སྤྱོད་འཇུག་ས་འགྲེལ།

། (གཉིས་པ་)ཡོན་ཏན་གྱི་ཆ་ནས་མཆོད་པར་རིགས་ཚུལ་ནི། སྟོབས་བཅུ་ལ་སོགས་པ་ཡོན་ཏན་མཆོག་ཏུ་གྱུར་པའི་ཚོགས་དུ་མ་དང་ལྡན་པ་རྒྱལ་བ་གཅིག་པུ་ཡི་ཡོན་ཏན་གྱི་ཆ་ཤས་ཕྲ་མོ་ཅུང་ཟད་ཙམ་ཞིག་སེམས་ཅན་འགའ་ཞིག་ལ་སྣང་ནའང་ཡོན་ཏན་ཅན་དེ་ལ་མཆོད་པའི་དོན་དུ་ཁམས་གསུམ་གྱི་འབྱོར་བའི་ཁྱད་པར་ཐམས་ཅད་ཕུལ་ཡང་ཆུང་བར་འགྱུར་ན་མཆོད་རྫས་ཕལ་བས་མཆོད་པར་རིགས་པ་ལྟ་སྨོས་ཀྱང་ཅི་དགོས། དེས་ན་གང་ཞིག་མཆོད་ཅིང་མགུ་བར་བྱས་པ་ལས་སངས་རྒྱས་ཀྱི་ཆོས་མཆོག་ཏུ་གྱུར་བ་རྣམས་སྐྱེ་བའི་ཡོན་ཏན་གྱི་ཆ་ཤས་ནི་སེམས་ཅན་ཕལ་བ་རྣམས་ལའང་ཡོད་པས་ན་རྒྱུ་མཚན་འདི་ཙམ་དག་གི་ཆ་དང་ཡང་བསྟུན་ནས་སེམས་ཅན་རྣམས་ཀྱང་སངས་རྒྱས་དང་འདྲ་བར་མཆོད་ཅིང་མཉེས་པར་བྱ་བའི་ཞིང་དུ་རིགས་པར་འགྱུར་རོ། ། ⒌ དེས་ན་སེམས་ཅན་མགུ་བར་བྱ་བ། (ལྔ་པ་)དེས་ན་མགུ་བར་བྱ་བ་ལ་བཞི་ལས། (དང་པོ་)རྒྱལ་བའི་བཀའ་དྲིན་བསམས་ཏེ་མགུ་བར་བྱ་བ་ནི། སེམས་ཅན་མགུ་བར་བྱ་དགོས་པའི་རྒྱུ་མཚན་གཞན་ཡང་གཡོ་དང་སྒྱུ་མེད་པའི་སྒོ་ནས་འགྲོ་བ་མཐའ་ཡས་པའི་གཉེན་བཤེས་མཆོག་ཏུ་གྱུར་ཅིང་རང་གཞན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་མཛད་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཕན་པའི་ལན་བྱ་བར་འདོད་ནའང་སེམས་ཅན་རྣམས་མགུ་བར་བྱ་བ་མ་གཏོགས་པ་ཐབས་གཞན་གང་ཞིག་གིས་ལན་ལོན་པར་འགྱུར་ཏེ་མི་འགྱུར་བས་དེའི་ཕྱིར་ཡང་མགུ་བར་བྱའོ། །སེམས་ཅན་གང་དག་ལ་ཕན་པ་དང་བདེ་བ་འབའ་ཞིག་བསྒྲུབ་པའི་ཕྱིར་དུ་དབུ་དང་ཡན་ལག་ལ་སོགས་སྐུ་ཡང་སྦྱིན་པར་གཏོང་ཞིང༌། མནར་མེད་པའི་དམྱལ་བར་ཡང་འཇུག་ནུས་པའི་དཀའ་སྤྱད་མཛད་པ་རྣམས་ལ་དད་པ་དང་གུས་པ་ཡོད་ན་ནི། སེམས་ཅན་དེ་རྣམས་ལ་ཕན་བཏགས་པ་ལས་འཕགས་པ་དེ་རྣམས་ལ་དྲིན་ལན་ལོན་པར་འགྱུར་བས་ན་རྒྱུ་མཚན་དེ་བས་སེམས་ཅན་འདི་དག་བདག་གིས་ལུས་དང་ལོངས་སྤྱོད་ལ་གནོད་པ་ཆེན་པོ་བྱེད་ན་ཡང་ཐམས་ཅད་བཟང་དགུ་འབའ་ཞིག་ཏུ་བསམས་ནས་བཟོད་པའི་བརྟུལ་ཞུགས་དམ་པ་ལ་སྦྱང་པར་བྱའོ། །རེ་ཞིག་དང་པོར་བདག་དང་འགྲོ་བ་མང་པོ་དག་གི་རྗེ་བོར་གྱུར་པའི་རྒྱལ་བ་སྲས་དང་བཅས་པ་ཉིད་ཀྱང་ནི་སེམས་ཅན་གང་དག་གི་དོན་གྱི་ཕྱིར་དུ་རང་གི་སྐུ་ལའང་མི་གཟིགས་པར་འབད་པ་མཛད་པ་དེ་དག་ལ་གནས་ལུགས་ལ་རྨོངས་ཤིང་མ་རིག་པའི་དབང་དུ་གྱུར་བ་བདག་གིས་ཇི་ལྟར་ན་ང་རྒྱལ་གྱིས་ཁེངས་པར་བྱ་སྟེ་མི་བྱ་ཞིང་འདུད་པ་དང་བཅས་པའི་སྒོ་ནས་བྲན་གྱི་དངོས་མི་བྱ་སྟེ་གཡོག་གི་དངོས་པོ་དང་འདྲ་བར་བྱས་ནས་བཀའ་བཞིན་བསྒྲུབ་པ་ལ་བརྩོན་པར་བྱའོ། ། (གཉིས་པ་)གཞན་ལ་གནོད་པ་བྱས་ན་མི་དགྱེས་པ་འབྱུང་ཚུལ་ནི། བུ་གཅིག་པ་དང་འདྲ་བའི་སེམས་ཅན་གང་དག་བདེ་བ་དང་ལྡན་པར་གཟིགས་པས་ཐུབ་པའི་དབང་པོ་རྣམས་དགྱེས་པར་འགྱུར་ཞིང་སེམས་ཅན་གང་ལ་གནོད་པས་མྀ་བདེ་བར་གཟིགས་པས་ཐུབ་པའི་དབང་པོ་རྣམས་མི་དགྱེས་པ་འབྱུང་བར་འགྱུར་བའི་ཕྱིར་སེམས་ཅན་དེ་དག་ལ་ཕན་བཏགས་ནས་དགའ་བར་བྱས་པས་ཐུབ་པའི་དབང་པོ་ཀུན་རབ་ཏུ་དགྱེས་པར་འགྱུར་ཞིང་སེམས་ཅན་དེ་དག་ལ་གནོད་པས་སྡུག་བསྔལ་བར་བྱས་ན་ཐུབ་པའི་དབང་པོ་རྣམས་ལ་གནོད་པ་བྱས་པར་ཡང་འགྱུར་རོ། །དཔེ་ཇི་ལྟར་ན་སྐྱེས་བུ་འགའ་ཞིག་གི་ལུས་ལ་ཕྱོགས་ཀུན་ནས་མེ་ཆེན་པོ་འབར་བས་བསྲེགས་ཏེ་འདོད་པའི་ཡོན་ཏན་ལྔ་པོ་ཀུན་གྱིས་བསྟབས་ཤིང་མཆོད་ཀྱང་ཡིད་བདེ་བར་མི་འགྱུར་བ་དེ་བཞིན་དུ་སེམས་ཅན་རྣམས་ལ་གནོད་པ་ཆེན་པོས་སྡུག་བསྔལ་བར་བྱས་ཏེ་དཀོན་མཆོག་ལ་མཆོད་པ་འབུལ་བར་འདོད་ན་ཡང་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནམ་ཡང་དགྱེས་པའི་ཐབས་མེད་པ་ཉིད་དོ། ། འཕགས་པ་ཆེན་པོ་དེ་དག་ལ་ཡང་ཆགས་སྡང་ལྟ་བུའི་མཉེས་མི་མཉེས་འབྱུང་ངམ་སྙམ་ན། སངས་རྒྱས་ལ་མེད་ཀྱང་གཞན་སྣང་ལ་དེ་ལྟ་བུའི་རྣམ་པར་སྟོན་ཞིང་བྱང་ཆུབ་སེམས་དཔའ་འགའ་ཞིག་ལ་དངོས་སུའང་འབྱུང་ངོ་ཞེས་བི་བྷཱུ་ཏིས་བཤད་དོ། ། (གསུམ་པ་)དེའི་སྡིག་པ་བཤགས་དེ་དགྱེས་པ་བསྐྱེད་ཚུལ་ནི། དེ་བས་ན་སྔོན་ཆད་བདག་གིས་མ་རིག་པའི་དབང་གིས་འགྲོ་བ་མང་པོ་ལ་ལུས་ངག་ཡིད་གསུམ་གྱིས་གནོད་པ་བྱས་པས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་རྒྱལ་བ་སྲས་དང་བཅས་པ་ཀུན་མི་དགྱེས་པར་གྱུར་པ་གང་ཡིན་པའི་སྡིག་ཆེན་པོ་དེ་ཉིད་དུས་དེ་རིང་ནས་སྐྱོབ་པ་རྣམས་ཀྱི་སྤྱན་སྔར་འགྱོད་པས་སོ་སོར་བཤགས་ཤིང་སླན་ཆད་ཀྱང་བསྡམ་པར་བགྱི་ཡིས་ཐུགས་དང་འགལ་བར་བགྱིས་པས་མི་དགྱེས་པར་གྱུར་བ་གང་ལགས་པ་དེ་ཐམས་ཅད་ཐུབ་དབང་སྲས་དང་བཅས་པ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ། ད་ནི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་བཞེད་པ་བཞིན་བསྒྲུབས་པས་མཉེས་པར་བགྱི་བའི་སླད་དུ་དུས་དེང་ནས་ངེས་པར་བཟུང་སྟེ་ལུས་ངག་ཡིད་གསུམ་གྱི་འཇིག་རྟེན་གསུམ་པོ་མཐའ་ དག་གི་བྲན་དང་འདྲ་བ་ཉིད་དུ་མཆི་བར་བགྱིའོ། །དེས་ན་འགྲོ་བ་མང་པོའི་རྡོག་པས་བདག་གི་སྤྱི་བོར་རྡུང་ཞིང་འཚོག་གམ་འགུམས་ཤིང་གསོད་པར་བགྱིད་ཀྱང་ལན་མི་བསྡོ་བར་གུས་པས་དང་དུ་བླང་བར་བགྱི་ཡིས་འཇིག་རྟེན་གསུམ་གྱི་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཐུགས་དགྱེས་པར་མཛོད་ཅིག་ཅེས་པའོ། ། (བཞི་པ་)རང་བཞིན་རྣམ་དག་བསམས་ཏེ་གུས་པར་བྱ་བ་ནི། རྒྱུད་བླ་མར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པ་ལྟར་འགྲོ་བ་མ་ལུས་པ་འདི་དག་ཀུན་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་རྫོགས་པའི་སངས་རྒྱས་དེས། དེ་བཞིན་ཉིད་བདག་དག་པའི་བདག །ཅེས་པ་ལྟར་དེ་བཞིན་ཉིད་རང་བཞིན་གྱིས་དག་པའི་བདག་ཉིད་དུ་གཅིག་པར་དགོངས་པར་མཛད་པ་འདི་ལ་ཐེ་ཚོམ་དང་སོམ་ཉི་མེད་དོ། །དེས་ན། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པ་ལྟར་ཀུན་རྫོབ་ཏུ་སེམས་ཅན་གྱི་ངོ་བོར་མཐོང་བ་འདི་དག་ཉིད་དོན་དམ་པར་མགོན་པོ་སངས་རྒྱས་དེའི་བདག་ཉིད་དམ་རང་བཞིན་ཅན་ཡིན་པས། འདི་ལྟར་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་པ་བཞིན་གུས་དང༌། །ཞེས་པ་ལྟར་ཅིའི་ཕྱིར་གུས་པར་མི་བྱེད་དེ། སྟོན་པ་སངས་རྒྱས་ལ་གུས་པ་བཞིན་དུ་སེམས་ཅན་རྣམས་ལ་ཡང་གུས་པར་བྱ་བ་ཉིད་དོ། ། ⒍ མགུ་བར་བྱས་པའི་ཕན་ཡོན་བསྟན་པ། (དྲུག་པ་)མགུ་བའི་ཕན་ཡོན་བསྟན་པ་ལ། དོན་གཉིས་འགྲུབ་ཚུལ་མདོར་བསྟན། དཔེ་ཡིས་རྒྱས་པར་བཤད། སྐབས་དོན་བསྡུས་ཏེ་བསྟན་པའོ། ། (དང་པོ་)མདོར་བསྟན་ནི། སྔར་རྒྱ་ཆེར་བསྟན་པའི་རིགས་པས་སེམས་ཅན་མགུ་བར་བྱེད་པ་འདི་ཉིད་དེ་བཞིན་གཤེགས་པ་རྣམས་ཐུགས་མཉེས་པར་བྱེད་པ་བཀའ་བཞིན་དུ་སྒྲུབ་པའི་མཆོད་པའང་ཡིན་ལ། རང་གི་དོན་དུ་བསོད་ནམས་ཀྱི་ཚོགས་ཡང་དག་པར་སྒྲུབ་པའི་རྒྱུའང་སེམས་ཅན་ལ་ཕན་འདོགས་པ་འདི་ཉིད་ཡིན་པར་བཤད་དོ། །གཞན་མགུ་བར་གྱུར་ན་ལམ་རྣམ་དག་ལ་གཞུག་པར་ནུས་པས་འཇིག་རྟེན་གྱི་སྡུག་བསྔལ་མཐའ་དག་སེལ་བའི་ཐབས་དམ་པའང་འདི་ཉིད་ཡིན་ཏེ། རྒྱུ་མཚན་དེ་ལྟ་བས་ན་བདག་གིས་དུས་རྟག་ཏུ་སེམས་ཅན་མགུ་བར་བྱ་བའི་སྤྱོད་པ་འདི་ཉིད་ལ་བརྩོན་པར་བྱ་བར་རིགས་སོ། ། (གཉིས་པ་)རྒྱས་བཤད་ལ་གཉིས་ལས། (དང་པོ་)གནོད་པ་སྤང་ཚུལ་དཔེ་ཡིས་བཤད་པ་ནི། དཔེར་ན་རྒྱལ་པོ་ཆེན་པོས་མངགས་པའི་མི་འགའ་ཞིག་གིས་འབངས་ཀྱི་སྐྱེ་བོ་རབ་ཏུ་མང་པོ་དག་ལ་གནོད་པ་སྣ་ཚོགས་པ་བྱེད་ཀྱང་སྐྱེ་བོ་དེ་དག་གི་ནང་ན་ཕྱི་རྗེས་ལྟ་ཤེས་པའི་མིག་རྒྱང་རིང་བོ་དག་ཕར་གཞོམ་པར་ནུས་ཀྱང་ཕྱིར་ལན་དུ་གནོད་པ་མི་ཕྱེད་ཅིང་མགུ་བར་བྱེད་པ་ཉིད་དེ། དེའི་རྒྱུ་མཚན་འདི་ལྟར་མི་དེ་གཅིག་པ་གྲོགས་མེད་པ་མ་ཡིན་གྱི་རྒྱལ་པོའི་མཐུ་དང་སྟོབས་དང་ནུས་པ་ཐམས་ཅད་དེ་ཡི་དཔུང་ཡིན་པའི་ཕྱིར་རོ། །དོན་དེ་དེ་བཞིན་དུ་གནོད་བྱེད་ཀྱི་དགྲ་བོ་ཉམས་སྟོབས་ཆུང་བ་འགའ་ཞིག་གིས་བདག་ལ་གནོད་པ་སྣ་ཚོགས་བྱེད་ན་ཡང་ཕྱི་རྗེས་ལྟ་ན་བརྙས་པས་ཁྱད་དུ་གསད་པར་མི་བྱ་ཞིང་སེམས་མགུ་བར་བྱ་དགོས་པ་ཉིད་དེ། དེའི་རྒྱུ་མཚན་འདི་ལྟར་སེམས་ཅན་དམྱལ་བའི་སྲུང་མ་གཤིན་རྗེའི་སྐྱེས་བུ་འཇིགས་སུ་རུང་བ་རྣམས་དང་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དེ་ཡི་དཔུང་དང་འདྲ་བར། དགྲ་ལ་གནོད་པ་བྱས་ན་དམྱལ་སྲུང་རྣམས་ཀྱིས་གནོད་པའི་ལན་དྲག་པོ་བྱེད་ཅིང༌། ཐུགས་རྗེ་ཅན་རྣམས་མི་དགྱེས་པར་འགྱུར་བའི་ཕྱིར་རོ། ། (གཉིས་པ་)མགུ་བར་བྱེད་ཚུལ་དཔེ་ཡིས་བཤད་པ་ནི། དཔེ་ཇི་ལྟར་ན་དམངས་ཕལ་བ་རྣམས་ཀྱིས་རྒྱལ་པོ་གཏུམ་པོ་གདུག་པ་ཅན་ཐབས་སྣ་ཚོགས་ཀྱིས་མགུ་བར་བྱེད་དགོས་པ་དེ་བཞིན་དུ་བདག་གིས་སེམས་ཅན་བསམ་པ་སྣ་ཚོགས་པ་ཅན་རྣམས་ནི་ཐབས་སྣ་ཚོགས་ཀྱི་སྒོ་ནས་མགུ་བར་བྱ་དགོས་ཏེ། དེའི་རྒྱུ་མཚན་ཡང་རྒྱལ་པོ་ལྟ་བུ་ཞིག་མ་མགུ་ཞིང་ཁྲོས་པར་གྱུར་ན་ཡང་ཚེ་འདིར་ལུས་དང་ལོངས་སྤྱོད་ལ་གནོད་པ་བྱེད་པ་ཙམ་ནུས་ཀྱི། སེམས་ཅན་རྣམས་མི་མགུ་བར་བྱས་པ་ཡིས་ཕྱི་མ་ལ་མྱོང་བར་འགྱུར་བ་གང་ཡིན་པའི་དམྱལ་བའི་སྡུག་བསྔལ་གྱི་གནོད་པ་ནི་རྒྱལ་པོ་དེས་བྱེད་དམ་སྟེ་བྱེད་པར་མི་ནུས་ལ། ཡང་རྒྱལ་པོ་ལྟ་བུ་ཞིག་མགུ་ཞིང་ཕན་འདོགས་ན་ཡང་གནས་སྐབས་སུ་འཁོར་དང་ལོངས་སྤྱོད་ལ་སོགས་པའི་ཕུན་སུམ་ཚོགས་པ་སྦྱིན་ནུས་ཀྱི། སེམས་ཅན་རྣམས་མགུ་བར་བྱས་པ་ཡིས་ཐོབ་པར་འགྱུར་བ་གང་ཡིན་པ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཉིད་སྦྱིན་པ་ནི་མི་སྲིད་པས་ཤེས་པ་ཉིད་དོ། ། (གསུམ་པ་)དོན་བསྡུ་ནི། བཟོད་པ་བསྒོམས་པས་སེམས་ཅན་མང་པོ་ལ་ཕན་བཏགས་ཏེ་ཡིད་མགུ་བར་བྱས་པ་ལས་བྱུང་བ་ཡི་མཐར་ཐུག་གི་འབྲས་བུ་མ་འོངས་པ་ན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པ་ལྟ་ཞོག གནས་སྐབས་ཀྱི་འབྲས་བུ་ཚེ་འདི་ཉིད་ལ་དཔལ་དང་འབྱོར་བ་ཆེན་པོ་དང་སྙན་པའི་གྲགས་པ་ཆེན་པོ་དང་བདེ་ཞིང་སྐྱིད་པར་འགྱུར་བ་ཅིས་མ་མཐོང་སྟེ་མཐོང་བའི་ཕྱིར་སེམས་ཅན་མགུ་བའི་ཐབས་ལ་འབད་པར་རིགས་སོ། ། (༣) བསྒོམ་པའི་ཕན་ཡོན། (གསུམ་པ)ཕན་ཡོན་ནི། སངས་རྒྱས་མ་ཐོབ་ཀྱི་བར་དུ་འཁོར་བར་གནས་པའི་ཚེ་ཡང་བཟོད་པ་བསྒོམས་པར་གྱུར་བས་གཟུགས་མཛེས་ཤིང་བལྟ་ན་སྡུག་པ་ཡིད་དུ་འོང་བ་དང་ཡན་ལག་དང་ཉིང་ལག་དང་དབང་པོ་ཐམས་ཅད་ཚང་བ་ལ་སོགས་པ་དང༌། ནད་སྣ་ཚོགས་ཀྱིས་ཡོངས་སུ་གདུང་བ་མེད་པ་དང༌། གྲགས་པའམ་དགའ་བ་རྒྱ་ཆེན་པོ་འཕེལ་བ་དང༌། ཚེ་ཤིན་ཏུ་ཡུན་རིང་པོར་བདེ་བར་འཚོ་བ་དང་རིན་པོ་ཆེ་སྣ་བདུན་དང༌། ཉེ་བར་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འབྱོར་བ་དང་བཀའ་འབངས་སུ་གཏོགས་པ་རྣམས་དགེ་བ་བཅུ་ལ་འགོད་ནུས་པའི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་རྒྱས་པ་ཕུན་སུམ་ཚོགས་པ་ཐོབ་ཅིང༌། སྔར་བཤད་པ་ལྟར་མཐར་ཐུག་བྱང་ཆུབ་ཆེན་པོ་ཐོབ་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གཙོ་བོར་བཟོད་པ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །། ལེའུ་བདུན་པ། བརྩོན་འགྲུས་རྩོམ་པ་བསྟན་པ། ༤༽བརྩོན་འགྲུས་ཀྱི་ཕར་ཕྱིན་ཉམས་སུ་ལེན་ཚུལ། ⑴ སྤྱི་དོན་ལ་བཞི། དེ་ལྟར་བཟོད་པ་བསྒོམ་ཚུལ་བསྟན་ནས། ད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་བླང་ཚུལ་ལ་སྤྱི་དོན་བཞི་སྟེ། བྱེད་ལས་མཚན་ཉིད་དབྱེ་བ་ཕན་ཡོན་ནོ། ། ༡ བྱེད་ལས། (དང་པོ་)བྱེད་ལས་ནི། བྱང་ཆུབ་སེམས་དཔའ་རྣམས་བརྩོན་འགྲུས་ལ་བརྟེན་ནས་གཞན་སྨིན་པར་བྱེད་པས་ན་སེམས་ཅན་མང་པོའི་རྒྱུད་ལ་དགེ་བ་རྒྱ་ཆེན་པོ་འཕེལ་བ་ནི་ལྟ་སྨོས་ཀྱང་ཅི་དགོས། སེམས་ཅན་གཅིག་གི་རྒྱུད་ལ་སེམས་དགེ་བ་གཅིག་སྤེལ་བའི་ཆེད་དུ་ཡང་བསྐལ་པ་མང་པོར་མི་སྐྱོ་བའི་སྒོ་ནས་ཚེ་འདི་དང་ཕྱི་མར་ཕན་འདོགས་པར་བྱེད་པ་སྟེ། རྒྱན་ལས། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟེན་པ་སྟེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར། །ཞེས་པ་ལྟར་རོ། ། ༢ མཚན་ཉིད། (གཉིས་པ་)མཚན་ཉིད་ནི། མི་མཐུན་པའི་ཕྱོགས་ལེ་ལོ་མ་ལུས་པ་སྤངས་པ་དང༌། གཉེན་པོ་ཆོས་ལ་བདག་མེད་རྟོགས་པའི་སྒོ་ནས་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། བྱེད་ལས་གནས་སྐབས་སུ་གཞན་དོན་ལ་སྤྲོ་པའི་སྒོ་ནས་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། མཐར་ཐུག་རང་རང་གི་མོས་པ་དང་མཐུན་པར་ཐེག་པ་གསུམ་གྱི་མྱ་ངན་འདས་པ་ལ་བཀོད་ནས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཆོས་བཞི་དང་ལྡན་པ་སྟེ། བརྩོན་འགྲུས་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པ་ལྟར་རོ། ། ༣ དབྱེ་བ། (གསུམ་པ་)དབྱེ་བ་ནི། ཡང་དག་པའི་དགེ་བ་ལ་སྤྲོ་བས་འཇུག་པ་ངོ་བོའི་དོན་དང༌། དད་པ་ཆེན་པོ་དང་འདུན་པ་དྲག་པོ་ལ་བརྟེན་ནས་འབྱུང་བ་རྒྱུའི་དོན་དང༌། དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པ་གོང་ནས་གོང་དུ་འཕེལ་བར་འགྱུར་བ་འབྲས་བུའི་དོན་དང༌། ཀུན་ནས་ཉོན་མོངས་པ་ཅན་མི་དགེ་བའི་ཕྱོགས་ཀྱི་གཉེན་པོ་བྱེད་པ་ལས་ཀྱི་དོན་དང༌། མ་ཆགས་པ་དང་ཞེ་སྡང་མེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དོན་དང༌། དེ་ལྡན་གྱི་གང་ཟག་ལ་ཡོད་པ་རྟེན་གྱི་འཇུག་པ་དང༌། བསླབ་པ་གསུམ་ལ་བརྩོན་པ་དང༌། ལུས་དང་སེམས་ཀྱི་བརྩོན་འགྲུས་དང༌། རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་བརྩོན་འགྲུས་རྣམས་སུ་རབ་ཏུ་དབྱེ་བའི་འཇུག་པའི་དོན་ཏེ་དྲུག་དང་ལྡན་པར་ཤེས་ནས་ཉམས་སུ་ལེན་པར་བྱེད་པ་ལ་སོགས་པ་སྟེ། དགེ་ལ་ཡང་དག་སྤྲོ་བ་དང༌། །དད་དང་འདུན་ལ་བརྟེན་པ་དང༌། །དྲན་སོགས་ཡོན་ཏན་འཕེལ་བྱེད་དང༌། །ཀུན་ནས་ཉོན་མོངས་གཉེན་པོ་དང༌། །མ་ཆགས་ལ་སོགས་ཡོན་ཏན་ལྡན། །དེ་དག་ལ་ནི་དེ་རྣམས་བདུན། །བརྩོན་འགྲུས་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །ཅེས་པ་ལྟར་རོ། །ཡང་ཁྱད་པར་གྱི་དབྱེ་བ་ནི་རྣམ་པ་དྲུག་སྟེ། གཙོ་དང་དེ་རྒྱུ་ལས་ཀྱི་དབྱེ་བ་དང༌། །རྣམ་པའི་དབྱེ་བ་རྟེན་གྱི་དབྱེ་བ་དང༌། །བར་ཆད་རྣམ་བཞིའི་གཉེན་པོའི་དབྱེ་བ་དང༌། །བརྩོན་འགྲུས་ཡོངས་ཤེས་བྱ་ཕྱིར་རབ་ཏུ་བསྟན། །ཞེས་པ་ལྟར་རོ། །དེ་ལ་གཙོ་བོའི་དབྱེ་བ་ནི། དགེ་བའི་ཆོས་ཐམས་ཅད་ཀྱི་ནང་ནས་བརྩོན་འགྲུས་མཆོག་ཏུ་བརྟན་པ་དང༌། རྒྱུའི་དབྱེ་བ་ནི། དེ་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འགྲུབ་པ་དང༌། ལས་ཀྱི་དབྱེ་བ་ནི། དེ་ལ་བརྟེན་ནས་འཕྲལ་དུ་ལུས་དང་སེམས་བདེ་བ་ཐོབ་ཅིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པ་ལ་སོགས་པ་སྟེ། དགེ་བའི་ཆོས་ཀྱི་ནང་ནས་བརྩོན་འགྲུས་མཆོག །འདི་ལྟར་དེ་ལ་བརྟེན་ནས་དེ་རྗེས་འཐོབ། །བརྩོན་འགྲུས་ཀྱིས་ནི་མོད་ལ་བདེར་གནས་མཆོག །དངོས་གྲུབ་འཇིག་རྟེན་ལས་འདས་འཇིག་རྟེན་གཏོགས། །ཞེས་པ་ལྟར་རོ། །རྣམ་པའི་དབྱེ་བ་ནི། ཐོག་མར་གོ་ཆ་རྒྱ་ཆེན་པོ་གྱོན་པའི་བརྩོན་འགྲུས་དང༌། དེ་ཇི་ལྟ་བ་བཞིན་དུ་སྦྱོར་བས་འཇུག་པའི་བརྩོན་འགྲུས་དང༌། རྟོགས་པར་བྱ་བ་རྒྱ་ཆེན་པོ་ལ་མ་ཞུམ་པའི་བརྩོན་འགྲུས་དང༌། རྟོགས་པ་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པའི་བརྩོན་འགྲུས་ལ་སོགས་པར་འབྱེད་པ་སྟེ། ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ལས་ནི། །ཚུལ་བཞིན་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་ཏེ། །མ་ཞུམ་མི་འཁྲུགས་ཆོག་མི་ཤེས་བརྩོན་འགྲུས། །རྣམ་པ་ཐམས་ཅད་སངས་རྒྱས་རྣམས་པར་གསུངས། །ཞེས་པ་ལྟར་རོ། །རྟེན་གྱི་དབྱེ་བ་ནི་ཐེག་པ་གསུམ་ལ་གནས་པའི་གང་ཟག་གི་རྒྱུད་ལ་ཡོད་པའི་བརྩོན་འགྲུས་རྣམས་ཐ་མ་དང་འབྲིང་དང་མཆོག་གིས་ཕྱེ་བའམ། བསམ་པ་ཞན་པ་དང་རྒྱ་ཆེ་བ་དག་དང༌། དོན་ཆུང་བ་དང་ཆེ་བ་དག་གིས་རབ་ཏུ་ཕྱེ་བ་རྣམས་ཏེ། ཐེག་པ་གསུམ་བརྩོན་སྐྱེ་བོ་ལ་བརྟེན་པའི། །བརྩོན་འགྲུས་ཐ་མ་འབྲིང་དང་མཆོག་གཞན་ཏེ། །བསམ་བློ་ཞན་དང་རྒྱ་རབ་ཆེ་ལྡན་ཕྱིར། །དེ་ནི་དོན་ཆུང་བ་དང་དོན་ཆེན་འདོད། །ཅེས་པ་ལྟར་རོ། །གཉེན་པོའི་དབྱེ་བ་ནི། དགེ་བ་ལ་འཇུག་པའི་མི་མཐུན་ཕྱོགས་ལོངས་སྤྱོད་མང་པོ་ཀུན་ཏུ་འཛིན་པ་དང༌། དེ་ཡོངས་སུ་སྤྱོད་པ་ལ་ལྷག་པར་ཞེན་པ་དང༌། སྦྱིན་པ་ལ་སོགས་པས་ཡོངས་སུ་སྐྱོ་བ་དང༌། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་རྣམས་ཡིན་ལ། དེ་དག་གི་གཉེན་པོར་གྱུར་པའི་བརྩོན་འགྲུས་རྣམ་པ་བཞི་བསྟེན་པ་སྟེ། བརྩོན་འགྲུས་ལྡན་པ་ལོངས་སྤྱོད་ཀྱིས་ཕམ་མེད། །བརྩོན་འགྲུས་ལྡན་པ་ཉོན་མོངས་ཀྱིས་ཕམ་མེད། །བརྩོན་འགྲུས་ལྡན་པ་སྐྱོ་བས་ཕམ་པ་མེད། །བརྩོན་འགྲུས་ལྡན་པ་ཐོབ་པས་ཕམ་པ་མེད། །ཅེས་པ་ལྟར་རོ། ། ༤ ཕན་ཡོན། (བཞི་པ་)ཕན་ཡོན་ནི། གོ་ཆ་ཆེན་པོ་གྱོན་པ་ལྟར་སྦྱོར་བས་ཀྱང་ཡོངས་སུ་རྫོགས་པར་འཇུག་ནུས་པ་རྒྱ་ཆེན་པོའི་ཡོན་ཏན་དང༌། བྱང་ཆུབ་ཆེན་པོའི་ཆེད་དུ་རང་གཞན་གྱི་ཉོན་མོངས་མཐའ་དག་ཞི་བར་བྱེད་པ་ཟང་ཟིང་མེད་པའི་ཡོན་ཏན་དང༌། མོས་པ་དང་མཐུན་པར་གདུལ་བྱ་རྣམས་བྱང་ཆུབ་གསུམ་ལ་འགོད་པ་དོན་ཆེན་པོའི་ཡོན་ཏན་དང༌། ལྷག་མེད་ཀྱི་མྱང་འདས་སུའང་རྒྱུན་མི་འཆད་པ་མི་ཟད་པའི་ཡོན་ཏན་རྣམས་འགྲུབ་པ་སྟེ། རྒྱལ་བའི་སྲས་རྣམས་གོ་ཆ་སྦྱོར་བའི་བདག་ཉིད་བརྩོན་འགྲུས་དཔེ་མེད་བྱས། །རང་དང་གཞན་གྱི་ཉོན་མོངས་ཚོགས་འཇོམས་བྱང་ཆུབ་དམ་པ་ཐོབ་པར་བྱེད། །བརྩོན་འགྲུས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བརྩོན་འགྲུས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་གཞག །ཅེས་པ་ལྟར་རོ། །དེ་བཞིན་དུ་ཡུམ་ལས་ཀྱང༌། བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར༌། །ཞེས་གསུངས་པ་ལ་སོགས་པ་རྣམས་ཀྱང་ཐོབ་པོ། ། ⑵ གཞུང་དོན་ལ་གསུམ། (གཉིས་པ་ )གཞུང་དོན་ལ། འབྲེལ་བཀོད་དེ་ངོས་བཟུང༌། མི་མཐུན་ཕྱོགས་སྤང་ཚུལ། གཉེན་པོའི་སྟོབས་བསྐྱེད་ཚུལ་ལོ། ། (༡) འབྲེལ་བཀོད་དེ་ངོས་བཟུང༌། དང་པོ་ནི། དེ་ལྟར་དཀའ་སྤྱད་རྒྱ་ཆེན་པོ་ལ་བཟོད་པ་དང་ལྡན་པས་ཞི་གནས་དང་ལྷག་མཐོང་ལ་སོགས་པ་སྤེལ་བའི་ཆེད་དུ་བརྩོན་འགྲུས་བརྩམ་པར་བྱ་སྟེ། དེའི་རྒྱུ་མཚན་འདི་ལྟར་རྒྱུ་བརྩོན་འགྲུས་དང་ལྡན་པ་ལ་འབྲས་བུ་བྱང་ཆུབ་ཆེན་པོ་སླུ་བ་མེད་པར་གནས་ཤིང་འབྱུང་བའི་ཕྱིར་རོ། །དཔེར་ན་རླུང་མེད་ན་ནི་གཡོ་བ་འབྱུང་བ་མེད་པ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་བརྩོན་འགྲུས་མེད་ན་མི་འབྱུང་ཞིང༌། བརྩོན་འགྲུས་ཀྱིས་ཚོགས་གཉིས་བསགས་པ་ལས་ནི་བྱང་ཆུབ་མྱུར་དུ་འབྱུང་བ་ཉིད་དེ། མདོ་ལས་ཀྱང༌། བློ་གྲོས་རྒྱ་མཚོ་བརྩོན་འགྲུས་བརྩམས་པ་ལས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ལ་བརྩོན་བགྲུས་ཡོད་པ་དེ་ལ་བྱང་ཆུབ་ཡོད་ཀྱི། ལེ་ལོ་ཅན་རྣམས་ལ་ནི་བྱང་ཆུབ་ཤིན་ཏུ་རིང་པོ་ཞེས་པ་ལྟར་རོ། །དེ་ལ་བརྩོན་འགྲུས་ཀྱི་ངོ་བོ་གང་ཡིན་ཞེ་ན། སྦྱིན་པ་ལ་སོགས་པ་ཡང་དག་པའི་དགེ་བ་ལ་དམིགས་ནས་མངོན་པར་སྤྲོ་པས་འཇུག་པའི་སེམས་པའོ། །འདིས་ནི་འཇིག་རྟེན་ན་མི་དགེ་བ་དང་ལུང་མ་བསྟན་གྱི་བྱ་བ་ལ་སྤྲོ་བས་མྱུར་དུ་འཇུག་པ་བརྩོན་འགྲུས་སུ་འདོད་པ་སེལ་བ་ཡིན་ཏེ། མདོ་ལས་ཀྱང༌། བརྩོན་འགྲུས་གང་ཞེ་ན། དགེ་བ་ལ་སྤྲོ་བའོ་ཞེས་པ་ལྟར་རོ། །དེས་ན་ལུས་དང་ངག་གི་ལས་ལ་བརྩོན་འགྲུས་སུ་གྲགས་པའང་རྒྱུའི་མིང་གིས་བཏགས་པ་ཉིད་དོ། ། (༢) མི་མཐུན་ཕྱོགས་སྤང་ཚུལ། (གཉིས་པ་)མི་མཐུན་ཕྱོགས་ལ་གཉིས་ལས། ➊ མདོར་བསྟན་པ། (དང་པོ་)མདོར་བསྟན་ནི། བརྩོན་འགྲུས་དེ་ཡི་མི་མཐུན་པའི་ཕྱོགས་ངོས་བཟུང་ནས་སྤོང་ཚུལ་བཤད་པར་བྱ་སྟེ། དེ་ཡང་ལུས་དང་སེམས་ལས་སུ་མི་རུང་ཞིང་དགེ་བའི་ཕྱོགས་ལ་མི་འཇུག་པ་སྦྱོར་བ་མེད་པའི་ལེ་ལོ་དང༌། རྒོད་པ་དང་སྒེག་པ་ལ་སོགས་པ་ལུང་མ་བསྟན་གྱི་བྱ་བ་དང་མི་དགེ་བའི་ལས་ལ་ཆགས་པ་བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་དང་དཀའ་བའི་ལས་ལ་འཚེར་བས་སྒྱིད་ལུགས་ནས་བདག་ལྟ་བུས་བསྒྲུབ་པར་ག་ལ་ནུས་སྙམ་དུ་རང་ཉིད་ལ་བརྙས་པ་སྒྱིད་ལུག་བའི་ལེ་ལོ་རྣམས་ཀྱི་ཉེས་དམིགས་ཡོངས་སུ་ཤེས་ནས་སྤོང་བར་བྱེད་པའོ། ། ➋ རྒྱས་པར་བཤད་པ། (གཉིས་པ་)རྒྱས་བཤད་ལ་གཉིས་ལས། ༡ གང་ལས་ལེ་ལོ་འབྱུང་ཚུལ། (དང་པོ་) གང་ལས་ལེ་ལོ་འབྱུང་ཚུལ་ནི། དགེ་བ་བྱེད་པར་མི་རྩོལ་ཞིང་སྙོམ་ལས་ཀྱི་དབང་དུ་གྱུར་བ་དང༌། ཟག་བཅས་ཀྱི་བདེ་བའི་རོ་མྱོང་ཞིང་དེ་ལ་རྗེས་སུ་ཆགས་པ་དང་གཉིད་ཀྱིས་ནོན་པ་ཉལ་བ་དང་བསྙེས་པ་ལ་སོགས་པ་ལ་བརྟེན་པའི་སྲེད་པ་འཕེལ་བ་ཡིས་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྱོ་བར་གྱུར་པ་ལས་ནི་ལེ་ལོ་རྣམས་ཉེ་བར་སྐྱེ་བར་འགྱུར་བ་ཉིད་དོ། ། ༢ དེ་ཉིད་རིམ་གྱིས་སྤང་ཚུལ། (གཉིས་པ་)དེ་ཉིད་རིམ་གྱིས་སྤང་ཚུལ་ལ། མི་སྦྱོར་བའི་ལེ་ལོ་སྤང་བ། ངན་ཞེན་གྱི་ལེ་ལོ་སྤང་བ། སྒྱིད་ལུག་པའི་ལེ་ལོ་སྤང་བའོ། ། ⑴ མི་སྦྱོར་བའི་ལེ་ལོ་སྤང་བ། དང་པོ་ལ་ལྔ་ལས། (དང་པོ་)ངེས་པར་འཆི་བ་བསམས་ཏེ་ལེ་ལོ་སྤང་བ་ནི། རྔོན་པས་ཉ་དང་རི་དྭགས་གསོད་པ་དང་འདྲ་བར་ཉོན་མོངས་པ་རྒྱ་པ་དང་འདྲ་བས་བཤོར་ཞིང་བཀུག་ནས་ནི་འཁོར་བར་སྐྱེ་བའི་རྒྱར་ནི་དམ་དུ་ཆུད་པར་གྱུར་ནས་འཆི་བདག་གཤིན་རྗེའི་ཁར་ནི་ཆུད་པར་གྱུར་པ་དང་འདྲ་བར་ངེས་པར་འཆི་བ་འདི་ཅི་སྟེ་ད་དུང་མ་ཤེས་སམ་སྟེ། ཤེས་པར་བྱས་ནས་དགེ་བ་ལ་འབད་པར་རིགས་སོ། །རང་དང་རིས་མཐུན་པའི་སྡེ་ཚན་གཉེན་བཤེས་ལ་སོགས་པ་འཆི་བདག་གིས་རིམ་གྱིས་གསོད་ཅིང་འཆི་བ་ཡང་ཁྱོད་ཀྱིས་ད་དུང་མཐོང་བར་མ་གྱུར་ཏམ་ཏེ་མཐོང་བཞིན་པར་སྣང་བ་ལ། འོན་ཀྱང་གཉིད་དང་སྙོམ་ལས་ལ་སོགས་པ་ལ་བརྟེན་པ་དགེ་བ་ལ་མི་བརྩོན་པ་གང་ཡིན་པ་དེ་ནི་དཔེར་ན་གདོལ་བའམ་ཤན་པ་རྣམས་ཀྱིས་ལུག་དང་ནི་མ་ཧེ་ལ་སོགས་པ་རིམ་གྱིས་གསོད་ཀྱང་ལྷག་མ་རྣམས་བག་ཚ་བ་མེད་པར་གནས་པ་བཞིན་དུ་ཤིན་ཏུ་བླུན་པའོ། །འཆི་བ་མེད་པར་འགྲོ་བའི་ལམ་ནི་ཕྱོགས་ཀུན་ནས་བཀག་ནས་སུ་གསད་པའི་ཆེད་དུ་འཆི་བདག་གིས་ནི་ལྟས་ཤིང་འཆི་བ་ལས་ཐར་བའི་ཐབས་ཅུང་ཟད་ཀྱང་མེད་བཞིན་དུ་ཇི་ལྟར་ཁྱོད་ནི་ཁ་ཟས་སྣ་ཚོགས་ཟ་བ་ལ་དགའ་ཞིང་ཆགས་པ་དང༌། འདི་ལྟར་གཉིད་ལོག་པའི་བདེ་བ་ལ་ཇི་ལྟར་དགའ་སྟེ་དགའ་ཞིང་སྲེད་པར་མི་རིགས་པས་དགེ་བ་ལ་བརྩོན་པར་བྱའོ། ། (གཉིས་པ་)མྱུར་དུ་འཆི་བ་བསམ་སྟེ་ལེ་ལོ་སྤང་ཚུལ་ནི། ཚེ་འདིར་ཡུན་རིང་དུ་མི་གནས་ཤིང་དུས་ཤིན་ཏུ་མྱུར་བ་ཉིད་དུ་འཆི་བར་འགྱུར་བས། ཇི་སྲིད་མ་ཤིའི་བར་དེ་སྲིད་དུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་བརྩོན་པར་བྱའོ། །ད་འཆི་བའི་དུས་ལ་བབ་པ་དེའི་ཚེ་ལེ་ལོ་སྤངས་ནས་ཚོགས་སོག་པར་འདོད་ཀྱང་ནི་སྟོབས་མེད་པས་དགེ་བ་འགྲུབ་པའི་དུས་མ་ཡིན་པར་གྱུར་པ་ན་ཅི་ཞིག་བྱ་སྟེ་ཅིའང་སྒྲུབ་པའི་ནུས་པ་མེད་དོ། །བྱ་བར་བྱེད་པ་ཅན་རྣམས་ལས་འདི་ནི་ཡིད་ལ་བསམས་ཀྱང་ལག་ལེན་ལ་བརྩོན་པ་མ་བྱས་པ་དང༌། འགའ་ཞིག་ལག་ལེན་ལའང་མགོ་བརྩམས་ནས་བྱེད་བཞིན་པ་དང༌། ཁྱད་པར་འདི་ནི་ཕྱེད་ཙམ་བྱས་ནས་མཐར་མ་ཕྱིན་པར་གནས་པ་ལ། གློ་བུར་དུ་འཆི་བདག་གཤིན་རྗེ་འོངས་ནས་ནི་ཅིས་ཀྱང་གསོད་པར་ངེས་པས་ན། དགེ་བ་བྱར་ཡོད་དུས་མ་བྱས་པ་ལ་འགྱོད་པ་དང་བཅས་པས་ཀྱི་ཧུད་བདག་ཅག་གཉེན་བཤེས་དང་བཅས་པ་བཅོམ་པར་གྱུར་ཏོ་ཞེས་མྱ་ངན་འབའ་ཞིག་སེམས་པར་འགྱུར་བའི་ཕྱིར་ཡང་ད་ལྟ་མ་ཤིའི་བར་ལ་བརྩོན་པར་རིགས་སོ། །གཞན་ཡང་འཆི་བའི་དུས་ལ་བབ་པ་ན་སྡུག་པ་དང་བྲལ་བའི་མྱ་ངན་གྱི་ཤུགས་ཀྱིས་སྐྲངས་པ་ཡི། མིག་ཟངས་ཀྱི་མདོག་ལྟར་དམར་པོར་གྱུར་པའི་གདོང་ལས་མཆི་མའི་རྒྱུན་མང་པོ་འཛག་བཞིན་པའི་ཉེ་དུ་འབྲེལ་པ་ད་ནི་འདི་ལ་གསོན་པ་མི་སྲིད་དོ་སྙམ་དུ་རེ་ཐག་ཆད་པ་རྣམས་དང་གཤིན་རྗེའི་ཕོ་ཉ་ཁྲོ་གཉེར་དང་བཅས་པ་འཇིགས་སུ་རུང་བའི་བཞིན་ལ་བལྟ་དགོས་ཤིང༌། རང་གིས་སྔར་བྱས་པའི་སྡིག་པ་རྣམས་དྲན་པས་འགྱོད་ཅིང་མྱ་ངན་གྱིས་གདུངས་པ་དང་དམྱལ་བའི་སེམས་ཅན་སྡུག་བསྔལ་མི་བཟད་པས་གཟིར་བའི་སྒྲ་དྲག་པོ་རྣམས་ནི་ཐོས་པ་ཡིས་ཤིན་ཏུ་སྐྲག་ཆེས་པས་མི་གཙང་བ་རྣམས་ཀྱིས་ལུས་གོས་ཤིང་སྒོ་གསུམ་གྱི་འཇུག་པར་རང་དབང་མེད་པར་མྱོས་པས་བག་མེད་པར་གྱུར་པ་དེའི་ཚེ་ཅི་ཞིག་བྱ་སྟེ་ཅིའང་བྱེད་པའི་ནུས་པ་མེད་པས་རང་དབང་ཡོད་པའི་དུས་སུ་འབད་པར་རིགས་སོ། ། (གསུམ་པ་)དམྱལ་བའི་སྡུག་བསྔལ་བསམས་ཏེ་ལེ་ལོ་སྤང་བ་ནི། ཁྱོད་ནི་སྔོན་གྱི་ལས་ཀྱི་དབང་གིས་ཉ་གསོན་པོ་བྱེ་ཚན་ལ་འདྲེ་བ་ལྟ་བུའི་ཞེས་པའམ། ཡང་ན་རིམ་གྱིས་བཟའ་བའི་དོན་དུ་ཉ་གསོན་པོ་ཆུ་སྣོད་དུ་བཞག་པ་འདྲེ་བ་ལྟ་བུའི་ཚེ་འདིར་ཡང་འཇིགས་པ་སྣ་ཚོགས་དང་ལྡན་པར་གྱུར་ན་རྒྱུ་ཐོག་མ་མེད་པ་ནས་སྡིག་པ་བྱས་པས་འབྲས་བུ་དམྱལ་བ་མི་བཟད་པ་མྱོང་བར་འགྱུར་བའི་སྡུག་བསྔལ་རྣམས་ཀྱིས་ནི་འཇིགས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། ཟངས་ཞུན་ཁོལ་མ་ལ་སོགས་པའི་ཆུ་ཚན་གྱིས་ནི་རེག་པ་ན་ཤིན་ཏུ་འཇམ་ཞིང་གཞོན་ཤ་ཅན་གྱི་ལུས་བཟོད་པར་དཀའ་བ་ལ་རབ་ཏུ་ཚ་བ་དང་བཅས་པའི་དམྱལ་བ་མྱང་བར་འགྱུར་བའི་ནི་ལས་ངན་པ་སྡིག་པ་སྣ་ཚོགས་བྱས་ནས་ད་ལྟ་ཅིའི་ཕྱིར་འདི་ལྟར་སྙོམ་ལས་དང་བཅས་པའི་བདེ་བར་གནས་ཏེ་གནས་པར་མི་རིགས་པས་དགེ་བ་ལ་འབད་དགོས་ཏེ། བཤེས་སྤྲིང་དུའང༌། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་པས་ཀྱང༌། །འཇིགས་པ་བསྐྱེད་པར་བགྱིད་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་བ་སྨོས་ཅི་དགོས། །ཞེས་པ་ལྟར་རོ། ། (བཞི་པ་)ཉེས་པ་གཞན་ཡང་བསམས་ཏེ་ལེ་ལོ་སྤང་པ་ནི། རྒྱུ་དགེ་བ་ལ་བརྩོན་པ་མེད་པར་འབྲས་བུ་བདེ་བ་ཕུན་སུམ་ཚོགས་པ་འདོད་པ་དང་དཀའ་སྤྱད་ཀྱྀ་སྡུག་བསྔལ་ཅུང་ཟད་ཀྱང་མི་བཟོད་པའི་བཟེ་རེ་ཅན་རྣམས་ལ་ནི་འདི་དང་ཕྱི་མར་གནོད་པ་ཤིན་ཏུ་མང་ཞིང་འཁོར་བར་སྐྱེས་ཕྱིན་ཆད་ངེས་པར་འཆི་བས་བཟུང་བཞིན་དུའང་ལྷ་འདོད་ཡོན་གྱི་མྱོས་པ་དང་འདྲ་བར་འཆི་བ་མི་དྲན་པའམ། འཆི་བ་མེད་པ་བཞིན་དུ་སྡིག་པ་འབའ་ཞིག་སྤྱོད་པ་འདི་རྣམས་ཀྱི་ཧུད་སྡུག་བསྔལ་དག་གིས་བཅོམ་སྟེ་ཤིན་ཏུ་འཁྲུལ་བ་ལ་ལོངས་སྤྱོད་པར་སྣང་བས་བདེ་བ་འདོད་ན་ནི་དགེ་བ་ལ་བརྩོན་པར་རིགས་སོ། ། (ལྔ་པ་)དལ་འབྱོར་དཀོན་པ་བསམས་ཏེ་ལེ་ལོ་སྤང་བ་ནི། ཤིན་ཏུ་རྙེད་པར་དཀའ་བ་མི་ཡི་ལུས་སྐྱོན་མེད་པ་གྲུ་བཟང་པོ་དང་འདྲ་བ་ཐོབ་པ་འདི་ལ་བརྟེན་ནས་ནི་འཁོར་བ་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་སྒྲོལ་བ་ལ་བརྩོན་པར་བྱ་སྟེ། གལ་ཏེ་མ་བྱས་ན་དལ་འབྱོར་གྱི་ལུས་གྲུ་བཟང་པོ་དང་འདྲ་བ་འདི་ཕྱི་ནས་རྙེད་པ་ཤིན་ཏུ་དཀའ་བས་སྐྱེ་བོ་བླང་དོར་གྱི་གནས་ལ་རྨོངས་པ་དག་བརྩོན་པ་བྱར་ཡོད་པའི་དུས་སུ་གཉིད་མ་ལོག་པར་དགེ་བ་ལ་སྤྲོ་བར་གྱིས་ཤིག་ཅེས་པའོ། ། ⑵ ངན་ཞེན་གྱི་ལེ་ལོ་སྤང་བ། (གཉིས་པ་)ངན་ཞེན་གྱི་ལེ་ལོ་སྤང་བ་ནི། མཐོ་རིས་དང་ཐར་བའི་དགའ་བ་དང་བདེ་བའི་རྒྱུ་ནི་མཐའ་ཡས་པ་དང་ལྡན་པ་དམ་པའི་ཆོས་ཀྱི་བྱ་བ་ལ་དགའ་ཞིང་སྤྲོ་བ་ནི་དགའ་བའི་མཆོག་ཡིན་པ་ལ་དེ་སྤངས་ནས། འཁོར་བ་དང་ངན་སོང་གི་སྡུག་བསྔལ་དྲག་པོ་རྣམས་ཀྱི་རྒྱུར་གྱུར་པ་སྡིག་པ་ཡི་བྱ་བ་ལ་ལུས་སེམས་རྣམ་པར་གཡེང་བ་དང་རྒོད་ཅིང་ག་ཞར་བཅས་པ་དང༌། གླུ་དང་གར་ལ་སོགས་པ་ལ་སེམས་ཁྱོད་ཅིའི་ཕྱིར་དགའ་སྟེ་དགའ་བར་མི་རིག་པས་ཆོས་དང་འགལ་བའི་བྱ་བ་ལ་ཆགས་ཤིང་ཞེན་པ་སྤང་བར་བྱའོ། ། ⑶ སྒྱིད་ལུག་པའི་ལེ་ལོ་སྤང་བ། (གསུམ་པ་)སྒྱིད་ལུག་པའི་ལེ་ལོ་སྤང་བ་ལ་གཉིས་ལས། (དང་པོ་)མདོར་བསྟན་ནི། དགེ་བའི་བྱ་བ་ལ་སྒྱིད་ལུག་པ་མེད་པར་གོ་ཆ་ཆེན་པོ་གྱོན་པ་དང་གཉེན་པོ་སྟོབས་ལྡན་གྱི་དཔུང་གི་ཚོགས་རྣམས་བསྐྱེད་པ་དང༌། གཉེན་པོ་ལ་འབད་རྩོལ་གྱིས་ལྷུར་བླང་ཞིང་གྲིམས་པར་བྱ་བ་དང༌། སྒོ་གསུམ་གྱི་སྤྱོད་པ་ལ་བདག་ཉིད་ཀྱིས་རང་དབང་ཐོབ་པར་བྱ་བ་དང་འཆད་པར་འགྱུར་བ་ལྟར་ཐོག་མར་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། ཕྱི་ནས་བདག་དང་གཞན་དུ་བརྗེ་བ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་བརྩོན་པར་གྱིས་ཤིག་ཅེས་པའོ། ། (གཉིས་པ་)རྒྱས་བཤད་ལ་གཉིས་ལས། (དང་པོ་)འབྲས་བུ་བྱང་ཆུབ་ལ་སྒྱིད་ལུག་སྤང་པ་ནི། དབང་པོ་རྣོ་ཞིང་ཡིད་གཞུངས་ལ་ཚོགས་བསགས་པ་འགའ་ཞིག་གིས་འགྲུབ་པ་སྲིད་མོད། བདག་ལྟ་བུ་དག་གིས་འབད་པ་བྱས་ཀྱང་བྱང་ཆུབ་ཆེན་པོ་ཐོབ་པར་ག་ལ་ནུས་ཞེས་བདག་ཉིད་ལ་བརྙས་པས་སྒྱིད་ལུག་ཅིང་སེམས་ཞུམ་པར་ནི་མི་བྱ་སྟེ་དེའི་རྒྱུ་མཚན་འདི་ལྟར་དེ་བཞིན་ཉིད་དག་པ་གཉིས་ལྡན་དུ་གཤེགས་པ་ནི་ཐམས་ཅད་དུ་མི་སླུ་བར་བདེན་པ་འབའ་ཞིག་གསུང་བས་བདེན་པར་བྱང་ཆུབ་ཀྱི་སྤྱོད་པ་ལ་བརྩོན་པར་བྱས་ན་བྱང་ཆུབ་ཆེན་པོ་ཐོབ་པ་འདི་གསལ་བར་གསུངས་ཏེ། ཇི་སྐད་དུ། སྔོན་སོ་སོའི་སྐྱེ་བོའི་གནས་སྐབས་ན་སྦྲང་བུ་དང་ཤ་སྦྲང་དང་བུང་བ་དང་དེ་བཞིན་དུ་སྲིན་བུ་ལ་སོགས་པའི་རིགས་དམན་པར་གང་སྐྱེས་བར་གྱུར་པ་དེ་རྣམས་ཀྱིས་ཀྱང་བརྩོན་པའི་སྟོབས་ཆེན་པོ་བསྐྱེད་ནས་ཚོགས་བསགས་པ་ན་ནི་བྱང་ཆུབ་ཀྱི་མཆོག་ཐོབ་པར་དཀའ་བ་བླ་ན་མེད་པ་ཡང་ཐོབ་པ་ཡིན་ན། བདག་ལྟ་བུ་རིགས་མཐོན་པོ་དང་ལྡན་པ་ཉིད་ཀྱི་མིར་སྐྱེས་པར་གྱུར་ལ་ཕན་པ་དགེ་བ་དང་གནོད་པ་མི་དགེ་བའི་ཁྱད་པར་རྣམས་ངོ་ཤེས་པས་བླང་དོར་གྱི་སྒོ་ནས་བྱང་ཆུབ་ཀྱི་སྤྱོད་པ་མ་བཏང་ཞིང་འཛིན་པ་ལ་བརྩོན་པར་བྱས་ན་བདག་གིས་བྱང་ཆུབ་ཅིས་མི་འཐོབ་སྟེ་ཅིས་ཀྱང་ཐོབ་པར་འགྱུར་བའི་ཕྱིར་རོ། །མདོ་ལས་ཀྱང༌། ལག་བཟང་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ། གང་དག་སེང་གེ་དང་སྟག་དང་ཁྱི་དང་ཅེ་སྤྱང་དང་ཞེས་པ་ནས། སྦྲང་བུ་དང་ཤ་སྦྲང་དུ་གྱུར་པ་དེ་དག་གིས་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ན། བདག་མིར་གྱུར་བཞིན་དུ་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་བརྩོན་འགྲུས་ཉམས་པར་བྱ་སྟེ་མི་བྱ་བར་གསུངས་པ་དང༌། རྒྱན་ལས་ཀྱང༌། གང་ཕྱིར་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་པ་ལྟར་རོ། ། (གཉིས་པ་) རྒྱུའི་དཀའ་སྤྱད་ལ་འཇིགས་པ་སྤང་པ་ལ་བཞི་ལས། (དང་པོ་) ཁྱད་པར་བསམས་ཏེ་འཇིགས་པ་སྤང་བ་ནི། འབད་པ་ནུས་ན་འགྲུབ་པ་སྲིད་མོད། འོན་ཏེ་བྱང་ཆུབ་བསྒྲུབ་པའི་ཆེད་དུ་རྐང་བ་དང་ལག་པ་དང་མགོ་བོ་ལ་སོགས་པའང་སྦྱིན་པར་བཏང་དགོས་པས་དཀའ་སྤྱད་ཀྱི་སྡུག་བསྔལ་ལ་བདག་ནི་འཇིགས་སོ་ཞེ་ན་ལྕི་བ་སྟེ་དོན་ཆེན་པོ་འགྲུབ་པ་དང་ཡང་བ་སྟེ་དོན་ཆུང་ངུ་ལས་མི་འགྲུབ་པའི་ཁྱད་པར་རྣམ་པར་མ་དཔྱད་པར་བླང་དོར་གྱི་དོན་ལ་རྨོངས་པར་གྱུར་པ་བདག་ནི་དཀའ་སྤྱད་ལ་འཇིགས་པར་ཟད་ཅེས་པའམ། ཡང་ན་འཁོར་བའི་སྡུག་བསྔལ་ལྕི་བ་དང༌། དཀའ་སྤྱད་ཀྱི་སྡུག་བསྔལ་ཡང་བའི་ཁྱད་པར་རྣམ་པར་མ་དཔྱད་པར་ལྕི་ཡང་ཕྱིན་ཅི་ལོག་ཏུ་རྨོངས་པར་གྱུར་བས་བདག་ནི་འཇིགས་པར་ཟད་མོད། རྣམ་པར་དཔྱད་ན་བྱང་ཆུབ་ཀྱི་སྤྱོད་པ་ལ་མ་ཞུགས་པ་རྣམས་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་དག་ཏུ་འཁོར་བའི་བཙོན་ར་ཉམ་ང་བ་འདིར་ལས་ཀྱི་དབང་གིས་ལན་གྲངས་དུ་མར་ལུས་དང་ཡན་ལག་རྣམས་གཅོད་པ་དང་མདུང་ཐུང་ལ་སོགས་པས་དབུག་པ་དང་དམྱལ་མེ་ལ་སོགས་པས་སྲེག་པ་དང་སོག་ལེ་འབར་བས་གཤེག་པ་ལ་སོགས་པ་དོན་མེད་པའི་སྡུག་བསྔལ་དྲག་པོ་རྣམས་མྱོང་བར་འགྱུར་གྱི། དེས་ཚོགས་རྫོགས་ནས་བྱང་ཆུབ་ཆེན་པོ་ཐོབ་པར་ནི་མི་འགྱུར་རོ། །དེ་ལ་ལྟོས་ན་བདག་གིས་དོན་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ཡི་ཆེད་དུ་ལམ་གྱི་དཀའ་སྤྱད་ལ་ཞུགས་པའི་སྡུག་བསྔལ་འདི་ནི་ཚོད་ཡོད་པར་ཤེས་ནས་དང་དུ་བླང་བར་རིགས་ཏེ། དུས་ངེས་ཤིང་སྡུག་བསྔལ་ཆེན་པོ་ཞི་བར་བྱེད་པའི་ཕྱིར་རོ། །དཔེར་ན་ནད་ཀྱི་ཟུག་རྔུ་ཆེན་པོ་ཁོང་དུ་ཞུགས་ནས་རླག་པར་བྱེད་པས་དེའི་གནོད་པ་བསལ་བའི་ཕྱིར་དུ་ལུས་ལ་རྨ་ཆུང་ངུ་བཏོད་ནས་འབྱིན་པའི་སྡུག་བསྔལ་དང་དུ་བླངས་ཏེ་བཟོད་པ་བྱ་དགོས་པ་བཞིན་ནོ། །གཞན་ཡང་འཇིག་རྟེན་ན་སྨན་པ་མཁས་པ་ཀུན་ཡང་གསོད་བྱད་ཀྱི་གཞུང་དང་མཐུན་པར་གཏར་བསྲེག་དང་ཟས་གཅོད་པ་ལ་སོགས་པའི་མི་བདེ་བ་ཆུང་ངུ་ཡིས་ནད་དྲག་པོའི་མི་བདེ་བ་ཆེན་པོ་མེད་པར་བྱེད་ན། དེ་བས་ཀྱང་རང་གཞན་གྱི་ཡུན་རིང་པོའི་སྡུག་བསྔལ་མང་པོ་དག་རྩ་བ་ནས་གཞོམ་ཞིང་མེད་པར་བྱ་བའི་ཕྱིར་དུ་ལམ་གྱི་དཀའ་སྤྱད་ཀྱི་མི་བདེ་བ་ཆུང་ངུ་དང་དུ་བླངས་ཏེ་བཟོད་པར་བྱ་བར་རིགས་སོ། །གསོ་དཔྱད་ཕལ་བ་བསྲེག་གཏར་ལ་སོགས་པའི་ཆོ་ག་རྩུབ་མོས་ནད་ཞི་བར་བྱེད་པ་འདི་འདྲ་བའང་སྤྱིར་བྱ་བར་འོས་མོད། སྨན་པའི་མཆོག་རྫོགས་པའི་སངས་རྒྱས་དག་གིས་ལས་དང་པོ་པ་ལ་གནང་བར་མ་མཛད་དེ། འོན་ཀྱང་ཐུགས་རྗེ་ཆེན་པོ་དང་ལྡན་པས་ཆོ་གའམ་ཉེ་བར་སྤྱོད་པ་ཤིན་ཏུ་འཇམ་པོ་རིམ་གྱིས་གོམས་པར་བྱས་པ་ཡིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཆེན་པོ་དཔག་ཏུ་མེད་པ་རྣམས་གསོ་བར་མཛད་པས་སྡུག་བསྔལ་གྱི་ནད་ཞི་བར་འདོད་པ་རྣམས་ཀྱིས་དམ་པའི་ཆོས་ཀྱི་སྨན་བསྟེན་པ་ལ་འབད་པར་བྱའོ། ། (གཉིས་པ་)གོམས་པར་བྱས་ན་དཀའ་བ་མེད་ཚུལ་ནི། དང་པོ་ཉིད་ནས་མགོ་དང་ཡན་ལག་གཏོང་བ་ལ་སྦྱོར་བར་མི་མཛད་ཀྱི། སྔོ་རྔད་ཀྱི་ཚོད་མ་རེ་ཙམ་དང་ཟན་ཆང་རེ་ཙམ་ལ་སོགས་པ་སྦྱིན་པ་ལའང་རྒྱལ་བ་འཇིག་རྟེན་འདྲེན་པས་ཐོག་མར་སྦྱོར་བར་མཛད་ཅིང་སྦྱིན་པ་ཆུང་ངུ་དེ་ལ་གོམས་པར་གྱུར་ནས་ཕྱི་ནས་ནི་རིམ་གྱིས་སྦྱིན་པ་ཆེན་པོ་རང་གི་ཤ་དང་ཁྲག་ལ་སོགས་པ་ཡང་ཕོངས་པ་མེད་པར་གཏོང་ནུས་པ་འབྱུང་སྟེ། གོམས་པ་མཐར་ཕྱིན་པ་གང་གི་ཚེ་རང་གི་ལུས་ལ་ནི་ཚོད་མ་དང་ཟན་ལ་སོགས་པ་ལྟ་བུ་ཆགས་པ་མེད་པར་གཏོང་བའི་བློ་སྐྱེས་པར་གྱུར་པ་དེའི་ཚེ་རང་གི་ཤ་དང་ཁྲག་ལ་སོགས་པ་གཏོང་པ་དེ་ལ་དཀའ་བ་ཅི་ཞིག་ཡོད་དེ་ཅིའང་མེད་ཅིང་སྤྲོ་བས་འཇུག་པའི་ཕྱིར་རོ། ། (གསུམ་པ་)འཁོར་བར་གནས་ཀྱང་སྐྱོ་བ་སྤང་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱུ་སྡིག་པ་མི་དགེ་བ་མཐའ་དག་སྤངས་པའི་ཕྱིར་འབྲས་བུ་རང་རྒྱུད་ཀྱི་སྡུག་བསྔལ་ལ་ལོངས་སྤྱོད་པ་མེད་ཅིང༌། བླང་དོར་གྱི་ཚུལ་ལ་ཤིན་ཏུ་མཁས་པའི་ཕྱིར་ན་རྐྱེན་གང་ཡང་དགེ་བར་བསྒྱུར་ནུས་བས་མི་དགའ་བ་ཅུང་ཟད་ཀྱང་མེད་དེ། དེ་ཡང་འདི་ལྟར་ཕལ་བ་རྣམས་ཀྱི་རྒྱུ་འབྲས་ལ་ལོག་པར་རྟོག་པའི་ལྟ་བ་ངན་པ་དང་དེས་ཀུན་ནས་བསླང་བའི་སྡིག་པ་སྣ་ཚོགས་སྤྱད་པས་སེམས་དང་ལུས་ལ་གནོད་པ་ཡིན་པ་ལ། བྱང་ཆུབ་སེམས་དཔའ་ལ་ནི་གནོད་བྱེད་དེ་དག་མེད་པའི་ཕྱིར་རོ། །དེས་ན་གཞན་ལ་ཕན་པ་འབའ་ཞིག་སྒྲུབ་པ་བསོད་ནམས་ཀྱི་ཚོགས་བསགས་པ་ཉིད་ཀྱིས་ནི་ལུས་བདེ་བ་དང་ལྡན་ལ་བདེན་པ་གཉིས་ཀྱི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པའི་ཡེ་ཤེས་སམ་ཤེས་རབ་ཆེན་པོ་ཡིས་ནི་སེམས་པ་བདེ་བ་དང་ལྡན་པ་ཡིན་ན། གཞན་གྱི་དོན་དུ་བསྐལ་པ་གྲངས་མེད་པར་འཁོར་བར་གནས་ཀྱང་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཅན་དག་ཅི་སྟེ་སྐྱོ་ཞེས་ལེགས་པར་བརྟགས་ན་ནམ་ཡང་སྐྱོ་བར་མི་རིགས་སོ། ། (བཞི་པ་)ཕན་ཡོན་བསམས་ཏེ་སྒྱིད་ལུག་སྤང་ཚུལ་ནི། ཐེག་ཆེན་ལ་ཞུགས་ན་ཡུན་རིང་དུ་འགོར་བས་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་ན་འབྲས་བུ་མྱུར་བ་མ་ཡིན་སྙམ་ན། ཐེག་པ་ཆེན་པོའི་ལམ་ལ་ཞུགས་ནས་དཀའ་བ་སྤྱོད་པ་འདི་ནི་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་སྟོབས་ཀྱིས་སྔོན་འཁོར་བ་ཐོག་མ་མེད་པ་ནས་བསགས་པ་ཉིད་ཀྱི་སྡིག་པ་ཐམས་ཅད་སྐད་ཅིག་མ་གཅིག་གིས་ཟད་པར་བྱེད་ཅིང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བ་རྣམས་ཡོངས་སུ་སྡུད་པར་བྱེད་པའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་པས་ཆེས་མཆོག་ཏུ་ཁྱད་པར་འཕགས་པར་བཤད་དེ། རྒྱན་ལས། བློ་ལྡན་ཉན་ཐོས་ཚོགས་རྣམས་དགེ་བ་རྒྱ་ཆེན་དོན་ཆེན་དང༌། །མཐའ་ཡས་རྟག་རྒྱུན་མི་འཆད་ཟད་མི་ཤེས་པས་ཟིལ་གྱིས་གནོན། །ཞེས་པ་ལྟར་རོ། །མཆོག་ཏུ་གྱུར་པ་དེ་བས་ན་སྐྱེས་བུ་རྟ་བཟང་པོ་ཞོན་དེ་ལམ་བདེ་བ་ནས་འགྲོ་བ་ལ་ངལ་དུབ་མེད་པ་བཞིན་དུ། དཀའ་སྤྱད་ཀྱིས་སྐྱོ་བ་དང་ཉོན་མོངས་པས་ངལ་ཞིང་དུབ་པ་ཀུན་སེལ་བར་བྱེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྟ་བཟང་པོ་ཞོན་ནས་ལམ་བདེ་བ་ནས་འབྲས་བུ་བདེ་བར་གོང་ནས་གོང་དུ་འགྲོ་བ་ལ་སེམས་ཤེས་པ་གསལ་བ་དང་ལྡན་པ་སུ་ཞིག་སྒྱིད་ལུག་ཅིང་སྐྱོ་བར་འགྱུར་ཏེ་མི་འགྱུར་བར་བྱ་དགོས་སོ། །སྙིང་རྗེ་ཆེན་པོ་དང་ལྡན་པས་གཞན་དོན་ལ་འཇུག་པ་ནི་རྒྱན་བཟང་བོས་སྤྲས་ནས་སྟོན་མོ་ལ་སྐྱེད་མོས་ཚལ་དུ་རྩེ་བ་དང་ཡང་འདྲ་བས་སྐྱོ་བས་སྐྱོ་བ་མེད་དེ། རང་གི་ཡོན་ཏན་(དང་)སེམས་ཅན་ཕན་འདོགས་དགའ(བ་དང་)། །བསམས་བཞིན་སྐྱེ་བ་(དང་)རྫུ་འཕྲུལ་རྣམ་པར་འཕྲུལ(པ་རྣམས་ནི་)། །རྒྱན་དང་སྟོན་མོ་(དང་)མཆོག་ལ་རྩེ་དགའ་བ(དང་འདྲ་བ་དེ་)། །སྙིང་རྗེའི་བདག་ཉིད་མིན་པ་རྣམས་ལ་མེད།