སྤྱོད་འཇུག་ས་འགྲེལ།

། (གཉིས་པ་)དོན་མེད་ཀྱི་བྱ་བ་སྤོང་ཚུལ་ནི། དོན་ནམ་དགོས་པ་ཆེན་པོ་མེད་པར་ཟླ་བ་གསུམ་དུ་འཐས་ཤིང་མ་ཉམས་པའི་ས་རྐོ་བ་དང༌། རྩྭ་སྔོན་པོའི་རྒྱུན་སེན་མོ་ལ་སོགས་པས་གཅོད་པ་དང་ས་རིས་འདྲི་བ་དང་ཕུར་བུ་འབྱིན་པ་ལ་སོགས་པ་བྱེད་པར་གྱུར་ན་བདེ་བར་གཤེགས་པས་དེ་དག་བཀག་པའི་ཚུལ་གྱིས་བསླབ་པ་བཅས་པ་རྣམས་དྲན་པར་བྱས་ནས་ལྟུང་བའི་ཉེས་དམིགས་ལ་སྐྲག་པས་དེ་ཡི་མོད་ལ་དོར་བར་བྱའོ། ། (གསུམ་པ་)དོན་ཐམས་ཅད་རིགས་པས་སྒྲུབ་ཚུལ་ནི། གང་གི་ཚེ་ལུས་ཀྱི་བྱ་བ་བསྐྱོད་ཅིང་གཡོ་བར་འདོད་པར་གྱུར་ཏམ། ངག་གི་བྱ་བ་སྨྲ་ཞིང་བརྗོད་པར་འདོད་པར་གྱུར་ན་ཡང་དེ་དག་གི་དང་པོར་རང་གི་སེམས་ལ་ཀུན་སློང་ཉོན་མོངས་པ་ཡོད་མེད་ལེགས་པར་བརྟགས་ནས་སེམས་རབ་ཏུ་བརྟན་པས་མི་འོས་པ་ཉོན་མོངས་པ་ཅན་རྣམས་སྤང་ཞིང༌། འོས་ཤིང་རིགས་པ་དང་ལྡན་པ་དགེ་བའི་བྱ་བ་རྣམས་བསྒྲུབ་པར་བྱའོ། ། (བཞི་པ་)ཉོན་མོངས་ལ་གཉེན་པོ་བསྐྱེད་ཚུལ་ནི། གང་གི་ཚེ་རང་གི་ཡིད་ཡུལ་སྡུག་པ་ལ་ཆགས་ཤིང་ཞེན་པར་གྱུར་པ་དང༌། མི་སྡུག་པ་ལ་ཁྲོ་ཞིང་སྡང་བར་མཐོང་བ་དེ་ཡི་ཚེ་དེ་དག་གིས་ཀུན་ནས་བསླང་བའི་ལུས་ཀྱི་ལས་སུ་བྱ་བ་གང་ཡང་མི་བྱ་ཞིང༌། དེ་དག་གི་གཏམ་ངག་ཏུ་སྨྲ་བར་ཡང་མི་བྱ་སྟེ། ཤིང་བཞིན་དུ་ནི་ཆགས་སྡང་གི་རྣམ་འགྱུར་སྤངས་ནས་བརྟན་པར་གནས་པར་བྱའོ། །ལུས་དང་སེམས་རྒོད་ཅིང་རྣམ་པར་གཡེང་བ་དང༌། ངག་གིས་གཞན་ལ་ཅོ་འདྲི་བའི་ག་ཞར་བཅས་པའམ་གལ་ཏེ་ང་རྒྱལ་གྱི་སེམས་ཁེངས་ཤིང་རིགས་དང་ལང་ཚོ་ལ་སོགས་པས་རྒྱགས་པ་དང་ལྡན་པའམ་ཕ་རོལ་པོའི་སྐྱོན་བརྗོད་པར་འདོད་པ་མཚང་འབྲུ་བ་ཡི་བསམ་པ་དང༌། གལ་ཏེ་གཞན་གྱི་རྗེས་བརྗོད་སྐྱོར་བའི་ཚུལ་གྱིས་སུན་འབྱིན་པའི་གྱ་གྱུ་དང་སྒྱུ་སྣ་ཚོགས་ཀྱིས་གཞན་སླུ་བར་འདོད་པའི་སེམས་སམ་གང་གི་ཚེ་བདག་གི་ཡོན་ཏན་བརྗོད་ཅིང་བསྟོད་པ་ལྷུར་ལེན་པའམ། གཞན་གྱི་ཉེས་པ་གསལ་བར་བརྗོད་པས་སྨོད་པ་ཉིད་དང་ནི་གཞན་ལ་འཕྱ་ཞིང་གཤེ་བ་དང་བཅས་ཤིང་ཞལ་ཆེའི་གྲར་ཤགས་འགྱེད་པ་དང་བཅས་པའི་ཉེས་པ་རྣམས་འབྱུང་བར་གྱུར་པ་མཐོང་བ་དེའི་ཚེ་ཤིང་བཞིན་དུ་དེ་དག་གི་གཉེན་པོ་ལ་བརྟན་པར་གནས་པར་བྱའོ། །ནོར་མང་པོ་རྙེད་པ་དང་གཞན་གྱིས་བཀུར་སྟི་བྱེད་པ་དང་ཚིག་སྙན་པའི་གྲགས་པ་འདོད་པའམ། བྲན་གཡོག་དང་འཁོར་མང་པོ་དོན་དུ་གཉེར་འདོད་པའམ། བདག་གི་སེམས་ལ་རྐང་བ་འཁྲུ་བ་ལ་སོགས་པའི་རིམ་གྲོ་དང་ཞབས་ཐོག་གི་ཁྱད་པར་འདོད་པར་གྱུར་ན་དེའི་ཚེ་ཤིང་བཞིན་དུ་དེ་དག་གི་དབང་དུ་མི་འགྱུར་བར་གནས་པར་བྱའོ། །གཞན་སེམས་ཅན་གྱི་དོན་ཡལ་བར་འདོར་བའི་བསམ་པ་དང༌། རང་གཅིག་པུའི་དོན་གཉེར་བར་འདོད་པའི་བསམ་པ་དང༌། དེ་དག་དང་མཐུན་པར་སྨྲ་བར་འདོད་པའི་སེམས་བྱུང་ནའང་དེས་ནི་རྐྱེན་དེ་དག་གིས་གཡོ་བ་མེད་པར་ཤིང་བཞིན་དུ་གནས་པར་བྱའོ། །གཞན་དོན་གྱི་དཀའ་སྤྱད་ལ་མི་བཟོད་པ་དང༌། དགེ་བ་ལ་མི་སྤྲོ་བ་ལེ་ལོ་དང་སྤྱོད་པ་རླབས་ཆེན་པོ་ལ་འཇིགས་ཤིང་ཞུམ་པ་དང༌། དེ་བཞིན་དུ་མི་ནུས་ཀྱང་རྩོལ་ཕོད་ཀྱིས་འཇུག་པའི་སྤྱི་བརྟཽལ་དང༌། མ་བརྟགས་པར་ཅལ་ཅོལ་དུ་སྨྲ་བའི་མུ་ཅོར་དང༌། རང་གི་ཕྱོགས་སུ་གཏོགས་པའི་གཉེན་བཤེས་ལ་སོགས་པ་རྣམས་ལ་ལྷག་པར་མངོན་པར་ཞེན་པ་དང་བཅས་པའི་སེམས་བྱུང་ན་དེས་ནི་ཤིང་བཞིན་དུ་མི་གཡོ་བར་གཉེན་པོ་ལ་བརྟེན་པར་གནས་པར་བྱའོ། ། (ལྔ་བ་)ཐམས་ཅད་དུ་བརྟགས་ནས་འཇུག་ཚུལ་ནི། སྔར་བསྟན་པ་དེ་ལྟར་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་བ་ཅན་གྱི་བྱ་བ་དང༌། ས་རྐོ་བ་དང་རྩྭ་གཅོད་པ་ལ་སོགས་པ་དོན་མེད་པའི་བྱ་བ་རྩོམ་པའི་ཡིད་ལ་ལེགས་པར་བརྟགས་ནས་བྱ་བ་དེ་དག་ལ་འཇུག་པར་མཐོང་བ་དེའི་ཚེ་མི་མཐུན་ཕྱོགས་འཇོམས་པའི་དཔའ་བོས་གཉེན་པོ་ཤེས་བཞིན་དང་ལྡན་པ་ཡིས་རང་གི་སེམས་དེ་ནི་བརྟན་པོར་བཟུང་སྟེ་མི་འོས་པའི་བྱ་བ་ལ་འཇུག་པ་བཀག་ནས་འོས་ཤིང་རིགས་པའི་བྱ་བ་ལ་འཇུག་པར་བྱའོ། །ཚུལ་བཞིན་ལ་འཇུག་ཚུལ་ལ་གཉིས་ལས། (དང་པཽ་)གཞན་དོན་ལ་སྤྲོ་བས་འཇུག་ཚུལ་ནི། བླང་དོར་གྱི་གནས་ལ་ཐེ་ཚོམ་མེད་པས་ཤིན་ཏུ་ངེས་པ་དང༌། རྟག་ཏུ་དགའ་ཞིང་སྤྲོ་བས་འཇུག་པ་རབ་ཏུ་དང་བ་དང༌། དཀའ་སྤྱད་ལ་སྐྱོ་བ་མེད་པས་བརྟན་པ་དང་མཆོད་པར་འོས་པ་ལ་གུས་པ་དང་བཅས་པ་དང་བཀུར་བར་འོས་པ་ལ་ཞེ་སར་བཅས་པ་དང༌། རང་ལ་ལྟོས་ནས་ཉེས་སྤྱོད་ལ་འཛེམ་པ་ངོ་ཚ་ཤེས་པ་དང༌། གཞན་གྱིས་སྨོད་པའི་འཇིགས་པས་ཉེས་སྤྱོད་ལ་འཛེམ་པ་ཁྲེལ་ཡོད་པ་དང་བཅས་པ་དང༌། དབང་པོའི་སྒོ་བསྡམས་པས་ཞི་ཞིང་དུལ་བ་དང་བསྡུ་བའི་དངོས་པོ་བཞིས་གཞན་དགའ་ཞིང་མགུ་བར་བྱེད་པ་ལ་བརྩོན་པར་བྱའོ། ། (གཉིས་པ་)གཞན་རྐྱེན་གྱིས་སྐྱོ་བ་སྤོང་ཚུལ་ནི། གཅིག་མགུ་ན་གཞན་ཁྲོ་བས་ཕན་ཚུན་མི་མཐུན་པར་གནས་པའི་བྱིས་པ་ཡི་འདོད་པ་སྣ་ཚོགས་བསྒྲུབ་པར་དཀའ་བ་རྣམས་ཀྱིས་ནམ་ཡང་མི་སྐྱོ་བར་བྱ་ཞིང་ཉོན་མོངས་པ་སྐྱེས་པའི་གཞན་དབང་དུ་གྱུར་པས་བྱིས་པ་འདི་དག་གི་འདོད་པ་མི་མཐུན་པའི་སེམས་འདི་བྱུང་ཞིང་རང་དབང་མེད་པའོ་སྙམ་དུ་ལྷག་པར་བརྩེ་བ་དང་ལྡན་པར་བྱ་བ་དང༌། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་མེད་པའི་བྱ་བའི་དངོས་པོ་ལ་བདག་དང་སེམས་ཅན་རྣམས་དབང་སྒྱུར་བར་བྱས་ཤིང་དཔེར་ན་སྤྲུལ་བ་བཞིན་དུ་ང་རྒྱལ་དང་རློམ་སེམས་མེད་པར་རང་གི་ཡིད་འདི་ཤེས་བཞིན་དང་ལྡན་པས་རྟག་ཏུ་བཟུང་བར་བྱའོ། ། (གསུམ་པ་)དལ་བའི་དོན་ལ། དལ་འབྱོར་དཀོན་པ་བསམ་པ། ལུས་ལ་ཆགས་པ་སྤང་བ། དགེ་བའི་ལས་ལ་བཀོལ་བའོ། །དང་པོ་ནི། ངན་སོང་གསུམ་ལ་སོགས་པར་ཡུན་རིང་མོ་ཞིག་ལོན་ནས་མི་ཁོམ་པ་བརྒྱད་སྤངས་པས་དལ་བའི་མཆོག་ཏུ་གྱུར་པ་མའི་ལུས་ཐོབ་པ་འདི་དོན་ཡོད་པར་བྱེད་དགོས་སོ་ཞེས་ཡང་དང་ཡང་དུ་བསམས་ནས་སྔར་བསྟན་པའི་ཤིན་ཏུ་ངེས་པ་དང་རབ་ཏུ་དང་བ་ལ་སོགས་པའི་སེམས་དེ་ལྟ་བུར་དཔེར་ན་རི་རབ་རྐྱེན་ཆུང་འབྲིང་ཆེན་པོ་གང་གིས་ཀྱང་མི་གཡོ་བ་ལྟར་སྡིག་པའི་གྲོགས་པོ་དང་དཀའ་སྤྱད་ཀྱི་སྡུག་བསྔལ་དང་ཉན་རང་གི་ཞི་བདེ་ཐོས་པ་ལ་སོགས་པས་རབ་ཏུ་མི་གཡོ་བར་བརྟན་པར་གཟུང་བར་བྱ་སྟེ། རྒྱན་ལས། ཕྱེ་མ་ལེབ་དང་འདབ་ཆགས་དང༌། །རྒྱ་མཚོ་དག་གིས་རི་རབ་ལྟར། །བརྟན་པ་གྲོགས་ངན་སྡུག་བསྔལ་དང༌། །ཟབ་མོ་ཐོས་པས་མི་གཡོས་སོ། །ཞེས་པ་ལྟར་རོ། ། (གཉིས་པ་)ཆགས་པ་སྤོང་བ་ནི། རྙེད་པར་དཀའ་བ་ཉིད་ཀྱི་ཕྱིར་ལུས་འདི་ལ་ཆགས་ཤིང་སེམས་བརྟན་པར་འཛིན་པ་ལྟར་ལུས་ཀྱང་སྲུང་ངམ་སྙམ་ན་མ་ཡིན་ཏེ། སེམས་དང་བྲལ་བའི་ལུས་འདི་ཉིད་དུར་ཁྲོད་དུ་བསྐྱལ་བ་ན་བྱ་རྒོད་ཤ་ལ་ཆགས་པ་ཡིས་ཕན་ཚུན་ཀུན་ཏུ་བཤལ་ཞིང་ཁྲིད་དེ་ཟོས་ཀྱང་དེའི་ཚེ་ཡིད་ཁྱོད་མི་དགར་མི་བྱེད་པར་འདུག་ན་ད་ལྟའང་ཅིའི་ཕྱིར་ལུས་འདི་ལ་ཆགས་ཤིང་བསྲུང་བའི་དོན་དུ་ཁ་ཏ་བྱེད་དེ་བྱ་བར་མི་རིགས་སོ། །དོན་ལ་འབྲེལ་བ་མེད་ཀྱང་ལུས་འདི་བདག་དང་བདག་གིར་འབྲེལ་བའོ་སྙམ་དུ་གཟུང་བར་བྱས་ནས་ཡིད་ཁྱོད་ཅིའི་ཕྱིར་ཆགས་ཤིང་སྲུང་བར་བྱེད། ཡིད་ཁྱོད་དང་ལུས་འདི་གཉིས་རིག་པ་དང་བེམ་པོ་སོ་སོ་ཐ་དད་པ་ཉིད་ཡིན་ན་ལུས་བེམ་པོ་དེས་ཀོ་ཡིད་ཁྱོད་ལ་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ། །ཐ་དད་ཅིང་དགོས་པ་མེད་ཀྱང་བདག་གིར་འཛིན་ན་བླང་དོར་ལ་རྨོངས་བའི་ཡིད་ཁྱོད་ཅིའི་ཕྱིར་ཤིང་གི་གཟུགས་གཙང་མ་ལ་བདག་གི་ལུས་ཞེས་གཟུང་བར་མི་བྱེད་དེ་བྱེད་པར་རིགས་ཀྱི་ཤ་ཁྲག་ལ་སོགས་པ་མི་གཙང་བ་འདུས་པའི་ཚོགས་ཀྱི་འཁྲུལ་འཁོར་འདི་ནི་རུལ་ཞིང་དྲི་ང་བའི་ཆོས་ཅན་ཡིན་པས་བསྲུངས་ཏེ་བསྐྱངས་ཀྱང་ཅི་ཞིག་རུང་སྟེ་ལོངས་སྤྱོད་ཀྱི་ཁྱད་པར་ཅིར་ཡང་མི་རུང་ངོ༌། །མི་གཙང་ཡང་སྙིང་པོ་ཡོད་པས་སྲུང་ངོ་སྙམ་ན། སྙིང་པོ་ཡོད་མེད་བརྟག་པའི་ཆེད་དུ་ཐོག་མར་ལུས་ཀྱི་པགས་པའི་རིམ་པ་འདི་རང་གི་བློ་མཚོན་ཆ་རྣོན་པོ་དང་འདྲ་བ་ཡིས་ཤ་དང་རུས་པ་ལས་ཐ་དད་དུ་རྣམ་པར་དབྱེ་ཞིང༌། ཤ་ཡང་རུས་པའི་དྲ་བ་རྣམས་ལས་ཤེས་རབ་ཀྱི་མཚོན་གྱིས་གུད་དུ་རྣམ་པར་ཕྱེ་ལ་རུས་པ་རྣམས་ཀྱང་ཚིགས་པ་དང་རྩིབས་མ་ལ་སོགས་པ་སོ་སོར་ཐ་དད་དུ་དབྱེ་བར་བྱས་ནས་ནང་དུ་རྐང་མར་གྱི་བར་དུ་ལེགས་པར་བལྟ་བར་བྱ་ཞིང་ལུས་འདི་ལ་ཕྱི་ནང་གང་དུ་ཡང་མཁས་པས་བསྔགས་པར་འོས་པའི་སྙིང་པོ་ཅི་ཞིག་ཡོད་ཅེས་བདག་ཉིད་ཀྱིས་ནི་སོ་སོར་བརྟག་པར་གྱིས་ཤིག དེ་ལྟར་འབད་པ་ཆེན་པོ་བྱས་ཏེ་ཤེས་རབ་ཀྱིས་བཙལ་ཀྱང་ལུས་དེར་ཁྱོད་ཀྱིས་སྙིང་པོ་འགའ་ཡང་མ་མཐོང་ན། ཡོན་ཏན་མེད་པར་རིག་བཞིན་དུ་ད་དུང་ཅིའི་ཕྱིར་ཆགས་ཤིང་ཞེན་པའི་ཚུལ་གྱིས་ཁྱོད་ནི་ལུས་འདི་སྲུང་ཞིང་སྐྱོང་བར་བྱེད་དེ་བྱ་བར་མི་རིགས་སོ། །སྙིང་པོ་མེད་ཀྱང་ཉེར་མཁོ་ཡོད་པས་སྲུང་ངོ་སྙམ་ན། ཡིད་ཁྱོད་ཀྱི་ལུས་ཀྱི་མི་གཙང་བ་རྣམས་ནི་བཟར་མི་རུང་ཞིང༌། ཁྲག་རྣམས་ཀྱང་བཏུང་དུ་མི་རུང་ལ། རྒྱུ་མ་དང་ལྟོ་བ་ལ་སོགས་པའི་ནང་ཁྲོལ་རྣམས་ཀྱང་གཞིབ་ཅིང་འཇིབ་ཏུ་མི་རུང་ན། ལུས་འདི་ཉིད་ཀྱིས་ཡིད་ཁྱོད་ལ་ཉེར་མཁོའི་ཁྱད་པར་ཅི་ཞིག་རུང་སྟེ། དེའི་ཆེད་དུའང་བསྲུང་བར་མི་རིགས་སོ། །ཅི་སྟེ་སྲུང་བར་ཉེས་ན་སྟེ་རིགས་ནའང་ཝ་དང་བྱ་རྒོད་ལ་སོགས་པ་རྣམས་ཀྱི་ཁ་ཟས་ཀྱི་དོན་དུ་ལུས་འདི་བསྲུང་བར་རིགས་ཀྱི། ཡིད་ཁྱོད་ཀྱིས་ནི་དེ་ལྟ་མ་ཡིན་པས་ཆགས་པས་སྲུང་བར་མི་བྱའོ། ། (གསུམ་པ་)བཀོལ་བ་ལ་གསུམ་ལས། (དང་པོ་)ཐུན་མོང་དུ་བསྟན་པ་ནི། མིའོ་ཅོག་སྟེ་མིར་གྱུར་པ་མཐའ་དག་གི་ལུས་འདི་གསོན་པའི་དུས་སུ་དགེ་བའི་ལས་ལ་བཀོལ་བར་བྱ་བ་ཉིད་དུ་ཟད་ཀྱི་ཆགས་པས་སྲུང་བར་མི་རིགས་ཏེ། འདི་ལྟར་ད་ལྟར་ཁྱོད་ཀྱིས་འབད་པའི་བསྲུངས་ཀྱང་ནི་མཐར་འཆི་བདག་བརྩེ་བ་མེད་པ་ཡིས་དབང་མེད་དུ་ཕྲོགས་ཏེ་བྱ་དང་ཁྱི་དང་ཅེ་སྤྱང་ལ་སོགས་པ་རྣམས་ལ་བྱིན་ན་དེའི་ཚེ་ཁྱོད་ཀྱིས་ཅི་བྱར་ཡོད་དེ་ཅི་ཡང་བྱར་མེད་པའི་ཕྱིར་རོ། ། (གཉིས་པ་)རང་དོན་ལ་བཀོལ་ཚུལ་ནི། དཔེར་ན་བྲན་དང་གཡོག་ལ་སོགས་པ་རྗེ་བོའི་ཉེ་འཁོར་དུ་བཀོལ་དུ་མི་གཏུབ་པ་རྣམས་ལའང་གོས་དང་ཟས་ལ་སོགས་པ་མི་སྦྱིན་པར་བྱེད་ན། དེ་བཞིན་དུ་ལུས་འདི་ལ་བཟའ་བ་དང་བཏུང་བ་ལ་སོགས་པ་བསྙོད་དེ་གསོས་ཀྱང་མཐར་ངེས་པར་འབྲལ་ཞིང་གཞན་དུ་འགྲོ་བས་རང་ལ་མི་ཕན་ན་ཡིད་ཁྱོད་ཀོ་ཅི་སྟེ་ཡོ་བྱད་ཚོལ་བས་ཤ་ཐང་ཆད་ཆད་དུ་གསོ་བར་བྱེད་དེ་སྲུང་ཞིང་གསོ་བའི་འབད་པ་མི་རིགས་སོ། །དེས་ན་གླ་བྱིན་ནས་ལས་འཆོལ་བ་བཞིན་དུ་ལུས་འདི་ལ་དགེ་བའི་ལས་བཅོལ་བའི་གླ་རྔན་ཙམ་དུ་ཟས་དང་གོས་ལ་སོགས་པ་འཚོ་བ་བྱིན་ནས་ནི་ད་ནི་རང་གི་སེམས་ལ་ཕན་པའི་དོན་བྱེད་དུ་ཆུག་ཅིག རང་ལ་གཏན་དུ་ཕན་པའི་དོན་བྱེད་པ་མེད་པར་ལུས་འདི་ལ་ནི་ཟས་དང་གོས་ལ་སོགས་པ་ཐམས་ཅད་སྦྱིན་ཞིང་བསྲུང་བར་མི་བྱའོ། ། (གསུམ་པ་)གཞན་དོན་དུ་བཀོལ་ཚུལ་ནི། དཔེར་ན་ཆུ་བོ་ཆེན་པོ་ལ་ཕན་ཚུན་འགྲོ་བ་དང་འོང་བའི་རྟེན་ཙམ་དུ་གྲུ་འཆོས་ཤིང་འཛིན་པ་ལྟར་བླང་དོར་གྱི་དོན་ལ་འཇུག་པའི་ཆེད་དུ་རང་གི་ལུས་འདི་ལ་ཡང་གྲུ་བཟང་པོ་དང་འདྲ་བ་ཡི་བློ་ཉེ་བར་བཞག་སྟེ་སེམས་ཅན་རྣམས་ལ་ཕན་པའི་དོན་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་འཚོ་བ་ཙམ་བྱིན་ནས་ཡིད་ལ་ཇི་ལྟར་འདོད་པ་བཞིན་གྱི་ལས་སྒྲུབ་པ་ཉིད་ཀྱི་ནི་ལུས་སུ་བསྒྱུར་ལ་གཞན་དོན་ལ་བརྩོན་པར་གྱིས་ཤིག་ཅེས་པའོ། ། (གསུམ་པ་)སྤྱོད་ལམ་སྦྱང་པ་ལ། སྤྱོད་ལམ་རྒྱས་པར་བཤད་པ། བསྡུས་ཏེ་སེམས་ཉིད་སྦྱང་ཚུལ། ལྟུང་བའི་གཉེན་པོ་བསྟེན་ཚུལ་ལོ། །དང་པོ་ལ་བཅུ་གཉིས་ལས། (དང་པོ་)ཞི་ཞིང་དུལ་བར་སྤྱད་ཚུལ་ནི། སྔར་བརྗོད་པ་དེ་ལྟར་ལུས་དང་ངག་ལ་སེམས་ཀྱིས་རང་དབང་ཡོད་པར་གྱིས་ལ་དུས་རྟག་ཏུ་ལུས་ཀྱི་སྤྱོད་ལམ་འཛུམ་པ་དང་ལྡན་པའི་སྒོ་ནས་བཞིན་གྱི་མདངས་གསལ་བ་ཉིད་དུ་གྱིས་ཤིག སྨིན་མ་དཔྲལ་བར་བསྡུས་པའི་ཁྲོ་གཉེར་དང་བཅས་པའི་ངོ་ཟུམ་ནག་པ་ཡོངས་སུ་ཐོང་སྟེ་སྤོངས་ལ། ངག་གི་སྤྱོད་ལམ་གང་ལ་ཕན་གདགས་པར་བྱ་བའི་འགྲོ་བའི་མཛའ་བཤེས་རྣམས་དང་སྒྱུ་མེད་པར་ཕེབས་པར་སྨྲ་བའི་སྒོ་ནས་གསོང་པོར་བརྗོད་པར་གྱིས་ཤིག ཁྲི་དང༌། ཁྲིའུ་དང༌། མལ་སྟན་ལ་སོགས་པ་སྡུད་པ་ན་ཡང༌། མ་བརྟགས་པར་བབ་ཅོལ་དུ་སྒྲ་དྲག་པོ་དང་བཅས་པར་མི་དོར་རོ། །སྒོ་འབྱེད་པ་ན་ཡང་བཙན་ཐབས་ཀྱིས་དྲག་ཏུ་མི་དབྱེ་སྟེ། མདོར་ན་དུས་རྟག་ཏུ་དྲག་བརྡལ་དང༌། བཅོམ་སྐྱུངས་ཏེ་སེམས་ཅན་རྣམས་ལ་དགའ་ཞིང་མགུ་བར་བྱའོ། །འཇིག་རྟེན་ན་ཆུ་སྐྱར་དང༌། བྱི་ལ་དང༌། ཆོམ་རྐུན་ལ་སོགས་པ་མ་ཞི་བ་རྣམས་ཀྱང་རེ་ཞིག་སྒྲ་མེད་པ་ཉིད་དུ་མ་ཚོར་བར་འཇབ་ཅིང་འགྲོ་བ་ཡིས་རང་རང་གིས་མངོན་པར་འདོད་པའི་དོན་སྒྲུབ་པ་ལྟར་དཀའ་ཐུབ་པ་སྡོམ་བརྩོན་བརྟུལ་ཞུགས་ཅན་རྣམས་ཀྱིས་ཀྱང་དུས་རྟག་ཏུ་དེ་བཞིན་དུ་དྲག་བརྡལ་གྱི་རྣམ་འགྱུར་སྤོངས་ནས་ཞི་ཞིང་དུལ་བས་སྤྱད་པར་བྱ་སྟེ། ཟླ་བ་སྒྲོན་མར། ཟླ་རྒྱས་བཞིན་འཛུམ་དུལ་བ་དང༌། །རྒན་རབས་དང་ནི་གསར་བུ་ལ། །རྟག་ཏུ་གསོང་པོར་སྨྲ་བ་དང༌། །དེས་ཤིང་ང་རྒྱལ་མེད་པར་བྱ། ཞེས་པ་ལྟར་རོ། ། (གཉིས་པ་)གདམས་ངག་མཐུན་པར་བཟུང་བ་ནི། ཉེས་པ་འཆོས་པ་དང་ལེགས་པ་སློབ་པའི་སྒོ་ནས་གཞན་ལ་གཞེན་བསྐུལ་ལམ་གྲོས་འདེབས་པ་ལ་མཁས་ཤིང༌། རང་གིས་ཆེད་དུ་གཉེར་ནས་མ་བཅོལ་ཡང་འདི་དག་ནི་འཕྲལ་དང་ཡུན་དུ་ཕན་པར་བྱེད་པའོ་ཞེས་གདམས་པ་རྗེས་སུ་བསྟན་པ་སྨྲ་བའི་ངག་རྣམས་ནི་དད་ཅིང་གུས་པས་སྤྱི་བོར་བླང་བར་གྱིས་ཏེ་དུས་རྟག་ཏུ་ཕན་པར་སྨྲ་བ་ཀུན་གྱི་བཀའ་བཞིན་དུ་སྒྲུབ་པའི་སློབ་མར་བསྒྱུར་ཞིང༌། ཀུན་ནས་ཉོན་མོངས་ཀྱི་གཉེན་པོར་གྱུར་པའི་ཆོས་ལེགས་པར་སྨྲས་པ་ཐམས་ཅད་ལ་གཞན་མགུ་བར་བྱ་བའི་ཆེད་དུ་དགེ་བར་གསུངས་སོ་ཞེས་ཀྱང་བརྗོད་པར་བྱའོ། ། (གསུམ་པ་)གཞན་དག་དགའ་བ་བསྐྱེད་ཚུལ་ནི། ཕ་རོལ་བསོད་ནམས་ཀྱི་ལས་བྱེད་པ་མཐོང་བར་གྱུར་ན་འོས་ཤིང་རིགས་པ་བྱས་སོ་ཞེས་མངོན་སུམ་དུ་བསྟོད་པས་ལེགས་པར་དགའ་བ་དང་སྤྲོ་བ་བསྐྱེད་ལ། ལྐོག་ནའང་དེའི་ཡོན་ཏན་བརྗོད་པས་བསྟོད་པར་བྱ་ཞིང༌། གཞན་དག་དེའི་ཡོན་ཏན་བརྗོད་ཅིང་འདུག་ནའང་འགལ་བ་མི་སྨྲ་བར་རྗེས་སུ་མཐུན་པར་བརྗོད་དེ། འགའ་ཞིག་རང་གི་ཡོན་ཏན་བརྗོད་པ་མཐོང་ན་རྗོད་པ་པོ་དེ་ཡོན་ཏན་གྱི་ཁྱད་པར་ཤེས་ཤིང་ཡོན་ཏན་ལ་རྗེས་སུ་ཆགས་པར་རིགས་པའི་སྒོ་ནས་དགའ་བ་བསྐྱེད་པར་བྱའོ། །སྤྱིར་ཡང་རང་བཞིན་གྱི་བྱ་བ་རྩོམ་པ་ཐམས་ཅད་སྡུག་བསྔལ་དང་བྲལ་བའི་དགའ་བ་ཐོབ་པའི་ཕྱིར་ཡིན་ཏེ་དེ་ལྟ་བུའི་དགའ་བ་དེ་ནི་རིན་ཆེན་པོ་ཉིད་ཀྱིས་ཉོ་ནའང་ཤིན་ཏུ་དཀོན་པ་དེ་ལྟ་བས་ན་གཞན་གྱིས་འབད་པས་བྱས་པའི་ཡོན་ཏན་ལ་ཕྲག་དོག་མེད་པ་ཉིད་ཀྱིས་རང་ཉིད་དགའ་བའི་བདེ་བ་ལ་ལོངས་སྤྱད་པར་བྱ་སྟེ། གཞན་གྱིས་ཡོན་ཏན་བརྗོད་ཅིང་དགའ་བར་བྱས་པས་བདག་ལ་ཚེ་འདིར་གོད་ཅུང་ཟད་ཀྱང་ཡོང་ཡེ་མེད་ལ་འཇིག་རྟེན་ཕ་རོལ་ཏུ་ཡང༌། དེའི་འབྲས་བུ་བདེ་བ་ཆེན་པོ་འཐོབ་ཅིང་གཞན་གྱི་ཡོན་ཏན་ལ་མི་བཟོད་པར་སྡང་བའི་ཉེས་པས་འདིར་ཡང་ཡིད་མི་དགའ་བས་སྡུག་བསྔལ་ཞིང་འཇིག་རྟེན་ཕ་རོལ་ཏུ་ཡང་སྡུག་བསྔལ་ཆེན་པོ་འབྱུང་བའི་ཕྱིར་རོ། ། (བཞི་པ་)སྨྲ་ཞིང་ལྟ་བའི་སྤྱོད་ལམ་ནི། ཤེས་བཞིན་དང་ལྡན་པས་སྨྲ་ནའང་ཕན་ཚུན་ཡིད་ཕེབས་ཤིང་ཡིད་ཆེས་སུ་རུང་བའི་ཚིག་སྔ་ཕྱི་མི་འགལ་བར་འབྲེལ་ཆགས་པ་དང་ཐེ་ཚོམ་མི་སྐྱེད་པས་དོན་གསལ་ཞིང་བློ་དང་མཐུན་པས་ཡིད་དུ་འོང་བ་དང་ཀུན་སློང་འདོད་ཆགས་དང་ཞེ་སྡང་སྤངས་ཏེ་སྙིང་རྗེའི་རྒྱུ་མཐུན་པ་ལས་བྱུང་བ་དང༌། ཚིག་རྩུབ་སྤངས་བས་འཇམ་ཞིང་མཉེན་པ་དང༌། ཚིག་མང་ཉུང་དང་སྒྲ་དྲག་ཞན་རན་པར་སྨྲ་བར་བྱ་སྟེ། འཇིག་རྟེན་ཡིད་དུ་འོང་བའི་གཏམ། རིགས་པས་དུས་སུ་སྨྲ་བར་བྱ། །སྣ་ཚོགས་གཡེང་བར་འགྱུར་བའི་ཚིག །འཇིགས་པས་ནམ་ཡང་སྨྲ་མི་བྱ། །ཞེས་པ་ལྟར་རོ། །མིག་གིས་སྣང་ཡུལ་དུ་གྱུར་བའི་སེམས་ཅན་རྣམས་ལ་ལྟ་བ་ན་ཡང་སེམས་ཅན་འདི་དག་ལ་ཕན་བཏགས་ཤིང་ཚོགས་བསགས་པ་ཉིད་ལ་བརྟེན་ནས་བདག་འབྲས་བུ་སངས་རྒྱས་ཉིད་དུ་་་་་་ འགྱུར་རོ་ཞེས་གཡོ་མེད་ཅྀང་འཁྱོག་པོ་མ་ཡིན་པས་དྲང་ཞིང་ཀུན་སློང་བྱམས་པ་དང་ལྡན་པའི་ཚུལ་གྱིས་དུག་གསུམ་གྱི་བསམ་པ་སྤངས་ཏེ་བལྟ་བར་བྱའོ། ། (ལྔ་པ་)དགེ་བ་ཆེན་པོ་སྤྱད་ཚུལ་ནི། དུས་ཀྱི་ཁྱད་པར་རྟག་པར་རྒྱུན་མི་འཆད་པར་བྱེད་པ་དང༌། བསམ་པའི་ཁྱད་པར་འདུན་པ་དང༌། མངོན་ཞེན་དྲག་པོ་ཉིད་ཀྱིས་ཀུན་ནས་བསླང་བའམ་གཉེན་པོའི་ཁྱད་པར་མ་ཆགས་པ་དང༌། སྟོང་ཉིད་བསྒོམ་པ་ལ་སོགས་པ་སྟོབས་ཆེན་པོ་ཡིས་ནི་བསླབ་པ་ཉིད་དང༌། ཞིང་གི་ཁྱད་པར་སངས་རྒྱས་ལ་སོགས་པ་ཡོན་ཏན་ཅན་རྣམས་དང་ནི་ཕ་མ་ལ་སོགས་པ་ཕན་འདོགས་པའི་ཞིང་དང༌། ནད་པ་ལ་སོགས་པ་སྡུག་བསྔལ་ཅན་རྣམས་ལ་དམིགས་ནས་སྦྱིན་པ་ལ་སོགས་པའི་དགེ་བ་བསགས་པ་ནི་ཉུང་ངུ་ཞིག་ཀྱང་འབྲས་བུ་ཆེན་པོ་གཞལ་དུ་མེད་པར་འགྱུར་ཞིང༌། མི་དགེ་བ་ལ་ཡང་དེ་དང་ཚུལ་མཚུངས་བས། དགེ་བ་སྟོབས་ཆེན་ལ་འབད་པར་བྱ་སྟེ། བཤེས་སྤྲིང་དུ། རྟག་དང་མངོན་པར་ཞེན་དང་གཉེན་པོ་དང༌། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་ལས་དགེ་བ་སྤྱོད་ལ་བརྩོན་པར་བགྱི། །ཞེས་པ་ལྟར་རོ། ། (དྲུག་པ་)ལས་རྣམས་རང་གི་སྒྲུབ་ཚུལ་ནི། དེ་ལྟར་དགེ་བ་སྟོབས་ཆེན་པོའི་ཁྱད་པར་ལ་མཁས་ཤིང་དགའ་བ་དང་བཅས་པས་ལྡང་བ་ཡང་བའི་བརྩོན་འགྲུས་དང་ལྡན་པར་བྱས་ནས་རང་གཞན་ལ་ཕན་པའི་ལས་རྣམས་ཐམས་ཅད་དུས་རྟག་ཏུ་བདག་གིས་བསྒྲུབ་པར་བྱའི། དགེ་བའི་ལས་རྣམས་ཀུན་ལ་བསྐུལ་བ་པོའི་སློབ་དཔོན་དང་བྱེད་པ་པོའི་སློབ་མ་ལ་སོགས་པ་སུ་ལ་ཡང་ལྟོས་པར་བྱ་བ་ནི་མ་ཡིན་ནོ།