས་པར་ངན་འགྲོར་འགྲོ་བར་འགྱུར་ཞིང༌། སྐལ་བ་མི་མཉམ་ཞིང་མི་མཐུན་པར་འཕགས་པའི་ཆོས་ཀྱི་རྗེས་སུ་མཐུན་པར་སྤྱད་ན་ནི་དེ་དག་མི་འདོད་ཅིང་སྡང་བར་བྱེད་དེ། མཐུན་པར་སྤྱད་ན་རང་ཉིད་ངན་འགྲོར་ལྟུང་ཞིང༌། མི་མཐུན་པར་སྤྱད་ན་གཞན་དང་ཁྲོ་བར་འགྱུར་བའི་ཕྱིར་བྱིས་པ་བསྟེན་པས་ནམ་ཡང་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ། ། (གཉིས་པ་)ཉེས་དམིགས་རྒྱས་བཤད་ནི། བྱིས་པ་རྣམས་བློ་མི་བརྟན་པས་འཕྲལ་དུ་སྐད་ཅིག་གཅིག་གིས་མཛའ་བར་ཡང་འགྱུར་ལ་དེ་མ་ཐག་ཏུ་ཡུད་ཙམ་ཞིག་གིས་ནི་དགྲ་བོར་ཡང་འགྱུར་ཞིང༌། རང་གཞན་དགའ་བར་འོས་པའི་གནས་ལའང་མི་དགའ་ཞིང་ཁྲོ་བར་བྱེད་པས་སོ་སོའི་སྐྱེ་བོ་རྣམས་ནི་ཤིན་ཏུ་མགུ་བར་དཀའོ། །རང་གཞན་ལ་ཡུན་དུ་ཕན་པར་འགྱུར་བ་བླང་དོར་གྱི་ཚུལ་ཕྱིན་ཅི་མ་ལོག་པ་སྨྲས་ན་ནི་ཁྲོ་བར་བྱེད་ཅིང༌། བདག་ཀྱང་ཕན་པར་འགྱུར་བ་དེ་ལས་ནན་གྱིས་ཟློག་པར་བྱེད་ལ། གལ་ཏེ་དེ་དག་གི་ངག་བཞིན་དུ་ནི་མ་མཉན་ན་མ་རངས་ཤིང་ཁྲོས་པས་ཁྲོ་བ་པོ་ཉིད་ངན་འགྲོར་ཡང་འདོད་པར་འགྱུར་རོ། །གཞན་ཡང་བྱིས་པ་རྣམས་ནི་རང་བས་ཡོན་ཏན་མཐོ་བ་རྣམས་ལ་ཕྲག་དོག་གི་སྒོ་ནས་མི་བཟོད་པ་དང་མཉམ་པ་རྣམས་ལ་འགྲན་སེམས་ཀྱི་སྒོ་ནས་རྩོད་པ་དང༌། དམའ་བ་རྣམས་ལ་ང་རྒྱལ་གྱི་སྒོ་ནས་བརྙས་པ་དང༌། ཡོན་ཏན་བརྗོད་ཅིང་བསྟོད་ན་དྲེགས་པར་འགྱུར་བ་དང༌། སྐྱོན་ནས་སྨྲས་ཤིང་མི་སྙན་པ་བརྗོད་ན་ཁོང་ཁྲོ་སྐྱེ་བར་འགྱུར་བའི་ཕྱིར། དུས་ནམ་ཞིག་གང་ཟག་བྱིས་པ་བསྟེན་པ་ལས་ཕན་པར་འགྱུར་བ་ཅི་ཞིག་ཐོབ་སྟེ་མི་ཐོབ་པ་ཉིད་དོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་འགྲོགས་ན་བྱིས་པ་རྣམས་ལས་ཕན་ཚུན་དུ་བདག་གི་ཕྱོགས་ལ་བསྟོད་པ་དང་གཞན་གྱི་ཕྱོགས་ལ་སྨོད་པ་དང༌། འཁོར་བར་འདུ་འཛི་ལ་དགའ་བའི་གཏམ་ལ་སོགས་པ་མི་དགེ་བ་སྣ་ཚོགས་ཅིས་ཀྱང་ངེས་པར་འབྱུང་བར་འགྱུར་རོ། ། (གསུམ་པ་)བསྡུས་ཏེ་གདམས་པ་ནི། དེ་ལྟར་བྱིས་པ་དེ་དང་བྱིས་པ་གཞན་ཡང་ཕན་ཚུན་བསྟེན་ཅིང་འགྲོགས་པ་དེས་ནི་མི་དགེ་བ་འཕེལ་བའི་རྐྱེན་བྱས་ནས་རང་གཞན་ཕུང་བར་འགྱུར་བ་ཟད་དོ།  །དེས་ཀྱང་བདག་དོན་མ་བྱས་ལ། །བདག་ཀྱང་དེ་དོན་མི་འགྱུར་བས། །ཞེས་པ་ནི་རྒྱ་དཔེ་དང་འགྲེལ་བ་ན་མེད་ཅིང༌། དེ་དག་གི་ཚབ་ལ། བདེ་ཞིང་ཉོན་མོངས་མེད་ཡིད་ཀྱིས། །གཅིག་པུ་དབེན་པར་གནས་པར་བྱ། །ཞེས་པ་ཡོད་བས། འཕགས་པའི་རྗེས་སུ་བསླབས་པའི་བདེ་བ་དང་ལྡན་ཞིང་བྱིས་པ་དང་འགྲོགས་པའི་ཉོན་མོངས་པ་མེད་པའི་ཡིད་ཀྱིས་བདག་ཉིད་གཅིག་པུ་གྲོགས་ངན་པ་མེད་པའི་གནས་དབེན་པར་གནས་པར་བྱ་ཞིང་བྱིས་པ་སོ་སོའི་སྐྱེ་བོ་ཕལ་བ་རྣམས་ལས་ཐག་རིང་དུ་བྱོལ་ནས་མི་མཐོང་བར་བྱ་སྟེ། སོ་སོ་ཐར་བར་ཡང༌། འཕགས་པ་རྣམས་ནི་མཐོང་ན་བདེ། །དམ་པ་རྣམས་དང་འགྲོགས་ན་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཞེས་པ་ལྟར་རོ། ། (བཞི་པ་ )ཕྲད་ན་སྤྱོད་ཚུལ་ནི། གལ་ཏེ་གློ་བུར་དུ་བྱིས་པ་དང་ཕྲད་པར་གྱུར་ནའང་རེ་ཞིག་ཕ་རོལ་པོ་དགའ་བར་འགྱུར་བའི་སྤྱོད་པས་མགུ་བར་བྱ་སྟེ། ཡུན་ཧ་ཅང་འདྲིས་ཆེན་པོ་ཉིད་དུའང་མི་འགྱུར་བར་ཆགས་སྡང་དང་བྲལ་བའི་སྒོ་ནས་ཐ་མལ་བ་ཙམ་གྱིས་ལེགས་པར་གནས་པར་བྱའོ། །ཐོས་པ་ལ་སོགས་པའི་ཆེད་དུ་མང་པོའི་ནང་དུ་འགྲོ་བ་ན་ཡང༌། དཔེར་ན་བུང་བས་མེ་ཏོག་གི་ནང་ནས་སྦྲང་རྩི་ལེན་པ་བཞིན་དུ་ལེགས་པར་བཤད་པའི་ཆོས་ཀྱི་ཚིག་མཐའ་ཡས་པ་རྣམས་ཀྱི་ནང་ནས་ཉམས་སུ་བླང་བར་བྱ་བའི་དོན་སྙིང་པོ་ཙམ་བླངས་ནས་ནི་བྱིས་པ་ཀུན་ལ་སྔོན་ཆད་ཕན་ཚུན་མ་མཐོང་བ་བཞིན་དུ་འདྲིས་པ་མེད་པར་གནས་པར་བྱའོ། ། ⒊ རྙེད་བཀུར་ལ་སྙིང་པོ་མེད་ཚུལ། (གསུམ་པ་)རྙེད་བཀུར་ལ་སྙིང་པོ་མེད་ཚུལ་ནི། བདག་ནི་ཡོ་བྱད་རྙེད་པ་མང་པོ་དང་བཅས་པ་དང༌། མང་པོས་མཆོད་ཅིང་བཀུར་སྟིར་བཅས་པ་དང༌། བདག་ལ་སྐྱེ་བོ་མང་པོ་དགའ་བ་དང་བཅས་པའོ་ཞེས་ཚེ་འདིར་དེ་འདྲ་བའི་སྙེམས་པ་དང་ང་རྒྱལ་འཆང་བར་གྱུར་ན་ཤི་བའི་འོག་ཏུ་ཕྱི་མ་ལ་སྡུག་བསྔལ་གྱི་འཇིགས་པ་སྣ་ཚོགས་སྐྱེ་བར་འགྱུར་རོ། །དེ་བས་ན་སྡུག་བསྔལ་གྱི་ཁྱད་པར་ལ་བདེ་བའོ་ཞེས་རྣམ་པར་རྨོངས་པའི་ཡིད་ཁྱོད་རྒྱུའི་དུས་ན་རྙེད་པ་དང་བཀུར་སྟི་ལ་སོགས་པ་གང་དང་གང་ལ་ཆགས་པར་གྱུར་པ་དེ་དང་དེ་བསྡོངས་ཤིང་བསགས་ནས། འབྲས་བུ་རྣམ་པར་སྨིན་པའི་དུས་ན་སྟོང་འགྱུར་དུ་འཕེལ་བའི་སྡུག་བསྔལ་ཉིད་དུ་འགྱུར་ཞིང་སྡང་ངོ༌། །དེ་ལྟ་བས་ན་བླང་དོར་ལ་མཁས་པས་རྙེད་བཀུར་ལ་སོགས་པ་ལ་ཆགས་བར་མི་བྱ་སྟེ། དེ་དག་ལ་ཆགས་བར་གྱུར་བ་ལས་ནི་སྡུག་བསྔལ་གྱི་འཇིག་པ་སྣ་ཚོགས་སྐྱེ་ཞིང༌། རྙེད་བཀུར་ལ་སོགས་པ་འདི་དག་མི་བརྟན་ཞིང་རང་བཞིན་གྱིས་མདོར་འགྱུར་བར། བློའི་འཇུག་པ་བརྟན་པར་གྱིས་ཏེ་རབ་ཏུ་རྟོགས་ཤིག གལ་ཏེ་ཚེ་འདིར་ལོངས་སྤྱོད་རྙེད་པ་དག་ནི་མང་པོ་བྱུང་བར་གྱུར་ཅིང༌། འཇིག་རྟེན་དུ་གྲགས་པ་ཆེན་པོ་དང་གཏམ་སྙན་པ་དག་ཀྱང་བྱུང་བར་གྱུར་ཀྱང་འཆི་བའི་དུས་སུ་རྙེད་པ་དང་གྲགས་པའི་ཚོགས་དང་བཅས་ཏེ་གནས་གང་འདོད་པ་ཉིད་དུ་འདོད་པའི་གཏོལ་མེད་དོ། །གཞན་ཡང་བདག་ལ་མི་དགའ་བས་སྨོད་པར་བྱེད་པ་གཞན་དག་ཀྱང་ཡོད་ན་འགའ་ཞིག་གིས་བསྟོད་པས་བདག་དགའ་བར་བྱ་རྒྱུ་ཅི་ཞིག་ཡོད་དེ་ཅིའང་མེད་ཅིང༌། བདག་ལ་དགའ་བས་བསྟོད་པར་བྱེད་པ་གཞན་དག་ཀྱང་ཡོད་ན་འགའ་ཞིག་གིས་སྨད་པས་མི་དགའ་བར་བྱ་རྒྱུ་ཡང་ཅི་ཞིག་ཡོད་དེ་ཅིའང་མེད་པས་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ལ་སྙིང་པོ་མེད་དོ། ། ⒋ འཇིག་རྟེན་ལ་ཞེན་པ་སྤང་བ། (བཞི་པ་)འཇིག་རྟེན་ལ་ཞེན་པ་སྤང་པ་ནི། སེམས་ཅན་ལས་སྣ་ཚོགས་བསགས་པས་མོས་ཡུལ་སྣ་ཚོགས་ལ་མོས་པ་སྣ་ཚོགས་པ་ཅན་རྣམས་ནི་ཐབས་ལ་མཁས་པའི་མཐར་ཐུག་པ་རྒྱལ་བས་ཀྱང་ནི་མཐའ་དག་མི་མགུ་བ་ཡིན་ན་བདག་འདྲ་བ་ངན་པས་མགུ་བར་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་རེ་ཞིག་འཇིག་རྟེན་པ་མགུ་བར་འདོད་པའི་བསམ་པ་གཏང་ནས་དབེན་པ་བསྟེན་པར་བྱའོ། །དེ་ཡང་སེམས་ཅན་རྣམས་རྙེད་པ་མེད་པ་ལ་ནི་བསོད་ནམས་དམན་པའོ་ཞེས་སྨོད་ཅིང༌། རྙེད་པ་ཅན་རྣམས་ལ་ནི་ལོག་འཚོ་བསགས་པའོ་ཞེས་མི་སྙན་པ་བརྗོད་དེ། རང་བཞིན་གྱིས་འགྲོགས་པ་དཀའ་བ་དེ་དག་དང་ལྷན་ཅིག་འགྲོགས་པ་དག་གིས་དགའ་བ་ཇི་ལྟར་སྐྱེ་བར་འགྱུར་ཏེ་མི་འགྱུར་རོ། །གང་གི་ཕྱིར་བྱིས་པ་རྣམས་རང་རང་གི་དོན་ནི་གྲུབ་པ་མེད་པར་ནམ་ཡང་དགའ་བར་མི་འབྱུང་ཞིང་རང་གི་འདོད་པའི་དོན་ལ་ཡང་ཚད་མེད་པས་ན་བྱིས་པ་འགའ་ཡང་མཛའ་བཤེས་སུ་བསྟེན་པར་བྱ་བ་མིན་ནོ་ཞེས་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་ཏེ། ཇི་སྐད་དུ། ཏིང་ངེ་འཛིན་རྒྱལ་པོ་ལས། བྱིས་པ་ཇི་སྲིད་ཡུན་རིང་ལེགས་བསྟེན་ཀྱང༌། །དེ་དག་ཕྱིར་ཞིང་མི་མཛའ་འགྲས་འགྱུར་ཞེས། །བྱིས་པའི་ངོ་བོ་ཉིད་ཀྱི་རྒྱུ་ཤེས་ནས། །མཁས་རྣམས་བྱིས་པ་བསྟེན་པར་ཡོངས་མི་བྱེད། །ཅེས་པ་ལ་སོགས་པ་རྒྱ་ཆེར་རོ། ། (༢) དབེན་པ་བསྟེན་ཚུལ། (གཉིས་པ་)དབེན་པ་བསྟེན་པ་ལ། དབེན་པའི་ཡོན་ཏན་བསམ་པ་དང༌། དེ་ཉིད་བསྟེན་པར་གདམས་པའོ། ། ⒈ དབེན་པའི་ཡོན་ཏན་བསམ་པ། དང་པོ་ལ་ལྔ་ལས། (དང་པོ་)འགྲོགས་ན་བདེ་བ་གྲོགས་ཀྱི་ཡོན་ཏན་བསམ་པ་ནི། ནགས་ཁྲོད་ན་རི་དྭགས་དང་བྱ་རྣམ་པ་སྣ་ཚོགས་པ་དག་དང་ཤིང་ལྗོན་པ་རྣམས་ནི་གཞན་ལ་སྨོད་པའི་ཚིག་མི་སྙན་པ་བརྗོད་པར་མི་བྱེད་ཅིང༌། དེ་དག་མ་མགུ་བར་དོགས་པ་མེད་པས་རང་བཞིན་གྱིས་འགྲོགས་ན་བདེ་བའི་གྲོགས་ཡིད་དུ་འོང་བ་དེ་དག་དང་དུས་ནམ་ཞིག་ལྷན་ཅིག་ཏུ་བདག་ཉིད་གནས་པར་འགྱུར་ཞེས་ཡིད་ལ་སྨོན་པའོ། ། (གཉིས་པ་)རང་དབང་ཐོབ་པ་གནས་ཀྱི་ཡོན་ཏན་བསམ་པ་ནི། མི་གཞན་མེད་པའི་ས་ཕུག་གམ་བྲག་ཕུག་གམ་རི་ཕུག་ལ་སོགས་པའམ་ལྷ་ཁང་སྟོང་པ་བདག་གིར་བཟུང་བ་མེད་པའམ་ལྗོན་ཤིང་ཡིད་དུ་འོང་བའི་དྲུང་དུ་ཇི་ལྟར་འདོད་པའི་འདུག་གནས་བཅས་ཏེ་དུས་ནམ་ཞིག་ན་འདུ་འཛིའི་བྱ་བ་ལ་རྒྱབ་ཏུ་མི་ལྟ་ཞིང་རྣམ་གཡེང་ལ་ཆགས་པ་མེད་པར་གནས་པར་འགྱུར་ཞིག་གུ་སྟེ་དེ་ལྟར་གྱུར་ཅིག་སྙམ་དུ་སྨོན་པའོ། །གཞན་ཡང་རིའི་ཁྲོད་ལ་སོགས་པའི་ས་ཕྱོགས་སུས་ཀྱང་བདག་གིར་བཟུང་བ་མེད་པར་རང་བཞིན་གྱིས་ནི་ཡངས་ཤིང་རྒྱ་ཆེ་ལ་ཡིད་དུ་འོང་བ་རྣམས་སུ་གཞན་ལ་ལྟོས་པ་མེད་པར་རང་དབང་དུ་ནི་ཅི་བདེ་བར་སྤྱོད་ཅིང་བདག་གིར་འཛིན་པའི་སྒོ་ནས་ཆགས་པ་མེད་པར་དུས་ནམ་ཞིག་བདག་ནི་གནས་པར་འགྱུར་སྙམ་དུ་སྨོན་པའོ། ། (གསུམ་པ་)བསྒྲུབ་པར་སླ་བ་ཉེར་མཁོའི་ཡོན་ཏན་བསམ་པ་ནི། རྫའི་ལྷུང་བཟེད་ལ་སོགས་པ་འཕྲལ་གྱི་ཡོ་བྱད་རང་གི་བྱ་བ་ཉི་ཚེ་བ་ཙམ་བྱེད་ནུས་པ་དང༌། ཆོམ་རྐུན་པ་ཀུན་ལ་མི་མཁོ་བ་ཕྱག་དར་ཁྲོད་ལ་སོགས་པའི་གོས་ཙམ་འཆང་ཞིང་ལུས་འདི་གོས་དང་རྩིག་པ་ལ་སོགས་པས་བསྒྲིབས་ཏེ་སྦ་བར་མ་བྱས་ཀྱང༌། གཞན་གྱིས་མཐོང་དུ་དོགས་པ་དང༌། གནོད་པ་ལ་སོགས་པས་འཇིག་པ་མེད་པར་གནས་པར་དུས་ནམ་ཞིག་ན་འགྱུར་སྙམ་དུ་སྨོན་པའོ། ། (བཞི་པ་)ཆོས་ལ་སྐུལ་བའི་རྐྱེན་གྱི་ཁྱད་པར་བསམ་པ་ནི། གནས་དུར་ཁྲོད་ཀྱི་སར་སོང་ནས་སྔར་ཤི་བ་གཞན་དག་གི་རུས་གོང་དག་དང་བདག་གི་ལུས་གསོན་པར་སྣང་བ་འདི་ཉིད་མཐར་ངེས་པར་འཇིགས་པའི་ཆོས་ཅན་ནམ་རང་བཞིན་ཅན་དག་ཏུ་ནི་དུས་ནམ་ཞིག་མགོ་སྙོམས་པར་བྱེད་པར་འགྱུར་ཞེས་མི་རྟག་པ་རྗེས་སུ་དྲན་པ་དང༌། ད་ལྟ་གསོན་པར་སྣང་བའི་བདག་གི་ལུས་ནི་འདི་ཉིད་ཀྱང་མཐར་ཤི་ནས་རུས་པར་གྱུར་པ་ན་གང་གི་དྲི་ཤིན་ཏུ་མི་ཞིམ་པར་གྱུར་པ་ཡིས་ཟས་དོན་དུ་གཉེར་བའི་ཝ་དང་སྤྱང་ཀི་ལ་སོགས་པ་དག་ཀྱང་དེའི་དྲུང་དུ་ཉེ་བར་འགྲོ་བ་མི་འགྱུར་བའི་ཚུལ་དེ་ལྟ་བུར་ནི་རང་པོར་མི་ཐོགས་པར་འགྱུར་བར་འོང་སྙམ་དུ་མི་གཙང་བ་རྗེས་སུ་དྲན་པ་དང༌། འཁྲུལ་བའི་སྣང་པ་ལ་ལུས་འདི་ནི་གཅིག་པུར་བྱུང་བའོ་སྙམ་དུ་སེམས་ན་ཡང་དང་པོར་ལྷན་ཅིག་ཏུ་སྐྱེས་བའི་ཤ་དང་རུས་པ་ལ་སོགས་པ་དག་མཐར་ཤི་བ་ན་ཞིག་སྟེ་སོ་སོ་ཐ་དད་དུ་འགྱེས་པར་འགྱུར་ན་གཉེན་དང་བཤེས་ལ་སོགས་པ་མཛའ་བ་གཞན་རྣམས་དང་འགྱེས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་འབྲལ་བ་རྗེས་སུ་དྲན་པ་དང༌། དང་པོ་སྐྱེ་བ་ནའང་རང་ཉིད་གཅིག་པུར་སྐྱེ་བར་འགྱུར་ཞིང་མཐར་འཆི་བ་ནའང་དེ་ཉིད་གཅིག་པུར་འཆི་བར་འགྱུར་ཏེ། བདག་གི་སྡུག་བསྔལ་མྱོང་བའི་སྐལ་བ་ནི་གཞན་བུ་དང་ཆུང་མ་ལ་སོགས་པས་མི་ལེན་ན་དགེ་བའི་གེགས་བྱེད་པའི་མཛའ་བས་ཅི་ཞིག་བྱ་ཞེས་གྲོགས་ལ་ཆགས་པའི་ཉེས་དམིགས་རྗེས་སུ་དྲན་པ་དང༌།