སྤྱོད་འཇུག་ས་འགྲེལ།

། (གཉིས་པ་)ཚུལ་ཁྲིམས་སེམས་གཙོ་བས་འགྲུབ་ཚུལ་ནི། ཡང་འགའ་ཞིག་སེམས་ཅན་ཐམས་ཅད་ལ་གསོད་པ་ལ་སོགས་པའི་གནོད་པ་མེད་པར་གྱུར་པས་ཚུལ་ཁྲིམས་རྫོགས་པར་འདོད་པ་ཡིན་ན། སྔོན་གྱི་སངས་རྒྱས་རྣམས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་པར་འགྱུར་ཏེ། ཉ་དང་རི་དྭགས་ལ་སོགས་པའི་སེམས་ཅན་རྣམས་ཡུལ་གང་ཞིག་ཏུ་དེ་དག་གཏད་ནས་གསོད་པར་མི་འགྱུར་བར་བསྐྲད་པར་མི་ནུས་ཤིང་ད་དུང་གནོད་འཚེ་ཅན་མང་དུ་སྣང་བའི་ཕྱིར་རོ། །དེས་ན་གཞན་ལ་གནོད་པ་ཡོད་ཀྱང་རང་གིས་སེམས་ཅན་ཐམས་ཅད་ལ་གནོད་པ་གཞི་དང་བཅས་པ་སྤོང་བའི་སེམས་ནི་རྣམ་པར་དག་པ་ཐོབ་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བཤད་དེ། སྔ་མ་ལས། བྱམས་པ་སེམས་ཀུན་ཏུ་བསྟེན་པ་དང་གོམས་པར་བྱེད་པ་དང་ལན་མང་དུ་ཡིད་ལ་བྱེད་ན་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། གཞན་ལ་འཚེ་བ་སྤོང་བའི་སེམས་པའོ་ཞེས་པས་སོ། །དེས་ན་ཚུལ་ཁྲིམས་ཀྱང་སེམས་ལས་སུ་རུང་བར་བྱས་པ་ལས་འགྲུབ་བོ། ། (གསུམ་པ་)བཟོད་པ་སེམས་གཙོ་བས་འགྲུབ་ཚུལ་ནི། ཡང་གལ་དེ་དགྲ་ཐམས་ཅད་བཏུལ་ནས་གནོད་བྱེད་མེད་པར་གྱུར་བས་བཟོད་པ་རྫོགས་པར་འདོད་ན་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་པར་འགྱུར་ཏེ། སེམས་ཅན་མི་སྲུན་ཅིང་མ་རུངས་པ་ནམ་མཁའ་ཡི་ཁམས་བཞིན་དུ་མཐའ་ཡས་པ་དེ་དག་ཐམས་ཅད་གཞོམ་གྱིས་ཡོང་ཡེ་མི་ལོང་བས་ད་དུང་གནོད་བྱེད་དུ་མ་སྣང་བའི་ཕྱིར་རོ། །དེས་ན་དགྲ་ཡོད་ཀྱང་རང་གི་ཁོང་ཁྲོ་བའི་སེམས་འདི་ནི་གཅིག་པུ་བཅོམ་ཞིང་བཏུལ་ན་ཕྱི་རོལ་གྱི་དགྲ་དེ་ཐམས་ཅད་ཆོམས་པ་དང་འདྲ་བར་འགྱུར་ཏེ། མདོ་ལས། ཁྲོ་བ་ཐུལ་ན་དགྲ་ཞི་བར་འགྱུར་གྱི་གཞན་དུ་དགྲ་འཕེལ་ལོ་ཞེས་པ་ལྟར་རོ། །དཔེར་ན་ཚེར་མ་ལ་སོགས་པའི་གནོད་པ་བསྲུང་བའི་དོན་དུ་སའི་སྟེང་འདི་མཐའ་དག་ཀོ་བ་འཇམ་པོས་གཡོག་ཏུ་དེ་སྙེད་ཀྱི་ཀོ་བས་ག་ལ་ལང་སྟེ་མི་ལང་ལ། ལྷམ་མཐིལ་ཙམ་གྱི་ཀོ་བས་ནི་རང་རང་གི་རྐང་བ་གཡོགས་ན་ས་སྟེང་ཐམས་ཅད་གཡོགས་པ་དང་འདྲ་བའི་དོན་གྲུབ་པ་དེ་བཞིན་དུ་ཕྱི་རོལ་གྱི་དངོས་པོ་མི་སྡུག་པར་སྣང་བ་མ་ལུས་པ་ཡང་བདག་གིས་ཕྱིར་ཟློག་ཅིང་མེད་པར་བྱ་བ་མི་ལང་གིས། བདག་གིས་སེམས་འདི་ཁོང་ཁྲོ་ཞེ་སྡང་ལས་ཕྱིར་བཟློག་ནས་བྱམས་པ་ལ་གནས་པར་བྱའི་ཕྱི་རོལ་གྱི་གནོད་བྱེད་གཞན་རྣམས་བཟློག་གོ་ཅི་ཞིག་དགོས་དེ་མ་བཟློག་ཀྱང་སེམས་ཞི་བས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། མདོ་ལས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། སེམས་ཀུན་ནས་མནར་སེམས་པ་དང་བྲལ་བའོ་ཞེས་པ་ལྟར་རོ། ། (བཞི་པ་)བརྩོན་འགྲུས་སེམས་གཙོ་བས་འགྲུབ་ཚུལ་ནི། དཔེར་ན་མྱ་ངན་ལས་འདས་པའི་མདོར། བུད་མེད་གཅིག་གི་བུ་ཆུས་ཁྱེར་བ་ལ་བྱམས་པའི་སེམས་གསལ་བོ་གཅིག་བསྐྱེད་ནས་གདོན་པའི་ཕྱིར་སྤྲོ་བས་ཞུགས་པ་ལས་ཤི་འཕོས་པ་དང་དེའི་འབྲས་བུ་ཡང༌། གང་ཚངས་བའི་འཇིག་རྟེན་དུ་སྐྱེས་བར་གསུངས་པ་ལ་སོགས་པ་ཡིན་པ་ལྟར་སེམས་མི་གསལ་ན་ལུས་ངག་དང་བཅས་པའི་འབད་རྩོལ་ཆེན་པོས་ཞུགས་པའི་འབྲས་བུ་ཡང་སེམས་ཀྱི་ཀུན་ཏུ་སྤྱོད་པའམ་འཇུག་པ་ཞེན་པས་སེམས་གསལ་བ་དེ་ལྟ་བུར་ཐོབ་པ་མིན་པའི་ཕྱིར་བརྩོན་འགྲུས་ཀྱང་དགེ་བ་ལ་སྤྲོ་བའི་སེམས་གསལ་བ་ལས་འགྲུབ་པ་ཉིད་དོ། ། (ལྔ་པ་)བསམ་གཏན་སེམས་གཙོ་བས་འགྲུབ་ཚུལ་ནི། ངག་གིས་སྔགས་དང་རིག་པ་སྐྱོང་{སྐྱོར་}བ་ལ་སོགས་པའི་བཟླས་བརྗོད་དང་ནི་ལུས་ཀྱི་སྨྱུང་གནས་དང་དབང་པོའི་སྒོ་སྡོམས་པ་ལ་སོགས་པའི་དཀའ་ཐུབ་ཀུན་ཡུན་རིང་པོའི་དུས་སུ་གོམས་ཤིང་སྤྱད་པར་བྱས་ཀྱང༌། གཉིད་དང་རྨུགས་པ་ལ་སོགས་པས་སེམས་ཀྱི་འཇུག་པ་ཞན་ཞིང་མི་གསལ་བའམ་དམིགས་པ་ལས་སེམས་གཞན་དུ་རྣམ་པར་གཡེངས་པས་བྱས་པ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རིག་པ་དེ་བཞིན་གཤེགས་པས་འདོད་པའི་དོན་གྲུབ་པ་མེད་པར་གསུངས་ཏེ། ཡུམ་ལས། སེམས་གཡེངས་བས་ནི་བདག་གི་དོན་ཡང་འགྲུབ་པར་མི་འགྱུར་ན་གཞན་གྱི་དོན་ལྟ་ཅི་སྨོས། དེའི་ཕྱིར་སེམས་གཡེང་བའི་གོ་སྐབས་ནི་འགའ་ཙམ་ཡང་དབྱེ་བར་མི་བྱའོ་ཞེས་པ་ལ་སོགས་པའོ། །དེས་ན་བསམ་གཏན་ཡང་སེམས་རྩེ་གཅིག་ཏུ་གནས་པ་ཉིད་ལས་འགྲུབ་བོ། ། (དྲུག་པ་)ཤེས་རབ་སེམས་གཙོ་བས་འགྲུབ་ཚུལ་ནི། གང་ཟག་གང་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གཙོ་བོའམ་དོན་པོ་མཆོག་ཏུ་གྱུར་པ། ཡུམ་ལས། སེམས་ལ་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་པ་ལྟར་སེམས་ཀྱི་གསང་བ་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་འདི་མ་ཤེས་ཤིང་ཡང་དག་པའི་ལྟ་བ་དང་མི་ལྡན་ན་ཐར་བའི་བདེ་བ་ཐོབ་པར་འདོད་ཅིང་འཁོར་བའི་སྡུག་བསྔལ་གཞོམ་པར་འདོད་པའི་བླང་དོར་གྱི་བློ་ཡོད་ཅིང་སྤྱོད་པ་ལ་འབད་ཀྱང༌། ཕྱི་རོལ་བ་ལ་སོགས་པའི་རྨོངས་པ་དེ་དག་མེ་ལྔ་བསྟེན་པ་ལ་སོགས་པའི་དཀའ་སྤྱད་དོན་མེད་ཅིང་གྱི་ན་ཉིད་དུ་ཀ་ཤིའི་མེ་ཏོག་ནམ་མཁའ་ལ་རླུང་གིས་དེད་པ་བཞིན་འཁོར་བར་འཁྱམ་ཞིང༌། ཆོས་ཐམས་ཅད་ཀྱི་གནས་ལུགས་ཤེས་པ་ལས་ཐར་བ་མཐར་ཐུག་ཐོབ་པའི་ཕྱིར། ཤེས་རབ་ཀྱང་སེམས་ཀྱིས་སེམས་ཀྱི་ཆོས་ཉིད་ཤེས་པ་ལས་འགྲུབ་པ་ཉིད་དོ། །དེ་བས་ན་སྡོང་པོ་བཀོད་པར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་རྟེན་ཏོ། །སེམས་ཅན་སྨིན་པར་བྱ་བ་དང་འདུལ་བ་ཐམས་ཅད་ཀྱང་རང་གི་སེམས་ལ་རྟེན་ཏོ། །ཞེས་པ་ལྟར་དགེ་བ་ཐམས་ཅད་ཀྱང་སེམས་བསྲུངས་པ་ལས་འགྲུབ་བོ། ། ༣ དེ་བསྲུང་བར་གདམ་པ། (གསུམ་པ་)བསྲུང་བར་གདམས་པ་ནི། ཆོས་ཐམས་ཅད་སེམས་ལ་རག་ལས་པ་དེ་ལྟ་བས་ན་བདག་གི་སེམས་འདི་ནི་དྲན་པས་ལེགས་པར་གཟུང་ཞིང་ཤེས་བཞིན་གྱིས་ལེགས་པར་བསྲུང་བར་བྱ་སྟེ། བསླབ་བྱ་ཐམས་ཅད་འདིའི་ནང་དུ་འདུས་པས་སེམས་བསྲུང་བ་ཉིད་བརྟུལ་ཞུགས་ཀྱི་མཆོག་ཡིན་གྱི་དེ་མ་གཏོགས་པ་ངལ་བས་འབྲས་བུ་མེད་པའི་བརྟུལ་ཞུགས་མང་པོས་ཅི་ཞིག་བྱ་སྟེ་དགོས་པ་མེད་པས་སེམས་འདུལ་བ་ལ་འབད་པར་བྱའོ། །བཤེས་སྤྲིང་དུའང༌། བསྙེངས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ཡིན་པར་གསུངས། །ཞེས་པ་ལྟར་རོ། ། ༤ ཚུལ་ཇི་ལྟར་བསྲུང་བ། (བཞི་པ་)ཇི་ལྟར་བསྲུང་བ་ལ་གཉིས་ལས། (དང་པོ་)དོན་དངོས་ནི། དཔེར་ན་རྨ་དང་ལྡན་པའི་མི་འགའ་ཞིག སྐྱེས་བུ་དམ་པས་མ་དྲངས་ཤིང་སྤྱོད་པ་ལེགས་པར་མ་བསྡམས་པར་གྲོལ་བའི་དམུ་རྒོད་མང་པོའི་ཁྲོད་དུ་གནས་ན། རང་གིས་འབད་པས་བསྒྲིམས་ཏེ་རྨ་ཉམས་སུ་དོགས་ནས་སྲུང་བ་ཡི་ཕྱིར་བག་ཡོད་པར་བྱེད་པ་དེ་བཞིན་དུ་གང་ལ་བརྟེན་ནས་ཉོན་མོངས་སྐྱེ་བའི་གནས་སྐྱེ་བོ་ངན་པ་མི་རིགས་པ་སྣ་ཚོགས་པ་བྱེད་པའི་ཁྲོད་ན་གནས་ཤིང་བསླབ་པ་བསྲུང་བར་འདོད་པས་ཀྱང༌། ཉམས་ན་སྡུག་བསྔལ་ཆེན་པོ་སྐྱེད་པའི་སེམས་ཀྱི་རྨ་འདི་དུས་རྟག་ཏུ་བསྲུང་བ་ལ་བག་ཡོད་པར་བྱ་སྟེ། ཐ་མལ་པའི་རྨ་ཉམས་པ་ཡི་སྡུག་བསྔལ་ཆུང་ངུ་ཡིས། ཚེ་འདི་ཙམ་ལ་གནོད་པས་སྐྲག་པ་ཡང་རྨ་སྲུང་བ་ཡི་ཆེད་དུ་བག་ཡོད་པར་བྱེད་ན་ཕྱི་མ་ལ་དམྱལ་བར་བསྡུས་འཇོམས་ཀྱི་རིས་འཇོམས་པ་ལ་སོགས་པའི་སྡུག་བསྔལ་ཆེན་པོས་སྐྲག་པ་ཡིས་ད་ལྟ་རང་གི་སེམས་ཀྱི་རྨ་ལྟར་དྲན་པ་དང་ཤེས་བཞིན་གྱིས་ཅིས་མི་བསྲུངས་ཏེ་ཅིས་ཀྱང་བསྲུང་བར་རིགས་པའི་ཕྱིར་རོ། ། (གཉིས་པ་)ཕན་ཡོན་ནི། རང་གི་སེམས་སྲུང་བའི་སྤྱོད་པ་འདི་འདྲས་རྒྱུན་དུ་གནས་པར་བྱེད་ན་ཞེ་སྡང་སྐྱེ་བའི་ཡུལ་སྐྱེ་བོ་ངན་པ་གདུག་པ་ཅན་མང་པོའི་ཁྲོད་ན་གནས་སམ། ཆགས་པ་སྐྱེ་བའི་ཡུལ་ཁང་བཟངས་ཀྱི་ནང་དུ་བུད་མེད་མཛེས་མའི་ཁྲོད་ན་གནས་ཀྱང་རུང་བྱང་ཆུབ་སེམས་དཔའི་སྡོམ་པ་སྲུང་བ་ལ་བརྩོན་པ་ཅན་གྱི་བརྟན་པ་བསླབ་བྱ་ལ་བག་ཡོད་པ་ལས་ཉམས་པར་མི་འགྱུར་ཏེ། ནམ་ཡང་འཁྲུལ་བ་མེད་པའི་ཕྱིར་རོ། ། ༣༽དོན་བསྡུ། (གསུམ་པ་)དོན་བསྡུ་ནི། བདག་གི་རྙེད་པ་ཡོན་འབུལ་བ་ལ་སོགས་བ་དང་བཀུར་སྟི་གདན་སྟོབ་པ་ལ་སོགས་པ་དང༌། ལུས་སྲོག་གི་རྟེན་དུ་གྱུར་བ་དང་འཚོ་བའི་ཡོ་བྱད་ཟས་དང་གོས་ལ་སོགས་པ་རྣམས་མེད་པར་གྱུར་ཀྱང་བླ་ཞིང༌། དགེ་བ་གཞན་ལུས་ངག་དགེ་བའམ་བཟང་པོ་གཞན་ཡང་ཉམས་པར་གྱུར་ཀྱང་བླ་ཡི་བསླབ་པ་བསྲུང་བའི་ཆེད་དུ་རང་གི་སེམས་བསྲུང་བའི་བརྟུལ་ཞུགས་འདི་ནི་དུས་ནམ་དུ་ཡང་ཉམས་པར་མི་བྱའོ། ། (༢) སེམས་སྲུང་བའི་ཐབས་སུ་དྲན་ཤེས་བསྲུང་བ། (གཉིས་པ་)སེམས་བསྲུང་བའི་ཐབས་སུ་དྲན་ཤེས་བཞིན་བསྲུང་བ་ལ། བསྲུང་བར་གདམས་པ། ཉམས་པའི་ཉེས་དམིགས། ཇི་ལྟར་སྲུང་ཚུལ་ལོ། ། ༡ བསྲུང་བར་གདམས་པ། དང་པོ་ནི། དེ་ལྟར་སེམས་བསྲུང་བར་འདོད་པ་རྣམས་ལ་ནི་གནང་བཀག་གི་ཁྱད་པར་མི་བརྗེད་པའི་དྲན་པ་དང་ནི་སྒོ་གསུམ་གྱི་གནས་སྐབས་ལ་ལེགས་པར་བརྟགས་ནས་འཇུགས་པའི་ཤེས་བཞིན་དག་ཀུན་ཏུ་འབད་པས་སྲོག་ལ་བབས་ཀྱང་སྲུངས་ཤིག་ཅེས་བདག་ནི་དེ་སྐད་ཐལ་མོ་སྦྱོར་ཞིང་གུས་བས་འདོམས་པར་བྱེད་པའོ། ། ༢ ཉམས་པའི་ཉེས་དམིགས། (གཉིས་པ་)ཉེས་དམིགས་ལ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། ། (དང་པོ་)བསྟན་པ་ནི། དཔེར་ན་ནད་ཀྱིས་ཁམས་དཀྲུག་པའི་མི་དག་གི་འགྲོ་འོང་ལ་སོགས་པའི་རྣམས་ཀུན་ལ་མཐུ་མེད་པ་དེ་བཞིན་དུ་དྲན་པ་དང་ཤེས་བཞིན་མེད་པའི་རྨོངས་བས་རང་གི་སེམས་མ་བསྲུངས་པར་དཀྲུཊ་ན་བསམ་གཏན་དང་ཁ་ཏོན་ལ་སོགས་པ་དགེ་བའི་ལས་རྣམས་ཀུན་ལ་ཇི་ལྟར་འདོད་པ་བཞིན་དུ་བྱེད་པའི་མཐུ་དང་ནུས་པ་མེད་པ་ཉིད་དོ། ། (གཉིས་པ་) བཤད་པ་ལ། ཤེས་བཞིན་ཉམས་པའི་ཉེས་པ་དང༌། དྲན་པ་ཉམས་པའི་ཉེས་དམིགས་སོ། །དང་པོ་ལ་གཉིས་ལས། (དང་པོ་)ཤེས་རབ་གསུམ་ལས་ཉམས་ཚུལ་ནི། ལེགས་པར་བརྟགས་ནས་ཤེས་བཞིན་གྱིས་ཟིན་པ་མེད་པའི་སེམས་དང་ལྡན་པའི་སྐྱེས་བུ་གང་ལ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས། བྱུང་བའི་ཤེས་རབ་རྣམས་ལན་ཅིག་སྐྱེས་སུ་ཟིན་ཡང་དཔེར་ན་གློའམ་ཞབས་རྡོལ་བའི་བུམ་པའི་ནང་དང་ཆུ་བླུགས་ཀྱང་ཟག་ནས་ཡུན་རིང་དུ་མི་གནས་པ་བཞིན་དུ་གང་ཟག་དེའི་དྲན་པ་ལ་ནི་ཐོས་སོགས་ལས་བྱུང་བའི་དོན་དེ་དག་ཡུན་རིང་དུ་མི་གནས་ཤིང་ཉམས་པར་འགྱུར་བ་ཉིད་དོ། ། (གཉིས་པ་)ཚུལ་ཁྲིམས་རྣམ་དག་ཉམས་ཚུལ་ནི། ཐོས་པ་ལས་བྱུང་བའི་ཤེས་རབ་དང་ཡང་ལྡན་ཞིང་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་ཅན་དང་ནི་དགེ་བ་ལ་སྤྲོ་བས་འཇུག་པའི་བརྩོན་པ་ལྷུར་ལེན་པའི་གང་ཟག་དུ་མ་ཡང་སྐབས་འགའ་ཞིག་ཏུ་སྒོ་གསུམ་གྱི་བྱ་བ་ལ་བརྟགས་ནས་འཇུག་པའི་ཤེས་བཞིན་མེད་པའི་སྐྱོན་ཆགས་ཤིང་གནས་པས་རང་གི་རྒྱུད་ལ་རྩ་བ་དང་ཡན་ལག་གི་ལྟུང་བའི་རྙོག་པའམ་དྲི་མ་དང་བཅས་པར་ཡང་འགྱུར་ཏེ། འདུལ་བར། མི་ཤེས་པ་ལྟུང་བ་འབྱུང་བའི་རྒྱུ་ཞེས་པ་ལྟར་རོ། ། (གཉིས་པ་) དྲན་པ་ཉམས་པ་ལ་གཉིས་ལས། (དང་པོ་)ངན་འགྲོ་སྐྱེད་ཚུལ་ནི། དཔེར་ན་ནོར་་་་བསགས་ཀྱང་རྐུན་པོས་ཕྲོགས་ནས་དབུལ་པོར་འགྲོ་བ་ལྟར་ཤེས་བཞིན་མེད་པའི་ཉོན་མོངས་པའི་ཆོམ་རྐུན་ཆེན་པོ་དག་སྲུང་མ་དྲན་པ་ཉམས་པའི་རྗེས་སུ་འབྲང་ནས་སྔར་བསོད་ནམས་ཀྱི་ནོར་དག་ནི་ཉེ་བར་བསགས་ཀྱང༌། མི་དགེ་བ་སྟོབས་ལྡན་གྱི་རྐུན་པོས་ཕྲོགས་པ་བཞིན་དུ་བཅོམ་ནས་གང་ཟག་དེ་ངན་འགྲོར་འགྲོ་བར་འགྱུར་བའོ། ། (གཉིས་པ་)བདེ་འགྲོ་འཇོམས་ཚུལ་ནི། དྲན་པའི་སྲུང་མ་མེད་ན་ཤེས་བཞིན་མ་ཡིན་པ་ལ་སོགས་པའི་ཉོན་མོངས་པའི་ཆོམ་རྐུན་གྱི་ཚོགས་འདི་དག་ནི། ཤ་ཟ་བཞིན་དུ་ཡང་ཡང་གླགས་ལྟ་ཞིང་གནོད་པའི་སྐབས་ཚོལ་བར་བྱེད་པ་སྟེ་གླགས་རྙེད་པར་གྱུར་ནས་རྒྱུ་དགེ་བའི་ནོར་བསགས་པ་རྣམས་འཕྲོག་པར་བྱེད་ཅིང་འབྲས་བུ་བདེ་འགྲོའི་སྲོག་ཐོབ་པ་ཉིད་ཀྱང་འཇོམས་པར་བྱེད་པའོ། ། ༣ ཇི་ལྟར་སྲུང་ཚུལ། (གསུམ་པ་)སྲུང་ཚུལ་ལ། དྲན་པ་སྲུང་ཚུལ་དང༌། ཤེས་བཞིན་བསྲུང་ཚུལ་ལོ། །དང་པོ་ལ་གསུམ་ལས། (དང་པོ་)ངོ་བོ་སྲུང་ཚུལ་ནི། ཉམས་ན་ཉེས་པ་ཆེ་བ་དེ་ལྟ་བས་ན་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་འདི་ནི་ཡིད་ཀྱི་ཁང་པའི་སྒོ་ཁར་ཉོན་མོངས་པའི་ཆོམ་རྐུན་བསྲུང་བའི་དོན་དུ་བཞག་ནས་དེའི་ཕྱི་རོལ་ལམ་གུད་དུ་དུས་ནམ་ཡང་མི་གཏོང་བར་གཟུང་ངོ༌། །གལ་ཏེ་བག་མེད་པའི་དབང་གིས་ཡུལ་གཞན་གྱི་སྟེང་དུ་སོང་ནའང་དམྱལ་བ་ལ་སོགས་པ་ངན་འགྲོའི་གནོད་པ་དག་མྱོང་བར་འགྱུར་བའི་ཉེས་དམིགས་རྣམས་དྲན་པར་བྱས་ཏེ་སླར་ཡང་བཀུག་ནས་རྩེ་གཅིག་ཏུ་ཉེ་བར་བཞག་པར་བྱའོ། ། (གཉིས་པ་)རྒྱུ་ལ་གདམས་པ་ནི། དྲན་པ་དེ་ཉིད་བླ་མ་དམ་པ་རྣམས་དང་ནི་ལྷན་ཅིག་འགྲོགས་པ་ལས་སྐྱེ་ཞིང༌། དེའང་མཁན་པོས་གདམས་ངག་རྗེས་སུ་བསྟན་པ་དང་དེ་དང་འགལ་ན་འཇིགས་པའི་སྒོ་ནས་ལེགས་སྤྱད་ཀྱི་སྐལ་བ་དང་ལྡན་པ་རྣམས་བསླབ་བྱ་ལ་ཤིན་ཏུ་གུས་པར་བྱེད་པ་ལས་དྲན་པ་ཚེགས་ཆུང་ངུས་བདེ་བླག་ཉིད་དུ་སྐྱེ་བར་འགྱུར་རོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དག་དུས་ཀུན་ཏུ་ཤེས་བྱ་ཐམས་ཅད་ཐོགས་པ་མེད་པར་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་དེ་དག་ཐམས་ཅད་ཀྱི་སྤྱན་སྔར་བདག་ནི་རྟག་ཏུ་རྒྱུན་མི་འཆད་པར་གནས་སོ་ཞེས་དེ་ལྟར་བསམས་ཤིང་ཡིད་ལ་བཞག་ནས་རང་རྒྱུ་མཚན་དུ་བྱས་ནས་སྡིག་པ་ལ་འཛེམ་པའི་ངོ་ཚ་ཤེས་པ་དང༌། བསླབ་བྱ་ལ་དད་ཅིང་གུས་པ་དང་གཞན་གྱིས་སྨོད་པ་ལ་འཇིགས་པའི་ཁྲེལ་ཡོད་པ་དང་ལྡན་པས་དེ་བཞིན་དུ་མནོས་ཏེ་གནས་པར་གྱིས་ཤིག དེ་ལྟ་ན་ཡང་དྲན་པ་བདེ་བླག་ཏུ་སྐྱེ་བར་འགྱུར་རོ་ཞེས་པའོ། ། (གསུམ་པ་)དེའི་ཕན་ཡོན་ནི། དེ་ལྟར་གནས་པ་དེས་ནི་དྲན་པ་ཙམ་སྐྱེ་བར་མ་ཟད། སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བའི་ཡོན་ཏན་ཕུན་སུམ་ཚོགས་པའང་གང་ཟག་དེ་ལ་ཡང་དང་ཡང་དུ་འབྱུང་བར་འགྱུར་ཞིང༌། གང་གི་ཚེ་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་ཡིད་ཀྱི་ཁང་པའི་སྒོ་ཁར་བཞག་ནས། ཉོན་མོངས་པའི་ཆོམ་རྐུན་བསྲུང་བའི་དོན་དུ་ཉེ་བར་གནས་པར་གྱུར་པ་དེའི་ཚེ། སྒོ་གསུམ་གྱི་སྤྱོད་པ་ཤེས་བཞིན་དུ་འཇུག་པའང་ངང་གིས་འོང་བར་འགྱུར་ཞིང་ལན་ཅིག་གཞན་དུ་སོང་བ་དག་ཀྱང་ཕྱིར་ལ་ནང་དུ་འོང་བར་འགྱུར་ཏེ། བྱུང་ནས་བརྟན་པར་འགྱུར་བ་ལ་སོགས་པའོ། ། (གཉིས་པ་)ཤེས་བཞིན་ལ། ཤེས་བཞིན་བརྟན་པར་སྲུང་ཚུལ། དེ་ཉིད་རྒྱས་པར་བཤད་པ། མཚན་ཉིད་བསྡུས་ཏེ་བསྟན་པའོ། །དང་པོ་ནི། རེ་ཞིག་དང་པོར་བྱ་བ་གང་ལ་འཇུག་ཀྱང་ཀུན་སློང་ལ་བརྟགས་ནས། འདི་འདྲ་བའི་སེམས་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་ཅན་འདི་ནི། འཁོར་བར་སྡུག་བསྔལ་སྐྱེད་པའི་སྐྱོན་དང་བཅས་པའོ་ཞེས་ཤེས་པར་བྱས་ནས། དེའི་ཚེ་བདག་གིས་ཤིང་ཆེན་པོ་རླུང་གིས་མི་གཡོ་བ་བཞིན་དུ་གཉེན་པོའི་ཟུངས་ཐུབ་པར་ནི་གནས་པར་བྱ་ཞེས་པའམ། ཡང་ན་(འགྲེལ་པར་)ཤིང་དབང་པོ་དང་བྲལ་བས་ཆགས་སྡང་གི་ཡུལ་ལ་མི་འཇུག་པ་བཞིན་དུ་དབང་པོའི་སྒོ་བསྡམས་ཏེ་ཟུངས་ཐུབ་པར་ནི་བརྟན་པར་གནས་པར་བྱ་ཞེས་པའོ། ། (གཉིས་པ་)རྒྱས་བཤད་ལ། ལུས་དང་སེམས་ལ་བརྟག་པ། བརྟགས་ནས་དབང་དུ་བྱ་བ། དེའི་སྤྱོད་ལམ་སྦྱང་བ། བསླབ་བྱ་ཉམས་སུ་བླང་ཚུལ་ལོ། །དང་པོ་ལ་བཞི་ལས། (དང་པོ་)ལུས་ལ་བརྟགས་ནས་སྤྱོད་ཚུལ་ནི། དགོས་པའི་དོན་ནམ་འབྲས་བུ་མེད་པར་མིག་གཞན་དུ་ཡེངས་བའི་ཚུལ་གྱིས་རྣམ་པར་གཡེང་བར་ལྟ་བ་ནི་དུས་ནམ་ཡང་བདག་གིས་མི་བྱ་སྟེ་དེ་ཁོ་ན་ཉིད་ལ་ངེས་པར་སེམས་པའི་བསམ་གཏན་གྱིས་ལྟ་བས་དུས་རྟག་ཏུ་ནི་མིག་ནི་ཅུང་ཟད་ཕྱེ་བ་སྣ་རྩེའམ་གཉའ་ཤིང་གང་ཙམ་དུ་ཕབ་སྟེ་བལྟ་བར་བྱའོ། །ཡུམ་ལས་ཀྱང༌། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་པ་ལྟར་རོ། །རྩེ་གཅིག་ཏུ་ལྟ་བས་དུབ་པར་གྱུར་ན་མིག་དང་སེམས་ངལ་གསོ་བའི་ཆེད་དུ་ནི་དུས་རེས་འགའ་ཕྱོགས་གཞན་རྣམས་སུ་ཡང་བལྟ་བར་བྱ་ཞིང༌། གལ་ཏེ་གང་ཟག་འགའ་ཞིག་མིག་ལམ་དུ་སྣང་བར་གྱུར་ན་དགའ་བའི་མིག་གིས་བལྟས་ནས་ལེགས་པར་འོངས་སམ་བྱོན་པ་ལེགས་སོ་ཞེས་སྙན་པའི་ཚིག་དག་བརྗོད་པར་བྱའོ། །གཞན་ཡང་བགྲོད་དཀའ་བའི་ལམ་དང་ཉམ་ང་བའི་གནས་ལ་སོགས་པར་ཆོམ་རྐུན་ལ་སོགས་པའི་འཇིགས་པ་ཡོད་མེད་བརྟག་པའི་ཕྱིར་ཡང་དང་ཡང་དུ་རིམ་པ་ལྟར་ཕྱོགས་བཞིར་བལྟ་བར་བྱ་ཞིང༌། ཁྱད་པར་ངལ་གསོ་བ་ན་ཁ་ནི་ཕྱིར་ལ་བལྟས་ནས་རྒྱབ་ཀྱི་ཕྱོགས་སུའང་བལྟ་བར་བྱ་སྟེ་མདུན་དང་རྒྱབ་ཏུ་གཡང་ས་ལ་སོགས་པའི་གནོད་པའི་གནོད་པ་ཡོད་མེད་བརྟག་པ་བྱས་ནས་གནོད་པ་མེད་པའི་ཕྱོགས་སུ་འགྲོ་འམ་ཡང་ན་གནོད་པ་ཡོད་པའི་ཕྱོགས་ནས་ལྡོག་ཅིང་འོང་བར་བྱ་སྟེ་དེ་ལྟར་སྤྱོད་ལམ་གྱི་གནས་སྐབས་ཐམས་ཅད་དུ། རང་གཞན་ལ་ཕན་པའི་དགོས་པ་གང་ཆེ་བ་ཤེས་ནས་ཤེས་བཞིན་དང་ལྡན་པས་སྤྱད་པར་བྱའོ། །སྤྱོད་ལམ་བཞི་པོ་གང་ཡང་རུང་བ་དག་ལས་ལུས་ཀྱིས་དགེ་བའི་ལས་ལ་འདི་ལྟར་སྤྱད་པར་བྱའོ་ཞེས་བློ་སྔོན་དུ་་་་་་་་་བཏང་བའི་བྱ་བ་གང་ཡིན་པ་དེ་བསྒྲུབ་ཤིང་བསྡོགས་ནས་དེ་ནས་ནི། སྐབས་སྐབས་སུ་བདག་གི་ལུས་འདི་དགེ་བའམ་མི་དགེ་བའམ་ལུང་དུ་མ་བསྟན་པ་ཇི་ལྟ་བུར་གནས་པ་ཡིན་ཞེས་པ་བལྟས་ཏེ་དགེ་བའི་ལས་ལ་སྦྱར་བར་བྱའོ། ། (གཉིས་པ་)སེམས་ལ་བརྟགས་ནས་འཇོག་ཚུལ་ནི། རང་གི་སེམས་ཆགས་སོགས་ཀྱི་དབང་དུ་གྱུར་པ་གླང་ཆེན་མྱོས་པ་དང་འདྲ་བ་འདི་ནི་དམ་པའི་ཆོས་ལ་རྩེ་གཅིག་ཏུ་སེམས་པའི་བརྟན་པ་ཀ་བ་ཆེན་པོ་དང་འདྲ་བ་ལ་ཇི་ལྟར་ན་གླང་ཆེན་བཏགས་པ་གཞན་དུ་མི་འཆོར་བ་དེ་ལྟར་འབད་པ་ཀུན་གྱི་བརྟགས་ཅིང་དཔྱད་དེ་དྲན་པས་གཟུང་བར་བྱའོ། །ཅིས་ནས་ཀྱང་ཏིང་ངེ་འཛིན་ཟབ་མོ་ལ་རྩེ་གཅིག་ཏུ་བརྩོན་པའི་ཚུལ་ནི་དུས་སྐད་ཅིག་མ་གཅིག་ཀྱང་རྣམ་གཡེང་གི་དབང་དུ་མི་འཆོར་བར་བྱ་ཞིང༌། གལ་ཏེ་ཅུང་ཟད་ཡེངས་ནའང་བདག་གི་ཡིད་འདི་ཏིང་ངེ་འཛིན་ལས་གཞན་དུ་གར་སྤྱོད་ཅིང་འགྲོ་བར་བྱེད་ཅེས་དེ་ལྟར་ཡིད་ལ་སོ་སོར་བརྟག་ཅིང་བླན་ཏེ་མཉམ་པར་གཞག་པར་བྱའོ། ། (གསུམ་པ་)གནང་བའི་གནས་སྐབས་ཤེས་ཚུལ་ནི། མེ་དང་དགྲ་ལ་སོགས་པའི་འཇིགས་པ་དང་དཀོན་མཆོག་མཆོད་པའི་དགའ་སྟོན་ལ་སོགས་པ་དང་གཞན་དོན་རྒྱ་ཆེན་པོ་སྒྲུབ་པ་དང་འབྲེལ་པས་གལ་ཏེ། རྩེ་གཅིག་ཏུ་མཉམ་པར་གཞག་པར་མི་ནུས་ན་རེ་ཞིག་ཅི་བདེར་ངལ་གསོ་ནས་བྱ་བ་དེ་དག་ལ་འཇུག་པར་བྱའོ། །དེ་ཡང་འདི་ལྟར་སྤྱིར་སྦྱིན་པ་ལས་ཚུལ་ཁྲིམས་མཆོག་ཏུ་གསུངས་ཀྱང་སྦྱིན་པ་རྒྱ་ཆེན་པོ་འགྲུབ་པའི་དུས་དག་ཏུ་ཚུལ་ཁྲིམས་ཀྱི་བསླབ་བྱ་ཕྲ་མོ་རྣམས་བཏང་སྙོམས་སུ་བཞག་པར་གསུངས་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། སྦྱིན་པའི་དུས་སུ་ཚུལ་ཁྲིམས་ཉེ་བར་བསྡུས་ཏེ་བཏང་སྙོམས་སུ་བྱའོ་ཞེས་པ་ལ་སོགས་པས་སོ། ། (བཞི་པ་)གང་ལ་ཞུག་པ་ཐོག་མར་སྒྲུབ་ཚུལ་ནི། སྦྱིན་པ་ལ་སོགས་པའི་བྱ་བ་གང་ཞིག་ལུང་རིགས་དང་མཐུན་པར་བསམས་ཏེ་ཕན་ཡོན་དང་ལྡན་པར་མཐོང་ནས་བྱ་བར་བརྩམས་པ་དེ་མ་གྲུབ་ཀྱི་བར་ལ་དེ་ལས་གཞན་དུ་ནམ་ཡང་མི་བསམས་ཏེ་གང་བསམས་པ་དེར་རྩེ་གཅིག་ཏུ་གཏད་པ་ཡི་བསམ་པ་ཡིས་བརྩམས་པ་དེ་ཉིད་རེ་ཞིག་དང་པོར་འབད་པས་བསྒྲུབ་པར་བྱའོ། ། དེ་ལྟར་ནན་ཏན་དུ་བྱས་ན་ནི་བྱ་བར་བརྩམ་པ་ཀུན་ལེགས་པར་བྱས་པར་འགྱུར་གྱི། དེ་ལས་གཞན་དུ་སྔ་མ་མ་གྲུབ་པར་ཕྱི་མ་ལ་ཞུགས་ན་གཉི་གའང་འགྲུབ་པར་མི་འགྱུར་རོ། །ཤེས་བཞིན་མ་ཡིན་པ་གཏི་མུག་གི་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་པའང་རིམ་གྱིས་སྒྲུབ་པ་དེ་ལྟ་ན་ནི་འཕེལ་བར་མི་འགྱུར་ཞེས་པའམ། ཡང་ན་རྒྱ་དཔེ་དང་འགྲེལ་བར། ཤེས་བཞིན་མ་ཡིན་ཉོན་མོངས་ཀྱང༌། །དེ་ལྟ་ན་ནི་འཕེལ་བར་འགྱུར། །ཞེས་པ་ལྟར་གཅིག་མ་གྲུབ་པར་གཞན་ལ་འཇུག་པ་དེ་ལྟ་ན་ནི་ཉོན་མོངས་པ་འཇུག་ཅིང་ཞུགས་པའང་འཕེལ་བར་འགྱུར་བ་སྟེ། ཙ་ན་ཀར། སྔ་མ་མ་ཚར་གཞན་བསྒྲུབས་ན། །གཉི་ག་མི་འགྲུབ་ངལ་བའི་གནས། །རྐང་བ་ཡ་གཅིག་མ་ཚུགས་པར། །གཉིས་ཀ་བཏེགས་ན་འགྱེལ་བའི་རྒྱུ། །ཞེས་པ་ལྟར་རོ། །དབང་དུ་བྱ་བ་ལ། ཚུལ་མིན་ལས་བཟློག་ཚུལ། ཚུལ་བཞིན་ལ་འཇུག་ཚུལ། དལ་བའི་དོན་སྒྲུབ་ཚུལ་ལོ། དང་པོ་ལ་ལྔ་ལས། (དང་པོ་)རྣམ་གཡེང་ལ་ཆགས་པ་སྤོང་ཚུལ་ནི། སྐབས་འགའ་ཞིག་ཏུ་དགོས་པའི་དབང་གིས་བྲེ་མོའམ་ཀུ་རེའི་བཞད་གད་ཀྱི་གཏམ་ནི་རྣམ་པ་སྣ་ཚོགས་དང་བྲོ་གར་དང་མིག་འཕྲུལ་ལ་སོགས་པ་ངོ་མཚར་ཅན་གྱི་ལྟད་མོ་རྣམ་པ་མང་པོ་ཀུན་ལ་སྒོ་གསུམ་གང་རུང་གིས་འཇུག་པར་གྱུར་པ་ན། ཡང་དེ་དག་ལ་ཆགས་ཤིང་ཞེན་པ་སྤང་བར་བྱའོ།