སྤྱོད་འཇུག་ས་འགྲེལ།

།ཏིང་ངེ་འཛིན་རྒྱལ་པོར་ཡང༌། གཞོན་ནུ་དེ་ལྟ་བས་ན་སྒྲུབ་པ་སྙིང་པོར་བྱེད་པ་ལ་བསླབ་པར་བྱ་སྟེ། སྒྲུབ་པ་སྙིང་པོར་བྱེད་པ་ལས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་ནོ་ཞེས་པ་ལྟར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གཙོ་བོར་ཤེས་བཞིན་བསྲུང་བ་ཞེས་བྱ་བ་སྟེ་ལེའུ་ལྔ་པའི་རྣམས་པར་བཤད་པའོ།། །། ལེའུ་དྲུག་པ། བཟོད་པའི་ཕར་ཕྱིན་བསྟན་པ། ༣༽བཟོད་པའི་ཕར་ཕྱིན་ཉམས་སུ་བླང་ཚུལ། ༡ སྤྱི་དོན་ལ་བཞི། དེ་ལྟར་ཚུལ་ཁྲིམས་བསྲུང་ཚུལ་བསྟན་ནས། ད་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་བླང་ཚུལ་ལ་སྤྱི་དོན་བཞི་སྟེ། བྱེད་ལས་མཚན་ཉིད་དབྱེ་བ་ཕན་ཡོན་ནོ། ། ༡ བྱེད་ལས། (དང་པོ་)བྱེད་ལས་ནི། གནོད་བྱེད་འདི་ནི་བཟོད་པ་འགྲུབ་པའི་གྲོགས་ཡིན་པས་ཕན་འདོགས་པའོ་སྙམ་པའི་བློ་དང་ལྡན་ཞིང་ལན་མི་བྱེད་པས་ཚེ་འདི་ལ་ཕན་འདོགས་ཤིང༌། དེས་དད་པར་བྱས་ནས་དགེ་བ་ལ་སྦྱོར་བའི་ཕྱིར་ཕྱི་མ་ལའང་ཕན་འདོགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། རྒྱན་ལས། གཞན་གནོད་བྱེད་ལ་ཕན་བྱེད་བློ་ལྡན་པ། །གནོད་བྱེད་དྲག་པོ་དག་ཀྱང་རབ་ཏུ་བཟོད། །ཐབས་རིག་གནོད་བྱེད་བཟོད་པ་དེ་དག་གིས། །གནོད་བྱེད་དགེ་བ་ཡང་དག་ལེན་དུ་འཇུག ཅེས་པ་ལྟར་རོ། ། ༢ མཚན་ཉིད། (གཉིས་པ་)མཚན་ཉིད་ནི། མི་མཐུན་པའི་ཕྱོགས་ཁོང་ཁྲོ་མ་ལུས་པར་སྤངས་པ་དང༌། གཉེན་པོ་ཆོས་ལ་བདག་མེད་རྟོགས་པའི་སྒོ་ནས་འཁོར་གསུམ་དུ་རྣམ་པར་མི་རྟོགས་པའི་ཡེ་ཤེས་དང་ལྡན་པ་དང༌། བྱེད་ལས་གནས་སྐབས་སུ་གནོད་པ་ལ་ལན་མི་བྱེད་པའི་སྒོ་ནས་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། མཐར་ཐུག་རང་རང་གི་མོས་པ་དང་མཐུན་པར་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ལ་བཀོད་ནས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཆོས་བཞི་དང་ལྡན་པ་སྟེ། བཟོད་པ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པ་ལྟར་རོ། ། ༣ དབྱེ་བ། (གསུམ་པ་)དབྱེ་བ་ནི། གནོད་པ་ལ་ལན་མི་བྱེད་པ་དང༌། སྡུག་བསྔལ་ལ་ཇི་མི་སྙམ་པ་དང༌། ཆོས་ལ་ངེས་པར་སེམས་པ་སྟེ་ངོ་བོའི་དོན་དང༌། སྙིང་རྗེ་དང་ལྡན་ཞིང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཆོས་ལ་བརྟེན་ནས་བསྒོམ་པ་རྒྱུའི་དོན་དང༌། (མདོའི་དོན་བསྡུས་པ་) ཁོན་མི་མང་དང་དབྱེན་མི་མང༌། །བདེ་བ་ཡིད་བདེ་མང་བ་དང༌། །འགྱོད་པ་མེད་པར་འཆི་བ་དང༌། །ཕྱི་མ་བདེ་འགྲོར་འགྲོ་བའོ། །ཞེས་པ་ལྟར་ཕན་ཡོན་ལྔ་དང་ལྡན་པ་འབྲས་བུའི་དོན་དང༌། མདོ་ལས། གང་ཞིག་ཕ་རོལ་འཁྲུགས་ཤེས་ནས། །བདག་ཉིད་དེ་ལ་ཉེར་ཞི་བ། །དེ་ནི་བདག་དང་ཕ་རོལ་པོ། །གཉིས་པོ་དག་གི་དོན་བྱེད་དོ། །ཞེས་པ་ལྟར་རང་གཞན་གཉི་གའི་དོན་བྱེད་པ་ལས་ཀྱི་དོན་དང༌། བཟོད་པ་ནི་དཀའ་ཐུབ་རྣམས་ཀྱྀ་མཆོག་གོ་ཞེས་པའི་ཡོན་ཏན་དང་ལྡན་པའི་དོན་དང༌། དེ་སྒོམ་པའི་གང་ཟག་ལ་ཡོད་པ་རྟེན་གྱི་འཇུག་པ་སྔར་བཤད་པ་ལྟར་དོན་གསུམ་དུ་རབ་ཏུ་དབྱེ་བའི་འཇུག་པའི་དོན་དེ་དོན་དྲུག་དང་ལྡན་པར་ཤེས་ནས་ཉམས་སུ་ལེན་པར་བྱེད་པ་ལ་སོགས་པ་སྟེ། མི་མཇེད་ཇི་མི་སྙམ་ཤེས་དང༌། །སྙིང་རྗེ་ཆོས་ལ་བརྟེན་པའི་ཕྱིར། །ཕན་ཡོན་ལྔར་ནི་ཡང་དག་བཤད། །དེ་ནི་གཉིས་ཀྱི་དོན་བྱེད་དེ། །དཀའ་ཐུབ་གཙོ་དང་ཡང་དག་ལྡན། །དེ་ལ་དེ་ནི་རྣམ་གསུམ་འདོད། །བཟོད་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་པ་ལྟར་རོ། །དེ་ཡང་གནོད་པ་ལ་མི་མཇེད་པའི་བཟོད་པ་ནི། གནོད་བྱེད་རྣམས་ལ་རང་དབང་མེད་ཅིང་ཉོན་མོངས་པའི་གཞན་དབང་དུ་གྱུར་པས་ལྷག་པར་ཡང་སྙིང་རྗེ་སྙམ་དུ་བསམས་ནས་གཞན་གྱི་གནོན་པ་ཅི་བྱུང་ཡང་ལན་མི་བྱེད་པ་སྟེ། རྟག་ཏུ་ཉེས་པ་རང་དབང་མེད་པར་བྱས་སེམས་ཀྱིས། །སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མི་འཛིན་ཏེ། །མི་འདོད་བཞིན་དུ་ལོག་པར་སྒྲུབ་པར་འགྱུར་རོ་ཞེས། །སྐྱེ་བོ་དག་ལ་སྙིང་རྗེ་རྣམ་པར་འཕེལ་ཕྱིར་རོ། །ཞེས་པ་ལྟར་རོ། །སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ནི། གཞན་གྱི་དོན་དུ་འགྱུར་ན་མནར་མེད་པའི་སྡུག་བསྔལ་ལ་ཡང་དགའ་བར་འཛིན་པས་ལམ་བསྒོམ་པའི་དཀའ་སྤྱད་ཀྱི་ངལ་དུབ་ཅི་བྱུང་ཡང་སྤྲོ་བས་དང་དུ་ལེན་པ་སྟེ། གཞན་དོན་བརྩོན་ལྡན་སྙིང་རྗེའི་བདག་ཉིད་འདི། །གང་ཚེ་མནར་མེད་ལ་ཡང་དགར་འཛིན་པ། །དེ་འདྲ་བ་དག་སྲིད་ན་གཞན་རྟེན་ཅན། །སྡུག་བསྔལ་འབྱུང་བ་རྣམས་ཀྱི་ག་ལ་འཇིགས། །ཞེས་པ་ལྟར་རོ༑ ༑ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར་འབྱོར་བ་རྒྱས་པའི་དུས་ན་ཡང་ཆགས་ཤིང་ཁེངས་པ་ལ་སོགས་པའི་ཉོན་མོངས་པའི་འཇྀགས་པ་མེད་ཅིང་གཞན་དོན་དུ་སྐྱེ་བ་ལེན་པའང་སྐྱེད་མོས་ཚལ་དུ་འགྲོ་བ་ལྟ་བུར་རྟོགས་པའི་ཕྱིར་འཁོར་བར་རྒུད་པའི་དུས་ན་ཡང་ངལ་དུབ་ཀྱི་སྡུག་བསྔལ་དག་གིས་འཇིགས་པ་མེད་པ་ལ་སོགས་ཆོས་ཟབ་མོ་ལ་མི་སྐྲག་པ་སྟེ། དེ་ཡི་ཆོས་ཀུན་སྒྱུ་མ་ལྟ་བུ་དང༌། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་པའི་དུས་དང་རྒུད་པའི་དུས་ན་ཡང༌། །ཉོན་མོངས་སྡུག་བསྔལ་ དག་གིས་འཇིགས་པ་མེད། །ཅེས་པ་ལྟར་རོ། ། ༤ ཕན་ཡོན། (བཞི་པ་)ཕན་ཡོན་ནི། ཕལ་བ་རྣམས་ཀྱིས་ཤིན་ཏུ་བྱ་དཀའ་བ་མགོ་དང་ཡན་ལག་གཏོང་བ་ལ་སོགས་པའི་སྡུག་བསྔལ་ལ་ཇི་མི་སྙམ་པ་དང༌། ཁྱད་པར་དུ་མིའི་གནོད་པ་གང་བྱུང་ཡང་ལན་མི་བྱེད་པ་རྒྱ་ཆེན་པོའི་ཡོན་ཏན་དང༌། མཐོ་རིས་འདོད་པ་དང་ལན་མི་ནུས་པ་དང་གཞན་ལ་འཇིགས་པ་དང༌། ཕན་འདོགས་སུ་རེ་བས་མ་ཡིན་པ་ཟང་ཟིང་མེད་པའི་ཡོན་ཏན་དང༌། དེ་དག་གིས་དད་པར་བྱས་པའི་གདུལ་བྱ་རྣམས་བྱང་ཆུབ་གསུམ་ལ་འགོད་པ་དོན་ཆེན་པོའི་ཡོན་ཏན་དང༌། ལྷག་མེད་ཀྱི་མྱང་འདས་སུའང་རྒྱུན་མི་འཆད་པ་མི་ཟད་པའི་ཡོན་ཏན་རྣམས་འགྲུབ་པ་སྟེ། སངས་རྒྱས་སྲས་རྣམས་ཤིན་ཏུ་བྱ་དཀའ་དེ་བཞིན་མི་ཡི་གནོད་པ་བཟོད། །མཐོ་རིས་གཉེར་དང་མི་ནུས་པས་མིན་འཇིགས་པས་མ་ཡིན་ཕན་ལྟས་མིན། །བཟོད་པ་བླ་ན་མེད་པས་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བཟོད་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་གཞག། ཅེས་པ་ལྟར་རོ། །དེ་བཞིན་དུ་ཡུམ་ལས་ཀྱང༌། བཟོད་པས་གཟུགས་བཟང་དམ་པ་རྒྱ་ཆེན་ཐོབ་འགྱུར་ཏེ༑ ༑གསེར་མདོག་སྡུག་ཅིང་འགྲོ་བས་བལྟ་བའི་འོས་སུ་འགྱུར། །ཞེས་གསུངས་པ་ལ་སོགས་པ་རྣམས་ཀྱང་ཐོབ་བོ། ། ༢ གཞུང་དོན། གཞུང་དོན་ལ། བསྒོམ་པར་གདམས་པ། ཇི་ལྟར་སྒོམ་ཚུལ། བསྒོམ་པའི་ཕན་ཡོན་ནོ། ། (༡) བསྒོམ་པར་གདམས་པ། དང་པོ་ལ་གསུམ་ལས། (དང་པོ་)སྐྱོན་ཡོན་བསམས་ཏེ་བསྒོམ་པར་གདམས་པ་ནི། དེ་ལྟར་སེམས་བསྐྱེད་དང་ལྡན་པས་སྦྱིན་པ་དང་ཚུལ་ཁྲིམས་ལ་ནན་ཏན་དུ་བྱེད་དགོས་པར་མ་ཟད་གཙོ་ཆེར་ཐེག་པ་ཆེན་པོ་པས་བཟོད་པ་བསྒོམ་པ་ལ་འབད་དགོས་ཏེ། དེ་ལྟར་མ་ཡིན་ན་འཇིག་རྟེན་གྱི་ཁམས་ཆགས་པ་དང་གནས་པ་དང་འཇིག་པ་དང་སྟོངས་པ་རྣམས་ལ་བར་གྱི་བསྐལ་པ་ཉི་ཤུ་ཉི་ཤུར་བྱས་པའི་བསྐལ་པ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་སྟེ། དེ་ལྟ་བུའི་བསྐལ་པ་སྟོང་ཕྲག་དུ་མར་བསགས་པ་ཡི་ཕལ་བ་རྣམས་ལ་སྦྱིན་པ་གསུམ་བྱིན་པ་དང༌། བདེ་བར་གཤེགས་པ་ལ་སོགས་པ་དཀོན་མཆོག་གསུམ་ལ་མཆོད་ཅིང་སྐྱབས་སུ་འགྲོ་བ་ལ་སོགས་པ་དང༌། ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ནས་སྲུང་བ་ལ་སོགས་པའི་ལེགས་པར་སྤྱད་པ་དགེ་བ་གང་ཡིན་པ་དེ་ཀུན་ཀྱང་ཡུལ་ཁྱད་པར་ཅན་ལ་ཁྲོས་ཤིང་འཁྲུགས་ནས་གཉེན་པོས་མ་ཟིན་པའི་ཁོང་ཁྲོ་གཅིག་གིས་མེ་ཆུང་ངུས་རྩྭ་མང་པོ་སྲེག་པ་བཞིན་དུ་འཇོམས་པར་བྱེད་དེ། (འཇམ་དཔལ་རྣམ་པར་རོལ་བའི་)མདོ་ལས། འཇམ་དཔལ་ཁོང་ཁྲོ་པ་ཞེས་བྱ་བ་ནི་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་བསོད་ནམས་ཀྱང་འཇོམས་པར་བྱེད་ཅིང་འབྲས་བུ་མེད་པར་བྱེད་པའོ། །ཞེས་པ་ལྟར་རོ། །རྒྱན་ལས་ཀྱང༌། སེམས་ཅན་རྣམས་ལ་ཕན་བྱེད་ཕྱིར། །དེ་ལ་ཆགས་སྐྱེ་ལྟུང་མི་འགྱུར། །འདི་ཡི་ཞེ་སྡང་རྣམ་ཀུན་ཏུ། །སེམས་ཅན་རྣམས་དང་འགལ་བར་འགྱུར།།  ཞེས་པ་ལྟར་བྱང་ཆུབ་སེམས་དཔའ་ལ་སྤང་བྱ་ཞེ་སྡང་ལྟ་བུའི་སྡིག་པ་ཆེན་པོ་གཞན་མེད་ཅིང༌། མདོ་ལས། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང། །ཞེས་པ་ལྟར་གཉེན་པོ་བཟོད་པ་ལྟ་བུའི་དཀའ་ཐུབ་དམ་པ་གཞན་མེད་པ་དེ་བས་ན་བཟོད་པ་ལྷུར་ལེན་པ་ལ་ནན་ཏན་དུ་བྱས་ཏེ་འཆད་པར་འགྱུར་བའི་ཐབས་སྣ་ཚོགས་པའི་ཚུལ་གྱིས་བསྒོམ་ཞིང་ཉམས་སུ་ལེན་པ་ལ་འབད་པར་བྱའོ། ། (གཉིས་པ་)ཁྲོ་བའི་ཉེས་དམིགས་རྒྱས་པར་བཤད་པ་ནི། ཞེ་སྡང་ནི་ལུས་སེམས་གདུང་བར་བྱེད་པས་ཟུག་རྔུ་ཡིན་ལ་དེ་དང་བཅས་པའི་སེམས་རྒྱུན་དུ་འཆང་ན་ཡིད་ནི་རབ་ཏུ་ཞི་བའི་བདེ་བ་ཉམས་སུ་མི་མྱོང་ཞིང་ཡིད་དགའ་བ་དང་ལུས་བདེ་བ་ནམ་ཡང་མི་ཐོབ་ལ་མཚན་མོའང་གཉིད་མི་འོང་ཞིང་དུས་རྟག་ཏུ་སེམས་བརྟན་པ་མེད་པར་འགྱུར་ཏེ། ཞེ་སྡང་གི་མེ་འབར་བས་གདུང་བ་དྲག་པོ་སྐྱེད་པའི་ཕྱིར་རོ། །བྲན་གཡོག་ལ་སོགས་པ་གང་དག་སྔར་ཡང་ནོར་མང་པོ་རྙེད་པ་དང་བཀུར་སྟི་ཆེན་པོ་ཐོབ་པ་ཡི་བཀའ་དྲིན་བྱིན་ཞིང་ད་དུང་ཡང་སྟེར་པ་པོ་དེ་ལ་བརྟེན་དགོས་པར་གྱུར་བའི་བྲན་གཡོག་དེ་དག་ཀྱང་ནི་ཁོང་ཁྲོ་ཞེ་སྡང་དྲག་པོ་དང་ལྡན་པའི་རྗེ་དཔོན་དེ་ལ་ཡང་ཡང་འཐབ་པ་མ་བཟོད་པས་གསོད་པར་ཡང་རྒོལ་ན་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས། ཞེ་སྡང་དེ་ཡིས་ཚིག་རྩུབ་མང་དུ་སྨྲས་པས་མཛའ་བཤེས་རྣམས་ཀྱང་སྐྱོ་ཞིང་སྐྲག་པར་འགྱུར་ལ། འཁོར་གཡོག་ལ་ནོར་མང་པོ་སྦྱིན་པས་བསྡུས་ཀྱང་དེ་ལ་སྟེན་པར་མི་བྱེད་པས་གྲོགས་བཟང་པོ་ལ་བརྟེན་པའི་བདེ་བའང་མི་ཐོབ་ཅིང༌། མདོར་ན་ཁོང་ཁྲོ་ནི་ཡིད་མི་བདེ་དང་མཚུངས་པར་ལྡན་ནོ་ཞེས་པ་ལྟར་ཁྲོ་བས་རང་གཞན་སུའང་བདེ་བར་གནས་པའི་གནས་དེ་ནི་འགའ་ཡང་ཡོད་པ་མ་ཡིན་པས་ཁོང་ཁྲོ་སྤོང་པ་ལ་འབད་པར་བྱའོ། ། (གསུམ་པ་)སྐྱོན་ཡོད་བསྡུས་ཏེ་བསྟན་པ་ནི། ཞེ་སྡང་ཅན་རྣམས་ལ་ཁྲོ་བའི་དགྲ་ཡིས་ལུས་དང་སེམས་ཡོངས་སུ་གདུང་བ་དེ་ལྟ་བུ་ལ་སོགས་པ་འདི་དང་ཕྱི་མར་སྡུག་བསྔལ་མང་པོ་དག་ནི་བསྐྱེད་པར་འགྱུར་བས་སྐྱེས་བུ་དཔའ་བོ་གང་ཞིག་གཉེན་པོས་ལེགས་པར་བསྒྲིམས་ཏེ་སྤང་བྱ་ཁྲོ་བ་འཇོམས་པ་དེ་ནི་ཚེ་འདི་དང་སྐྱེ་བ་ཕྱི་མ་གཞན་ཐམས་ཅད་དུ་ཕྱིར་མི་ལྡོག་པ་ལ་སོགས་པའི་བདེ་བ་ཆེན་པོ་ཐོབ་པར་འགྱུར་ཏེ། བཤེས་སྤྲིང་དུ། ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །ཐོབ་པར་འགྱུར་པ་སངས་རྒྱས་ཞལ་གྱིས་བཞེས། །ཞེས་པ་ལྟར་རོ། ། (༢) ཇི་ལྟར་སྒོམ་ཚུལ། (གཉིས་པ་)སྒོམ་ཚུལ་ལ། མདོར་བསྟན་དང༌། རྒྱས་བཤད་དོ། ། ༡ མདོར་བསྟན། དང་པོ་ལ་གསུམ་ལས། (དང་པོ་)ཁྲོ་བའི་རྒྱུ་ལ་བརྟགས་པ་ནི། བདག་དང་བདག་གི་ཕྱོགས་ལ་མི་འདོད་པ་སྡུག་བསྔལ་བསྐྱེད་པར་བྱས་པ་དང༌། འདོད་པ་བདེ་བ་འགྲུབ་པ་ཡི་གེགས་བྱས་པ་ལས་བྱུང་བར་གྱུར་པའི་ཡིད་མི་བདེ་བའི་རྣམ་རྟོག་ཟས་ནུས་ལྡན་དང་འདྲ་བ་རྙེད་ནས་ཞེ་སྡང་གི་ལུས་བརྟས་ཏེ་སྟོབས་འཕེལ་བར་བྱས་ནས་བདག་ཉིད་འཇོམས་སུ་འོང་བས། རྒྱུ་ཡིད་མི་བདེ་དེ་ལྟ་བུའང་སྤང་བར་བྱ་དགོས་སོ། ། (གཉིས་པ་)དེ་ཉིད་སྤང་བར་རིགས་ཚུལ་ནི། ཡིད་མི་བདེས་ཞེ་སྡང་སྐྱེད་པ་དེ་ལྟ་བས་ན་ཟས་བཅད་ནས་དགྲའི་སྟོབས་ཉམས་པར་བྱེད་པ་བཞིན་དུ་བདག་གི་དགྲ་བོ་ཞེ་སྡང་དེའི་ཟས་ཡིད་མི་བདེ་དེ་ནི་རྩ་བ་ནས་རྣམ་པར་གཞོམ་པར་བྱ་སྟེ། འདི་ལྟར་བདག་ལ་དགེ་བ་འཇོམས་པ་ལ་སོགས་པའི་སྒོ་ནས་གནོད་པ་བྱེད་པ་ལས་དགྲ་བོ་ཞེ་སྡང་འདི་ལ་ནི་བྱ་བའི་ལས་གཞན་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། ། (གསུམ་པ་)གཉེན་པོ་དགའ་བ་བསྐྱེད་པ་ནི། མི་འདོད་པ་བྱེད་པ་དང་འདོད་པའི་གེགས་བྱེད་པ་ལ་སོགས་པས་གནོད་པ་ཆེན་པོ་ཅི་ལ་བབ་ཀྱང་བདག་གིས་ནི། ཡིད་མི་བདེའི་གཉེན་པོར་གྱུར་པའི་དགའ་བའི་ཡིད་ནི་ནམ་ཡང་དཀྲུག་པར་མི་བྱ་སྟེ། མི་དགའ་བ་བྱས་ཀྱང་རང་སྡུག་པ་ཙམ་དུ་ཟད་ཀྱི་འདོད་པའི་དོན་ཅུང་ཟད་ཀྱང་མི་འགྲུབ་ཅིང༌། ཡིད་མི་བདེ་བ་ལས་བྱུང་བའི་ཁྲོ་བས་དགེ་བ་མང་པོ་དག་ནི་ཉམས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་ལེགས་པར་བརྟགས་ན་གཞན་གྱི་གནོད་པ་ལ་སོགས་པའི་སྡུག་བསྔལ་ཅི་བྱུང་ཡང་གལ་ཏེ་ཕྱིར་བཅོས་སུ་ཡོད་ན་ནི་དེ་ལ་མི་དགའ་བ་བྱ་རྒྱུ་ཅི་ཞིག་ཡོད་དེ་ཅིའང་མེད་པས་མི་དགའ་བ་སྤངས་ནས་འཆོས་པའི་ཐབས་ལ་འབད་པར་རིགས་ཤིང༌། འོན་ཏེ་ཕྱིར་བཅོས་སུ་མེད་ན་ཡང༌། དེ་ལ་མི་དགའ་བ་བྱས་པས་ཅི་ཞིག་ཕན་ཏེ་ཅིའང་མི་ཕན་ཞིང་ལྷག་པར་གནོད་པས་མི་དགའ་བ་སྤངས་ནས་སྡུག་བསྔལ་གང་བྱུང་ལམ་གྱི་གྲོགས་སུ་ཤེས་པར་བྱའོ། ། ༢ རྒྱས་བཤད་ལ་གཉིས། རྒྱས་བཤད་ལ། གང་ལས་ཁྲོ་བ་འབྱུང་ཚུལ་དང༌། དེ་ཡི་གཉེན་པོ་སྒོམ་ཚུལ་ལོ། ། ① གང་ལས་ཁྲོ་བ་འབྱུང་ཚུལ། དང་པོ་ནི། བདག་གམ་བདག་གི་འཛའ་བཤེས་རྣམས་ལ་ལུས་སེམས་གདུང་བའི་སྡུག་བསྔལ་དང་ཁྱད་དུ་གསོད་པའི་བརྙས་པ་དང༌། གནད་དུ་ཕོག་པའི་ཚིག་རྩུབ་དང༌། གཏམ་ངན་བརྗོད་པའི་མི་སྙན་པ་ཞེས་བྱ་བ་རྣམས་མི་འདོད་དེ། མི་འདོད་པ་དེ་རྣམས་བྱས་བ་ལས་ཀྱང་ཡིད་མི་བདེ་ལ་བརྟེན་ནས་ཁྲོ་བ་འབྱུང་ཞིང༌། བདེ་བ་དང་བཀུར་སྟི་དང་བསྟོད་པ་དང་གྲགས་པ་རྣམས་འབྱུང་བར་འདོད་དེ་འདོད་པ་དེ་རྣམས་འབྱུང་བའི་གེགས་བྱས་པ་ལས་ཀྱང་ཁྲོ་བ་འབྱུང་ལ། དགྲའི་ཕྱོགས་ལ་དེ་དག་ལས་བཟློག་པས་ཏེ་སྡུག་བསྔལ་དང་བརྙས་པ་དང་ཚིག་རྩུབ་དང་མི་སྙན་པ་རྣམས་འབྱུང་བར་འདོད་པ་ལ་དེ་དག་འབྱུང་བའི་གེགས་བྱས་པ་དང༌། བདེ་བ་དང་བཀུར་སྟི་དང་བསྟོད་པ་དང་གྲགས་པ་རྣམས་འབྱུང་བར་མི་འདོད་པ་ལ་དེ་དག་གི་འབྱུང་བའི་གྲོགས་བྱས་པ་ལས་ཀྱང་ཁྲོ་བ་འབྱུང་བས་བརྟགས་ནས་རིམ་གྱིས་སྤང་བར་རིགས་སོ། ། ② དེ་ཡི་གཉེན་པོ་སྒོམ་ཚུལ། (གཉིས་པ་)གཉེན་པོ་ལ། ཡིད་དུ་མི་འོང་པ་ལ་བཟོད་པ་སྒོམ་ཚུལ། ཡིད་དུ་འོང་བའི་གེགས་ལ་བཟོད་པ་སྒོམ་ཚུལ། གནོད་བྱེད་བཟོད་པ་འགྲུབ་པའི་གྲོགས་སུ་བསྟན་པའོ། ། ༡༽ ཡིད་དུ་མི་འོང་པ་ལ་བཟོད་པ་སྒོམ་ཚུལ། དང་པོ་ལ། བདག་ལ་ཉེས་པ་བྱུང་དུས་བསྒོམ་པ། བཤེས་ལ་ཉེས་པ་བྱུང་དུས་བསྒོམ་པ། དགྲ་ལ་ལེགས་པ་བྱུང་དུས་བསྒོམ་པའོ། ། ⑴ བདག་ལ་ཉེས་པ་བྱུང་དུས་བསྒོམ་པ། དང་པོ་ལའང༌། སྡུག་བསྔལ་བྱུང་དུས་བསྒོམ་པ་དང༌། བརྙས་སོགས་བྱུང་དུས་བསྒོམ་པའོ། ། ༡༽སྡུག་བསྔལ་བྱུང་དུས་བསྒོམ་པ། དེའི་དང་པོ་ལ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ། ཆོས་ལ་ངེས་པར་སེམས་པའི་བཟོད་པ༑ གནོད་པས་ཇི་མི་སྙམ་པའི་བཟོད་པའོ། ། ༡ སྡུག་བསྔལ་དང་དུ་ལེན་པའི་བཟོད་པ། དང་པོ་ལ་དྲུག་ལས། (དང་པོ་)སྡུག་བསྔལ་ཆོས་ཀྱི་བསྐུལ་མར་བསྟན་པ་ནི། འཁོར་བ་འདིར་བདེ་བ་འགྲུབ་པའི་རྒྱུ་དགེ་བ་ནི་རེས་འགའ་ཙམ་ཞིག་འབྱུང་བས་བདེ་བ་ཤིན་ཏུ་རྙེད་པར་དཀའ་ཞིང༌། སྡུག་བསྔལ་འགྲུབ་པའི་རྒྱུ་མི་དགེ་བ་ནི། ཤིན་ཏུ་མང་བས་སྡུག་བསྔལ་མང་པོ་འབད་མེད་དུ་འབྱུང་བ་ལ་ཡིད་མི་བདེ་སྤངས་ནས་རྒྱུ་སྔོན་དུ་སོང་བའི་འབྲས་བུ་དང་དུ་བླངས་ཏེ་བཟོད་པར་བྱའོ། །གཞན་ཡང་སྡུག་བསྔལ་ཉམས་སུ་མྱོང་བ་མེད་པར་འཁོར་བ་ལ་ཉེས་དམིགས་སུ་ཤེས་ནས་ཐར་བར་འདོད་པའི་ངེས་འབྱུང་གི་བསམ་པ་མེད་ཅིང༌། སྡུག་བསྔལ་ལས་ངེས་འབྱུང་གི་བློ་སྐྱེ་བ་དེ་བས་ན་ཡང་སེམས་ཁྱོད་རྒྱུ་འབྲས་ལ་མངོན་པར་ཡིད་ཆེས་པའི་སྒོ་ནས་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ལ་བརྟེན་པར་མནོས་ཤིག་ཅེས་པའོ། ། (གཉིས་པ)ཐར་བའི་དོན་དུ་བཟོད་པར་བྱ་བ་ནི། ལྷ་དབང་ཕྱུག་ཆེན་པོ་དཀའ་ཐུབ་ལས་བཟློག་པའི་ལྷ་མོ་ཨུ་མ་ལ་དད་པ་རྣམས་དེ་མཆོད་པའི་དོན་དུ་རང་གི་ལུས་སྦྱིན་སྲེག་ལ་འབུལ་བ་དང༌། ཡུལ་ཀརྞ་ཊ་པ་ཞེས་བྱ་བ་ལྷོ་ཕྱོགས་ཀྱི་རྒྱུད་ན་གནས་པའི་ཕྱི་རོལ་བ་འགའ་ཞིག་ཚངས་པ་ཐོབ་པར་འདོད་པས་ཉི་ཟླ་གཟས་ཟིན་པ་ན་རང་གི་མགོ་གཅོད་པ་དང༌། གཞན་ཡང་མེ་ལྔ་བསྟེན་ཅིང་བསྲེག་པ་དང་རྩེ་གསུམ་ལ་མཆོངས་ཏེ་གཅོད་པ་ལ་སོགས་པའི་སྡུག་བསྔལ་གྱི་ཚོར་བ་དྲག་པོ་ནི་འདོད་པའི་དོན་གྲུབ་པ་མེད་བཞིན་དུ་ཡང་བཟོད་པར་བྱེད་ན། རང་གཞན་ཐམས་ཅད་ཀྱིས་ཐར་བ་ཡི་མཐར་ཐུག་སངས་རྒྱས་ཉིད་ཀྱི་གོ་འཕང་ཐོབ་པའི་དོན་དུ་ཐེག་ཆེན་གྱི་ལམ་ཉམས་སུ་ལེན་པའི་དཀའ་སྤྱད་ལ་བདག་ཀོ་ཅི་སྟེ་སྔར་ཏེ་འཇིགས་པར་མི་རིགས་པས་སྤྲོ་བས་དང་དུ་བླང་ནས་བཟོད་པར་བྱའོ། ། (གསུམ་པ་)གོམས་པའི་དབང་གིས་བཟོད་པར་བྱ་བ་ནི། སྡུག་བསྔལ་ཆུང་ངུ་བཟོད་མོད་ཆེན་པོ་བཟོད་པར་དཀའོ་སྙམ་ན། གོ་ར་བས་[ཅིང་]སྟན་རིམ་པ་མང་པོའི་འོག་ན་ཡུངས་འབྲུ་ཡོད་པའི་རྩུབ་པ་མི་བཟོད་པའང་ཕྱིས་ཤིང་ཚེར་མ་ཅན་གྱི་ཁུར་ཆེན་པོ་ཁུར་བ་བཟོད་པ་བཞིན་དུ། རིག་པ་དང་སྒྱུ་རྩལ་ལ་སོགས་པ་གང་དག་གང་ལ་རིམ་གྱིས་གོམས་པར་བྱས་ན་སླ་བར་མི་འགྱུར་བའི་དངོས་པོ་དེ་དང་དེ་གང་ན་ཡོད་པ་མ་ཡིན་པ་དེ་བས་ན་དང་པོར་གནོད་པ་ཆུང་ངུ་ལ་བཟོད་པ་གོམས་པར་བྱས་པས་ཕྱི་ནས་མགོ་དང་ཡན་ལག་གཅོད་པ་ལ་སོགས་པའི་གནོད་པ་ཆེན་པོ་ལ་ཡང་བཟོད་པ་བསྒོམ་པར་བྱ་སྟེ། (གསོ་ཐིགས་སུ་)ལུས་ཅན་རྣམས་ཀྱི་སྐྱོན་ཡོན་ནི། །ཐམས་ཅད་གོམས་པའི་རྩ་བ་ཅན། །གོམས་པའང་རང་ལ་རག་ལས་པས། །དེ་བས་ཡོན་ཏན་གོམས་པ་མཆོག །ཅེས་པ་ལྟར་རོ། ། (བཞི་པ་)ལེགས་པར་བརྟགས་ནས་བཟོད་པར་བྱ་བ་ནི། སྦྲུལ་དང་ཤ་སྦྲང་གིས་རྨུགས་པ་དག་དང་ནི་བཀྲེས་པ་དང་སྐོམ་པ་དང་ངལ་དུབ་ལ་སོགས་པའི་ཚོར་བ་དང་གཡན་པ་ཟ་ཞིང་འཕྲུག་པ་ལ་སོགས་པ་དང་བཅས་པ་ཡི་དོན་མེད་པའི་སྡུག་བསྔལ་རྣམས་ཀྱང་བཟོད་པར་བྱ་དགོས་པ་ཅིས་མ་མཐོང་སྟེ་མཐོང་ན། དོན་ཆེན་པོ་བྱང་ཆུབ་སྒྲུབ་པའི་ཚ་བ་དང་གྲང་བ་དང་ཆར་དང་རླུང་དང་ངལ་དུབ་ལ་སོགས་པས་གདུང་བ་དང་ནད་དང་འཆིང་བ་དང་བརྡེག་པ་དང་གཅོད་པ་ལ་སོགས་པའི་སྡུག་བསྔལ་ལ། བདག་གིས་བཟེ་རེའམ་བཟོད་སྲན་ཆུང་བར་མི་བྱ་སྟེ་དེ་ལྟར་བྱས་ན་བཟོད་སྲན་ཇེ་ཆུང་ལ་འགྲོ་བས་གནོད་པའི་སྡུག་སྔལ་ཇེ་ཆེར་འཕེལ་བར་འགྱུར་བའི་ཕྱིར་རོ། །དཔེར་ན་སྐྱེས་བུ་དཔའ་བོ་ལ་ལ་གཡུལ་ངོར་མཚོན་གྱིས་རྨས་པའི་སར་བདག་གི་ཁྲག་མཐོང་ན་དཔའ་ཞིང་བརྟན་ལ་བརྟུལ་ཕོད་པ་ལྷག་པར་སྐྱེ་བར་འགྱུར་བ་ཡོད་ཅིང༌། སྡར་མ་ལ་ལ་གཞན་གྱི་ཁྲག་ཅུང་ཟད་མཐོང་བ་ཙམ་ན་འཇིགས་པས་འབོག་ཅིང་བརྒྱལ་བར་འགྱུར་བའང་ཡོད་དེ་དེ་དག་ནི་རིམ་པ་ལྟར་སེམས་ཀྱི་ངང་རྒྱུད་བརྟན་པ་ལ་གོམས་པ་དང་སྡར་ཞིང་འཇིགས་པའི་ཚུལ་གོམས་པ་ལས་གྱུར་པ་ཡིན་ནོ། །གོམ་པས་སླ་བར་འགྱུར་བ་དེ་བས་ན་དོན་ཆེན་པོ་བསྒྲུབ་པའི་ཆེད་དུ་གཞན་གྱི་གནོད་པ་ཅི་བྱུང་བ་ཐམས་ཅད་ཁྱད་དུ་བསད་པར་བྱ་ཞིང་དཀའ་སྤྱད་ཀྱི་སྡུག་བསྔལ་རྣམས་ཀྱིས་ནམ་དུ་ཡང་མི་ཚུགས་པར་བྱོས་ཤིག་ཅེས་པའོ། ། (ལྔ་པ་)རྙོག་པ་སྤངས་ཏེ་ཉོན་མོངས་འཇོམས་ཚུལ་ནི། བཟོད་པ་སྒོམ་པ་ལ་མཁས་པས་གཞན་གྱིས་གནོད་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་བྱུང་ཡང་ནི་སེམས་ཀྱི་རབ་ཏུ་དང་ཞིང་དགའ་བ་ཡིད་མི་བདེས་རྙོག་པར་མི་བྱ་སྟེ། སྤང་བྱ་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་དང་གཉེན་པོ་བཟོད་པ་ལ་སོགས་གཡུལ་འགྱེད་པ་ལ་ནི་འབད་དགོས་ལ། དེ་ལྟར་སྤང་གཉེན་གཡུལ་འགྱེད་པའི་ཚེ་ན་གནོད་པའང་ཤིན་ཏུ་མང་མོད། འོན་ཀྱང་དོན་ཆེན་པོ་འགྲུབ་པའི་སྡུག་བསྔལ་ཐམས་ཅད་ཁྱད་པར་དུ་བསད་ནས་ཞེ་སྡང་ལ་སོགས་པའི་དགྲ་འཇོམས་པར་བྱེད་པ་དེ་དག་ནི་དགྲ་ལས་རྒྱལ་བར་བྱེད་པའི་དཔའ་བོ་སྟེ་སྟོབས་དང་ལྡན་པའི་མཆོག་ཡིན་པའི་ཕྱིར་རོ། །ལྷག་མ་འཇིག་རྟེན་ན་སེམས་ཅན་འཇོམས་པ་ལ་དཔའ་བོར་གྲགས་པ་ནི་རོ་ལ་མཚོན་གྱིས་བསྣུན་ནས་གསོད་ཅིང་དཔའ་བོར་རློམ་པ་དང་འདྲའོ། ། (དྲུག་པ་)ཡོན་ཏན་བསམས་ཏེ་དང་དུ་བླང་བ་ནི། སྡུག་བསྔལ་མེད་པར་ངེས་འབྱུང་མེད་ཅེས་པ་ལ་སོགས་སྔར་བཤད་པར་མ་ཟད་གཞན་ཡང་སྡུག་བསྔལ་མྱོང་བ་ལས་བྱུང་བའི་ཡོན་ཏན་གྱི་ཁྱད་པར་ནི་སྡུག་བསྔལ་གྱིས་ཡིད་འབྱུང་ཞིང་སྐྱོབས་ང་རྒྱལ་གྱིས་ཁེངས་པའི་དྲེགས་པ་རྣམས་སེལ་བར་བྱེད་པ་དང༌། རང་གི་ཅུང་ཟད་མྱོང་བ་ལ་དཔག་ནས་འཁོར་བ་པ་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པ་རྣམས་ལ་སྙིང་རྗེ་ཚད་མེད་པ་སྐྱེ་བ་དང༌། འདི་ནི་སྡིག་པའི་འབྲས་བུའོ་སྙམ་དུ་ཤེས་པ་རྒྱུ་སྡིག་པ་ལ་འཛེམ་ཞིང་དགེ་བ་ལ་དགའ་བའམ་ཡང་ན་སྡུག་བསྔལ་ཞི་བར་བྱེད་པའི་ལམ་སྟོན་པ་པོ་རྒྱལ་བ་ལ་དགའ་ཞིང་དད་པ་སྟེ། དེ་དག་ལ་བསམས་ནས་ཀྱང་དང་དུ་བླང་བར་བྱའོ། ། ༢ ཆོས་ལ་ངེས་པར་སེམས་པའི་བཟོད་པ། (གཉིས་པ་)ཆོས་ལ་ངེས་པར་སེམས་པ་ལ། བཟོད་པས་ཁྲོ་བ་བཟློག་ཚུལ་དང༌། དེ་ལ་རྩོད་པ་སྤང་པའོ། །དང་པོ་ལ། གཞན་ལ་རང་དབང་མེད་པས་བཟོད་ཚུལ། རང་དབང་ཡོད་པར་འདོད་པ་དགག་པ། སྐབས་དོན་བསྡུས་ཏེ་དོན་ལ་སྦྱར་བའོ། །རང་དབང་མེད་ཚུལ་ལ། རྐྱེན་གྱིས་བསྐུལ་བས་རང་དབང་མེད་ཚུལ་དང༌། སེམས་པ་མེད་པས་རང་དབང་མེད་ཚུལ་ལོ། །དང་པོ་ལ་གསུམ་ལས། (དང་པོ་)མདོར་བསྟན་ནི། རང་གི་སྡུག་བསྔལ་བཟོད་མོད་སྡུག་བསྔལ་གང་ལས་འབྱུང་བའི་གནོད་བྱེད་ལ་ཁྲོའོ་སྙམ་ན། དེ་ལྟ་ན་མཁྲིས་པ་དང་བད་ཀན་དང་རླུང་ལ་སོགས་པའི་ནད་རྣམས་ལའང་ཁྲོ་བར་འགྱུར་ཏེ་སྣ་ཚོགས་པའི་སྡུག་བསྔལ་གྱི་འབྱུང་གནས་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་དག་ལ་མི་ཁྲོ་སྟེ་སྡུག་བསྔལ་སྐྱེད་པར་འདོད་པའི་བསམ་པ་མེད་ཀྱང་རྐྱེན་ཚོགས་པའི་དབང་གིས་བསྐུལ་བའི་ཕྱིར་རོ་ཞེ་ན། འོ་ན་གནོད་བྱེད་སེམས་ཡོད་རྣམས་ལ་ཅི་སྟེ་ཁྲོ་སྟེ། ཁྲོ་བར་མི་རིགས་པར་འགྱུར་ཏེ་གནོད་བྱེད་དེ་དག་ཀུན་ཀྱང་རང་དབང་མེད་པར་སྔོན་གྱི་ལས་ཀྱི་རྐྱེན་གྱིས་བསྐུལ་བའི་ཕྱིར་རོ། ། (གཉིས་པ་)རྒྱས་བཤད་ནི། དཔེ་ཇི་ལྟར་ན་མཁྲིས་པ་ལ་སོགས་པའི་མི་འདོད་བཞིན་དུ་ཡང་རྐྱེན་ཚང་ན་ནད་སྣ་ཚོགས་འདི་འབྱུང་བར་འགྱུར་བ་ལྟར། དོན་དེ་བཞིན་དུ་གནོད་བྱེད་རྣམས་མི་འདོད་བཞིན་དུ་ཡང་ཡིད་མི་བདེ་བ་ལ་སོགས་པའི་རྐྱེན་ཚང་ན། ནན་གྱིས་ཁྲོ་བ་འབྱུང་བར་འགྱུར་བས་གཉི་གའང་རང་དབང་མེད་པར་མཚུངས་སོ། །འོན་ཏེ་མཁྲིས་པ་ལ་སོགས་ལ་ཀུན་སློང་གི་བསམ་པ་མེད་ཅིང་གནོད་བྱེད་ལ་བསམ་པ་ཡོད་པས་མི་མཚུངས་སོ་སྙམ་ན། འདི་ལ་ཁྲོ་བར་བྱའོ་ཞེས་མ་བསམས་ཀྱང་རྐྱེན་ཚང་ན་སྐྱེ་བོ་རྣམས་ནི་གྱི་ནར་རང་ཐང་དུ་ཁྲོ་ཞིང༌། བསམས་ཀྱང་རྐྱེན་མ་ཚང་ན་མི་ཁྲོ་ལ་ཅིས་ཀྱང་བསྐྱེད་པར་བྱའོ་ཞེས་མ་བསམས་ཀྱང་རྐྱེན་ཚང་ན་ཁྲོ་བ་དེ་བཞིན་དུ་སྐྱེ་བར་འགྱུར་ཞིང་བསམས་ཀྱང་རྐྱེན་མ་ཚང་ན་མི་སྐྱེ་བས་བསམས་པ་ཡོད་མེད་གཉི་གའང་རྐྱེན་གྱིས་བསྐུལ་བར་མཚུངས་བའི་ཕྱིར་གནོད་བྱེད་ལ་ལྷག་པར་ཁྲོ་བ་ནི་མི་རིགས་སོ། ། (གསུམ་པ)དོན་བསྡུ་ནི། ཁྲོ་ཞིང་སྡང་པ་ལ་སོགས་པའི་ཉེས་པ་ཇི་སྙེད་པ་ཐམས་ཅད་དང༌། གཞན་ལ་གནོད་པ་ལ་སོགས་པའི་སྡིག་པ་རྣམ་པ་སྣ་ཚོགས་པ་དེ་དག་ཀུན་ཀྱང་རྐྱེན་ཚོགས་པ་ཉིད་ཀྱི་སྟོབས་སམ་ནུས་པ་ལས་བྱུང་བ་ཡིན་གྱི། བསམས་བཞིན་པ་ལ་སོགས་པའི་རང་དབང་ཡོད་པ་མ་ཡིན་པས། གཞན་དབང་དུ་གྱུར་བ་རྣམས་ལ་ཁྲོ་བར་མི་རིགས་ཤིང་སྙིང་རྗེ་བསྐྱེད་པར་བྱ་བ་ཡིན་ནོ། ། (གཉིས་པ་)སེམས་པ་མེད་ཚུལ་ནི། ཉེས་པ་བསྐྱེད་པའི་རྐྱེན་རྣམས་ཚོགས་པ་དེ་དག་ཀྱང་བདག་གིས་འབྲས་བུ་ཁྲོ་བ་ལ་སོགས་པ་བསྐྱེད་པར་བྱའོ་ཞེས་སྙམ་དུ་སེམས་པ་མེད་ཅིང༌། རྐྱེན་དེས་བསྐྱེད་པའི་ཉོན་མོངས་པ་དེ་ཡང་བདག་རྐྱེན་དེ་དག་གིས་བསྐྱེད་དོ་ཞེས་སེམས་པ་ཡོད་པ་མ་ཡིན་ཡང་རྒྱུ་ཚོགས་ན་འབྲས་བུ་འབྱུང་བ་ནི་རྟེན་འབྲེལ་གྱི་ནུས་པ་ཡིན་པས་བྱེད་པ་པོ་རང་དབང་ཅན་འགའ་ཡང་ཡོད་པ་མ་ཡིན་ནོ། ། (གཉིས་པ་)ཡོད་པར་འདོད་པ་དགག་པ་ལ་གཉིས་ལས། (དང་པོ་) གྲངས་ཅན་པས་བཏགས་པ་དགག་པ་ནི། རང་དབང་ཅན་མེད་པ་མི་འཐད་དེ་འཆད་པར་འགྱུར་བ་ལྟར་རྟག་གཅིག་རང་དབང་ཅན་གྱི་བདག་དང་གཙོ་བོ་ཡོད་པས་དེ་དག་ལ་བརྟེན་ནས་གནོད་པ་ལ་སོགས་པ་འབྱུང་ངོ་ཞེ་ན།དོན་ལ་མེད་ཀྱང་བརྟགས་ནས་གཙོ་བོ་ཞེས་བྱ་བར་གང་འདོད་པ་དང་བདག་ཅེས་བརྟགས་པ་གང་ཡིན་པ་དེ་དག་ཉིད་ནི་རང་མ་སྐྱེས་པའི་སྔ་རོལ་ཏུ་བདག་ནི་གཞན་ལ་གནོད་པ་ལ་སོགས་པའི་བྱེད་པ་པོར་འབྱུང་བར་བྱའོ་ཞེས་ཆེད་དུ་བསམས་ཤིང་རང་དབང་ཅན་དུ་འབྱུང་བ་མེད་པར་འགྱུར་ཏེ། རང་མ་སྐྱེས་པར་ནི་རང་གི་ངོ་བོ་དེ་དག་གཏན་ནས་མེད་པའི་ཕྱིར་རོ། །མོ་གཤམ་གྱི་བུ་བཞིན་དུ་རང་ཉིད་མ་གྲུབ་ཅིང་མེད་ན་དེའི་ཚེ་རང་དབང་ཅན་དུ་སྐྱེ་བར་འདོད་པ་གང་ཞིག་ཡོད་དེ་གང་ཡང་མེད་པས་ཁྱབ་ཅིང༌། གཞན་ལས་སྐྱེ་བར་འགལ་ཏེ་རྟག་པ་དང་རང་དབང་ཅན་དུ་འདོད་པའི་ཕྱིར་རོ༑ ༑འོན་ཏེ་གཙོ་བོས་གཏད་པའི་ཡུལ་ལ་རྟག་ཏུ་ལོངས་སྤྱོད་པ་པོའི་བདག་ནི་རང་དབང་ཅན་དུ་ཡོད་དོ་སྙམ་ན། ཡུལ་གཟུགས་སྒྲ་ལ་སོགས་པ་ལ་དུས་རྟག་ཏུ་གཡེངས་ཤིང་ལོངས་སྤྱོད་པར་འགྱུར་བས་ཤེས་རིག་ཡུལ་ལ་ལོངས་སྤྱོད་པ་ནི་དུས་ནམ་ཡང་འགག་པར་འགྱུར་བའང་མ་ཡིན་པར་ཐལ་ཏེ༑ རྟག་པ་ཡིན་པའི་ཕྱིར་རོ། །འདོད་པར་ནི་མི་ནུས་ཏེ་ཡུལ་གཟུང་བ་འགགས་པ་ན་དེ་འཛིན་གྱི་བློ་ཡང་འགག་པར་ཚད་མས་གྲུབ་པས་ཤེས་པ་ཡུལ་ལ་ལོངས་སྤྱོད་པ་ནི་རེས་འགའ་བར་དམིགས་པས་བསལ་ལོ། །འང་གི་སྒྲས་ནི་སྐྱེ་བ་དང་བྱེད་པ་པོ་མ་ཡིན་པར་ཐལ་པའང་བསྡུས་པ་ཡིན་ནོ། ། (གཉིས་པ་)རིགས་པ་ཅན་པས་བརྟགས་པ་དགག་པ་ནི། སེམས་མེད་པའི་བདག་རྟག་པ་ཐམས་ཅད་དུ་ཁྱབ་པ་ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་པ་པོ་ཡོད་པས་དེས་རང་དབང་ཅན་དུ་བྱེད་དོ་ཞེ་ན། ཅི་སྟེ་བདག་དེ་རྟག་པ་ཡིན་ན་ནི། འདུས་མ་བྱས་ནམ་མཁའ་བཞིན་དུ་གནོད་པ་ལ་སོགས་པའི་ལས་རང་དབང་ཅན་དུ་བྱེད་པ་མེད་པར་མངོན་ཏེ་རྟག་པ་ཡིན་པའི་ཕྱིར་རོ། །ངོ་བོ་རྟག་ཀྱང་ལྷན་ཅིག་སྐྱེས་པའི་རྐྱེན་རྣམས་གཞན་དང་ཕྲད་པ་ལས་གནོད་པ་ལ་སོགས་པ་བྱེད་དོ་ཞེ་ན་ཡང༌། རྟག་པ་ཡིན་ན་རང་བཞིན་ནམ་ཡང་འགྱུར་བ་མེད་པའི་ཕྱིར་བདག་དེ་ལ་རྐྱེན་གྱིས་ཁྱད་པར་ཅི་ཞིག་བྱར་ཡོད་དེ་ཅིའང་བྱར་མེད་པ་ཉིད་དོ། །ལྷན་ཅིག་བྱེད་པའི་རྐྱེན་དང་ཕྲད་པའི་ཚེ་ཡང་སྔོན་བཞིན་དུ་འགྱུར་བ་མེད་པར་གནས་པ་ཡིན་ན། ལྷན་ཅིག་བྱེད་པས་བདག་དེ་ལ་སྔར་མེད་པའི་ཁྱད་པར་ཅི་ཞིག་བྱས་ཏེ་ཅི་ཡང་མ་བྱས་པས་ཁྱབ་བོ། །དེའི་ཕྱིར་བདག་དེ་ཡི་ལྷན་ཅིག་བྱེད་པའི་རྐྱེན་ནི་འདི་ཡིན་ནོ། །ཞེས་དེ་དག་འབྲེལ་བར་འགྱུར་བའང་གང་ཞིག་ཡོད་དེ། དོན་གཞན་ཡིན་པས་བདག་གཅིག་པའི་འབྲེལ་པ་མེད་ཅིང༌། རྒྱུ་འབྲས་མ་ཡིན་པས་དེ་བྱུང་གི་འབྲེལ་བའང་མེད་པའི་ཕྱིར་རོ། ། (གསུམ་པ་)སྐབས་དོན་བསྡུ་བ་ནི། སྔར་བསྟན་པའི་ཚུལ་དེ་ལྟར་ཕྱི་ནང་གི་དངོས་པོ་ཐམས་ཅད་རྒྱུ་རྐྱེན་གཞན་གྱི་དབང་ལ་རག་ལས་པ་ཡིན་ཞིང༌། རྒྱུ་རྐྱེན་དེ་ཡི་གཞན་དབང་གིས་འབྱུང་དགོས་པའི་ཕྱིར་ན། གནོད་བྱེད་ཀྱི་དངོས་པོ་དེ་ལའང་རང་དབང་མེད་པར་གྲུབ་བོ། །དེ་ལྟར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གཞན་དབང་རྟེན་འབྲེལ་ཙམ་དུ་ཤེས་ན་སྤྲུལ་པ་ལྟ་བུ་སྒྱུ་མ་ལྟ་བུའི་གནོད་བྱེད་ཀྱི་དངོས་པོ་ཀུན་ལའང་ཁྲོ་བར་མི་འགྱུར་ཏེ་རྟེན་འབྲེལ་ཐམས་ཅད་ཀྱང་རིམ་གྱིས་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར་རོ། ། (གཉིས་པ་)རྩོད་པ་སྤང་པ་ནི། ཆོས་ཐམས་ཅད་སྤྲུལ་པ་བཞིན་དུ་གཞན་དབང་རྟེན་འབྲེལ་ཡིན་ན། གཉེན་པོ་གང་གིས་སྤང་བྱ་གང་ཞིག་བཟློག་པར་བྱ་སྟེ་བྱ་བྱེད་དང་བྲལ་བའི་ཕྱིར་བཟོད་པས་ཁྲོ་བ་བཟློག་པའང་རིགས་པ་མིན་པར་ཐལ་ལོ་ཞེ་ན་དོན་དམ་པར་བྱ་བྱེད་དང་བྲལ་བ་ཡིན་ཡང་ཀུན་རྫོབ་ཙམ་དུ་གཉེན་པོས་སྤང་བྱ་བཅོམ་པ་དེ་ལ་བརྟེན་ནས་རྒྱུ་མི་དགེ་བ་ཁེགས་ན་འབྲས་བུ་སྡུག་བསྔལ་རྣམས་རྒྱུན་འཆད་པ་འགྱུར་བར་འདོད་པས། བཟོད་པས་ཁྲོ་བ་བཟློག་པ་ལ་ཡང་མི་རིགས་པ་མེད་དོ། །ཐམས་ཅད་གཞན་དབང་རྟེན་འབྲེལ་ཙམ་ཡིན་པ་དེ་བས་ན་རང་གི་དགྲའམ་སྔར་མཛའ་བོ་ཡིན་ཡང་རུང་གནོད་པ་ལ་སོགས་པ་མི་རིགས་པའི་ལས་བྱེད་པ་མཐོང་བར་གྱུར་ན། གཞན་དབང་འདི་འདྲའི་རྐྱེན་ལས་གྱུར་པ་ཡིན་གྱི་རང་དབང་མེད་པ་ཉིད་དོ་ཞེས། སྔར་བསྟན་པའི་ཚུལ་དེ་ལྟར་སོམས་ཏེ་ཁྲོ་བ་སྤོངས་ལ་ཡིད་བདེ་བར་མནོས་ཤིག གལ་ཏེ་རྐྱེན་ལ་མ་ལྟོས་པར་རང་ དགས་རང་དབང་དུ་ཅི་འདོད་པ་འགྲུབ་པར་འགྱུར་ན་ནི་སེམས་ཅན་འགའ་ཡང་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པས་ལུས་ཅན་རྣམས་ནི་ཐམས་ཅད་ཀྱང་སུ་ལའང་སྡུག་བསྔལ་དང་ཡིད་མི་བདེ་འབྱུང་བར་མི་འགྱུར་བར་ཐལ་བ་ལས་དེ་ལྟ་མ་ཡིན་ཏེ། ཡིད་མི་བདེ་དང་མཚུངས་ལྡན་གྱི་ཁྲོ་བ་ལ་སོགས་པ་སྐྱེ་བ་དང༌། དེའི་དབང་གིས་སྡུག་བསྔལ་ལ་སྤྱོད་པ་ནི་གཞན་དབང་དུ་གྱུར་བ་ཉིད་དོ། །དེ་ལྟར་རང་དབང་མེད་པའི་གནོད་བྱེད་རྣམས་ལ་སྙིང་རྗེ་བསྐྱེད་པར་བྱའི་ཁྲོ་བ་ནི་མ་ཡིན་ནོ། ། ༣ གནོད་པས་ཇི་མི་སྙམ་པའི་བཟོད་པ། (གསུམ་པ་)ཇི་མི་སྙམ་པའི་བཟོད་པ་ལ། གནོད་བྱེད་སྙིང་རྗེའི་ཡུལ་དུ་བསྟན་པ། རང་བཞིན་བསམས་ཏེ་ཁྲོ་བ་སྤང་ཚུལ། རྒྱུ་ལ་བརྟགས་ཏེ་ཁྲོ་བ་སྤང་ཚུལ། གནོད་པར་རང་གི་ཉེས་པར་བསྟན་པ༑ ཁྲོ་ན་གནོད་བྱེད་ཁྲོ་བར་རིགས་ཚུལ་ལོ། །དང་པོ་ནི། སེམས་ཅན་རྨོངས་པ་རྣམས་མ་བརྟགས་པར་སྤྱོད་པ་བག་མེད་པའི་གཞན་དབང་དུ་གྱུར་པས་ནི་བདག་ཉིད་ལའང་བདག་གིས་ཚེར་མ་དང་གྱོ་མོ་དང་རྡོ་བ་དང་གསེག་མ་ལ་སོགས་པས་གནོད་པ་བྱེད་པ་དང་བུད་མེད་དང་ནོར་ལ་སོགས་པ་ཐོབ་པར་བྱ་བའི་ཕྱིར་དུ་གཞན་གྱི་ཆུང་མ་དང་ལོངས་སྤྱོད་ལ་རྔམ་ཞིང་དེ་དག་མ་ཐོབ་ན་རང་གི་ཁ་ཟས་དང་བཏུང་བ་གཅོད་པ་ལ་སོགས་པའང་བྱེད་དོ། ། ཁ་ཅིག་ནི་རང་གི་འདོད་པ་མ་གྲུབ་ན་འགག་ཅིང་འཆི་བ་དང༌། གཡང་སར་མཆོང་པ་དང་བཙན་དུག་ཟ་བ་དང་མི་འཕྲོད་པའི་ཁ་ཟས་ཟ་བ་དང༌། བསོད་ནམས་ཀྱི་བསྐྱེད་པ་མ་ཡིན་པའི་སྤྱོད་པ་ངན་པ་ཡིས་རང་ལ་རང་གིས་གནོད་པ་སྣ་ཚོགས་བྱེད་པ་ཡོད་དེ། གང་གི་ཚེ་ཉོན་མོངས་པའི་གཞན་དབང་དུ་གྱུར་པས་བདག་ཉིད་སྡུག་ཅིང་ཕོངས་པ་ཉིད་ཀྱང་གསོད་པར་བྱེད་ན་དེའི་ཚེ་རྨོངས་པ་དེ་དག་གཞན་གྱི་ལུས་ལ་གནོད་པ་མི་བྱེད་པར་ཇི་ལྟར་འགྱུར་ཏེ་གནོད་པ་ཅིས་ཀྱང་བྱེད་པ་ཉིད་དོ། ། ཉོན་མོངས་པ་སྐྱེས་པའི་གཞན་དབང་དུ་གྱུར་པས་གདོན་གྱིས་བཟུང་བ་བཞིན་རང་དབང་མེད་པ་དེ་ལྟ་བུར། བདག་ཉིད་གསོད་པ་ལ་སོགས་པའི་ཚུལ་མིན་ལ་ཞུགས་པ་དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་པར་རིགས་ཀྱི། སྙིང་རྗེ་བརྒྱ་ལ་མ་སྐྱེས་ནའང་ཁྲོ་བ་སྐྱེ་བར་འགྱུར་བ་ནི་ཅིའི་ཐ་ཚིག་ཡིན་ཏེ། ནམ་ཡང་ཁྲོ་བར་མི་རིགས་སོ། ། (གཉིས་པ་)རང་བཞིན་བསམ་པ་ནི། གལ་ཏེ་གཞན་ལ་གནོད་ཅིང་འཚེ་བ་སྣ་ཚོགས་བྱེད་པ་དེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རང་བཞིན་ཡིན་ནམ་མ་ཡིན། ཡིན་ན་དེ་ལ་ཁྲོ་བར་མི་རིགས་ཏེ། རང་བཞིན་ཡིན་པའི་ཕྱིར། དཔེར་ན་སྲེག་པའི་རང་བཞིན་ཅན་གྱི་མེ་ལ་འདིས་སྲེག་གོ་ཞེས་བཀོན་ཞིང་ཁྲོ་བ་ནི་མི་རིགས་པ་དང་འདྲའོ། །འོན་ཏེ་གཞན་ལ་གནོད་འཚེ་བྱེད་པ་ལ་སོགས་པའི་སྐྱོན་དེ་ནི་རང་བཞིན་མ་ཡིན་གྱི་སྤང་རུང་གློ་བུར་གྱི་དྲི་མ་བརྟགས་ན་བདེན་པར་མ་གྲུབ་པ་ཡིན་ལ། སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཞི་ཞིང་དེས་པ་རྣམ་པར་དག་པ་འགྱུར་བ་མེད་པ་ཡིན་ན། འོ་ནའང་སེམས་ཅན་དེ་ལ་ཁྲོ་བར་མི་རིགས་ཏེ་རང་བཞིན་ལ་སྐྱོན་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དཔེར་ན་ནམ་མཁའ་རང་བཞིན་གྱིས་དག་པ་ལ་དུ་བ་གློ་བུར་དུ་འཐུལ་བ་ན་དུ་བའི་སྐྱོན་ནམ་མཁའ་ལ་སྦྱར་ནས་བཀོན་ཞིང་ཁྲོ་བ་ནི་མི་རིགས་པ་བཞིན་ནོ།