། ༣ བག་ཡོད་སྒྲུབ་པར་གདམས་པ། དེས་ན་བག་ཡོད་སྒྲུབ་པར་གདམས་པ། (གསུམ་པ་)སྒྲུབ་པར་གདམས་པ་ནི། བྱང་ཆུབ་ཀྱི་སེམས་ཉམས་པ་ལ་ཉེས་དམིགས་ཆེན་པོ་ཡོད་པ་དེ་ལྟ་བས་ན་གོང་དུ་ཇི་ལྟར་དམ་བཅས་པ་བཞིན་དུ་བདག་གིས་གུས་པས་བག་ཡོད་པའི་སྒོ་ནས་བསླབ་བྱ་རྒྱ་ཆེན་པོ་ཉམས་སུ་ལེན་པ་ལ་སྒྲུབ་པ་ནན་ཏན་སྙིང་པོར་བྱ་སྟེ། གཱ་ཡ་གོ་རིའི་མདོ་ལས། བྱང་ཆུབ་སེམས་དཔའ་སྒྲུབ་པ་སྙིང་པོར་བྱེད་པ་རྣམས་ལ་བྱང་ཆུབ་ཡོད་ཀྱི་བཟློག་པ་ལ་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། ། ❷ སྦྱོར་བ་བསླབ་པ་ལ་བག་ཡོད་པར་བྱ་བ། (གཉིས་པ་)སྦྱོར་བ་ལ། བརྩོམ་པས་དགེ་བ་སྒྲུབ་ཚུལ་དང༌། ཉོན་མོངས་སྤང་བར་གདམས་པའོ། ། ༡ བརྩོམ་པས་དགེ་བ་སྒྲུབ་ཚུལ། དང་པོ་ལ་དྲུག་ལས། (དང་པོ་)བརྩོན་འགྲུས་མེད་ན་ཉམས་ཚུལ་ནི། དལ་འབྱོར་ཐོབ་ཅིང་སེམས་བསྐྱེད་བླངས་པའི་དུས་དེང་ནས་བསླབ་བྱ་ཉམས་སུ་ལེན་པ་ལ་བརྩོན་པར་མ་བྱས་ན། ལྟུང་བ་སྟོབས་ལྡན་གྱི་དབང་གིས་ངན་སོང་གསུམ་གྱི་གནས་སུ་འོག་ནས་འོག་ཏུ་སྐྱེ་བ་བརྒྱུད་མར་འགྲོ་ཞིང་སྡུག་བསྔལ་མྱོང་བར་འགྱུར་རོ། །འོན་ཀྱང་སངས་རྒྱས་མང་པོ་བྱོན་པས་སྐྱོབ་མོད་སྙམ་ན། སྔར་ཡང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་འབའ་ཞིག་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་བྱོན་ཞིང་འདས་པར་གྱུར་ཀྱང་དཔེར་ན་གསོར་མི་རུང་བའི་ནད་པ་ལ་སྨན་པས་ཕན་མི་ཐོགས་པ་བཞིན་དུ། བདག་ནི་རང་གི་ལེ་ལོས་བག་མེད་པར་གྱུར་ཏེ་ཉེས་པ་སྤྱད་པས་སངས་རྒྱས་མང་པོ་དེའི་གསོ་ཞིང་ཕན་གདགས་པའི་སྤྱོད་ཡུལ་དུ་མ་གྱུར་ཏོ། །ད་དུང་དུ་ཡང་སྔར་གྱི་སྤྱོད་པ་དམན་པ་དེ་བཞིན་དུ་བདག་བསླབ་པ་ལ་བག་མེད་པར་བྱེད་ན་ཡང་དང་ཡང་དུའང་འོག་ནས་འོག་དུ་འགྲོ་བ་དེ་བཞིན་དུ་འགྱུར་ཏེ། དེའང་ཕལ་ཆེར་ངན་འགྲོར་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་ཞིང༌། རེས་འགའ་བདེ་འགྲོར་སྐྱེས་ན་ཡང་ནད་དྲག་པོ་དང་དུས་མ་ཡིན་པར་འཆི་བ་དང་ཡན་ལག་བཅད་པ་དང་མཚོན་ཆས་གཤོག་པ་དང་འཆིང་བ་དང་རྡེག་པ་ལ་སོགས་པའི་སྡུག་བསྔལ་མང་པོ་མྱོང་བར་འགྱུར་རོ། །(གཉིས་པ་)འབྱོར་པ་དཀོན་ཞིང་འཇིག་ཚུལ་ནི། ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བ་དང་དེའི་བསྟན་པ་ལ་དད་པ་དང་མིའི་ལུས་སྐྱོན་མེད་པ་ཐོབ་པ་དང་ལུས་སེམས་དགེ་བ་ལ་གོམས་ཤིང་ལས་སུ་རུང་བ་དེ་ལྟ་བུ་ནི་ཤིན་ཏུ་དཀོན་ན་ནམ་ཞིག་ཐོབ་པར་འགྱུར་ཏེ་རྙེད་པར་དཀའ་བའི་མཆོག་རྙེད་པའི་དུས་སུ་འབད་པར་རིགས་སོ། །ཡང་རེ་ཞིག་ནད་མེད་པའི་ཉི་མ་འདི་ལྟ་བུ་དང་ལྡན་ཞིང་ཟས་དང་གོས་ལ་སོགས་པའི་རྙེད་པ་དང་ཡང་བཅས་ལ་འབྱུང་པོ་མི་མ་ཡིན་པའི་ཉེ་བར་འཚེ་བ་མེད་ཀྱང་ནི་གསོན་པའི་ཚེ་འདི་ནི་སྐད་ཅིག་ཙམ་དུ་ཡང་ཡིད་བརྟན་མི་རུང་བས་བརྫུན་པ་སླུ་བའི་ཆོས་ཅན་ཏེ། ལུས་འདི་ནི་ཡུན་རིང་མི་གནས་པས་ཐང་ཅིག་ཙམ་གཡར་བའི་བརྙན་པོའི་རྒྱན་བཞིན་དུ། བདག་པོ་དང་འདྲ་བའི་འཆི་བདག་གིས་ནམ་ལེན་ངེས་པ་མེད་པའི་ཕྱིར་རོ། ། (གསུམ་པ་)བདེ་འགྲོ་དཀོན་པར་གསུང་ཚུལ་ནི། བདག་གི་སྤྱོད་པ་བག་མེད་པའི་དབང་གིས་མི་དགེ་བ་བྱེད་པ་འདི་འདྲས་ནི་ཐར་བ་ལྟ་ཞོག་མཐོ་རིས་མིའི་ལུས་ཀྱང་ཐོབ་པར་མི་འགྱུར་ལ། བདེ་འགྲོ་མའི་ལུས་ཐོབ་པར་མ་གྱུར་ན་ཕལ་ཆེར་ངན་སོང་གསུམ་དུ་སྡིག་པ་འབའ་ཞིག་སྤྱོད་ཀྱི་དགེ་བ་སྒྲུབ་པའི་གོ་སྐབས་མེད་དོ། །དལ་འབྱོར་ཐོབ་པ་གང་གི་ཚེ་དགེ་བ་སྤྱད་པའི་སྐལ་བ་དང་ལྡན་བཞིན་དུ་ཡང་དགེ་བ་ཚོགས་གཉིས་ཀྱི་སྦྱོར་བ་བདག་གིས་མ་བྱས་ན་ངན་སོང་དུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོས་གཟིར་ཞིང་བླང་དོར་གྱིས་གནས་ལ་ཀུན་ཏུ་རྨོང་པར་གྱུར་པ་དེའི་ཚེ་བདག་གིས་དགེ་བ་ཅི་ཞིག་བྱར་ཡོད་དེ་བྱེད་པའི་སྐབས་མེད་ཅིང༌། རྒྱུ་གཞན་ལ་ཕན་པ་ལ་སོགས་པའི་དགེ་བའི་ལས་དག་ཀྱང་མ་བྱས་ལ་གཞན་ལ་གནོད་པ་ལ་སོགས་པའི་སྡིག་པ་མང་པོ་དག་ཀྱང་ཉེ་བར་བསགས་ན་ཡུན་རིང་པོ་བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང་ནི་ངན་འགྲོ་བརྒྱུད་མར་ལྟུང་བས་འབྲས་བུ་བདེ་འགྲོ་ཐོབ་པ་ལྟ་ཅི་སྨོས་དེའི་སྒྲ་ཙམ་ཡང་ཐོས་པར་མི་འགྱུར་རོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགའ་བོ་རབ་ཏུ་བྱུང་བའི་མདོ་ལས། དཔེར་ན་ཡོངས་སུ་བརྟག་པ་གཟུང་སྟེ་ས་གཞི་འདི་ཐམས་ཅད་རྒྱ་མཚོ་ཆེན་པོ་ཞིག་ཏུ་གྱུར་ཅིང༌། དེ་ན་རླུང་གིས་ཆེས་ཆེར་གཡེངས་པའི་གཉའ་ཤིང་བུ་ག་གཅིག་པ་ཞིག་གི་བུ་གར་དེའི་ནང་ན་རུས་སྦལ་ཞར་བ་ཞིག་ཡོད་པ་ལོ་བརྒྱ་བརྒྱ་ན་སྟེང་དུ་ལན་རེ་འབྱུང་བའི་མགྲིན་པ་ཆུད་བ་ནི་སྲིད་པ་ཙམ་ཡིན་གྱི། རྒྱ་མཚོ་ཁ་ཞིང་ཆེ་བའི་ཕྱིར་དང་གཉའ་ཤིང་བུ་ག་གཅིག་ལས་མེད་ཅིང༌། རླུང་གིས་གཡེངས་པའི་ཕྱིར་དང་རུས་སྦལ་མིག་གཅིག་ལས་མེད་ཅིང་འབྱུང་འཇུག་ཉུང་བའི་ཕྱིར་ཤིན་ཏུ་དཀོན་པ་ལྟར་དུད་འགྲོའི་ནང་ནས་མིའི་ལུས་ཉིད་དུ་སྐྱེ་བ་ཡང་ཤིན་ཏུ་ཐོབ་པར་དཀའ་བ་ཡིན་ནོ་ཞེས་གསུངས་སོ། ། (བཞི་པ་) དེ་ཉིད་རིག་པས་བསྒྲུབ་པ་ནི། ཡུལ་དམ་པ་ལ་ཁོང་ཁྲོ་སྐྱེད་པའམ་མཚམས་མེད་ལ་སོགས་པའི་ལས་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་ལ་བྱས་པའི་སྡིག་པས་ཀྱང་ཡུན་རིང་པོ་བར་གྱི་བསྐལ་པར་མནར་མེད་དུ་གནས་པར་འགྱུར་རོ་ཞེས་གསུངས་ན། ཚེ་ཐོག་མ་མེད་པ་ནས་འཁོར་བའི་བར་དུ་བསགས་པའི་སྡིག་པ་དང་སྒྲིབ་པ་དག་གིས་བཅིངས་བས་བདེ་འགྲོར་མི་འགྲོ་ཞིང་ངན་འགྲོར་ཡུན་རིང་དུ་གནས་པ་ལྟ་སྨོས་ཀྱང་ཅི་དགོས། རྣམ་སྨིན་མྱོང་བས་ཟད་ནས་ཐར་རོ་སྙམ་ན། མནར་མེད་ལ་སོགས་པ་དེ་ཙམ་ཁོ་ན་མྱོང་བར་གྱུར་ནས་ཀྱང་སེམས་ཅན་དེ་ནི་ངན་སོང་ལས་རྣམ་པར་ཐར་བར་མི་འགྱུར་ཏེ། དེའི་རྒྱུ་མཚན་འདི་ལྟར་ལས་ངན་པའི་འབྲས་བུ་སྡུག་བསྔལ་དེ་ནི་མྱོང་བར་བྱེད་བཞིན་དུ་ཡང་གནོད་སེམས་མི་ཟད་པས་ཕན་ཚུན་འཚེ་བ་ལ་སོགས་པའི་སྡིག་པ་གཞན་དག་རབ་ཏུ་སྐྱེ་ཞིང་སོག་པའི་ཕྱིར་རོ། ། (ལྔ་པ་)དལ་བའི་དུས་སུ་འབད་ཚུལ་ནི། རྙེད་པར་དཀའ་ཞིང་དོན་ཆེན་པོ་དང་ལྡན་པ་འདི་འདྲ་བའི་དལ་བ་ཕུན་སུམ་ཚོགས་པ་རྙེད་པར་གྱུར་ནས་བདག་གིས་བསམ་སྦྱོར་རྣམ་པར་དག་པའི་དགེ་བ་ལ་གོམས་པར་མ་བྱས་ན་འདི་ལས་རང་གིས་རང་བསླུས་པའང་གཞན་མེད་དེ་དོན་ཆེན་པོ་ལས་ཉམས་པར་བྱས་པའི་ཕྱིར་རོ། །བླང་དོར་གྱི་གནས་ལ་ཤིན་ཏུ་འཁྲུལ་བས་ན་འདི་ལས་ཆེས་རྨོངས་པའང་གཞན་མེད་དོ་ཞེས་པ་སྟེ། བཤེས་སྤྲིང་དུའང༌། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས།། ངན་སྐྱུགས་འཕྱག་བར་བྱེད་པ་དེ་བས་ཀྱང༌། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག །བྱེད་པ་དེ་དག་ཆེས་རབ་བླུན་པ་ལགས། །ཞེས་གསུངས་པས་དལ་འབྱོར་ཐོབ་པའི་དུས་སུ་དགེ་བ་ལ་བརྩོན་པར་བྱའོ། ། (དྲུག་པ)མིན་ན་འགྱོད་པས་གདུང་ཚུལ་ནི། གལ་ཏེ་བདག་གིས་སྔར་དལ་བའི་དུས་སུ་དགེ་བ་མ་བྱས་བར་རང་གིས་རང་བསླུས་པ་དེ་རྟོགས་ནས་འཁྲུལ་ཞིང་རྨོངས་པའི་དབང་དུ་གྱུར་བས་དུས་ཕྱིས་ཀྱང་ཡི་ཆད་ཅིང་སྒྱིད་ལུག་སྟེ་དགེ་བ་ལ་བག་མེད་པར་གྱུར་ན། ཚེ་འདིའི་མཐར་འཆི་བར་འགྱུར་བའི་དུས་ཀྱི་ཚེ་ཞེས་པའམ། རྒྱ་དཔེ་དང་འགྲེལ་བར། གཤིན་རྗེའི་ཕོ་ཉས་བསྐུལ་བ་ན། །ཞེས་པ་ལྟར་འཆི་ཁར་འཇིགས་སུ་རུང་བའི་ཆ་ལུགས་ཅན་རྣམས་ཀྱིས་བསྡིགས་ཤིང་ཁྲིད་པ་དང་བླང་དོར་མ་བྱས་པ་ལ་འགྱོད་པ་དྲག་པོས་གདུངས་ཏེ་མྱ་ངན་ཆེན་པོ་ལྡང་བར་འགྱུར་རོ། །ཤི་འཕོས་ནས་ཀྱང་དམྱལ་བར་ལྷུང་སྟེ་ཐ་མལ་བའི་མེ་དང་ཙན་དན་གྱི་མེ་དང་དུས་མཐའི་མེ་དང་དམྱལ་བ་བརྒྱད་ཀྱི་མེ་རྣམས་རིམ་པ་ལྟར་བཞི་འགྱུར་གྱིས་ཚ་བར་གསུངས་པ་ལྟར་ཤིན་ཏུ་བཟོད་པར་དཀའ་བའི་མེས་ཡུན་རིང་དུ་བདག་གི་ལུས་གཞོན་ཤ་ཅན་ལ་སྲེག་ཅིང་སྡུག་བསྔལ་བར་འགྱུར་བ་ན་དམྱལ་བའི་སྲུང་མ་རྣམས་ཀྱིས་ལས་འདི་ལྟ་བུ་བྱས་པས་སྡུག་བསྔལ་འདི་མྱོང་བ་ཡིན་ནོ་ཞེས་ཟེར་བ་དང་འགྱོད་པ་མི་བཟད་པ་མེ་འབར་བ་དང་འདྲ་བ་སྐྱེ་བས་སེམས་ལ་གདུང་བ་དྲག་པོ་མྱོང་བར་འགྱུར་བར་གདོན་མི་ཟ་བ་ཉིད་དོ། །གཞན་ཡང་ཤིན་ཏུ་རྙེད་པར་དཀའ་ཞིང་ཕན་པ་དང་བདེ་བ་སྒྲུབ་པའི་གཞིའམ་རྟེན་དུ་གྱུར་པས་ས་ཆེན་པོ་དང་འདྲ་བའི་དལ་འབྱོར་འདི་ཉིད་ཅི་ཞིག་ལྟར་བསོད་ནམས་ཀྱི་སྟེས་དབང་གིས་རྙེད་པར་གྱུར་ནས་བདག་ཉིད་རྟོག་དཔྱོད་ཀྱི་ཤེས་པ་དང་ལྡན་བཞིན་ཏུ་ཕྱིར་ཞིང་སླར་ཡང་སྡིག་པ་བསགས་ནས་དམྱལ་བ་དེར་ཁྲིད་པར་བྱེད་ན་འགའ་ཞིག་གིས་རིག་སྔགས་ཀྱིས་རྨོངས་ཤིང་བརྒྱལ་བར་བྱས་པ་བཞིན་དུ་བདག་ལ་སྐབས་འདིར་སེམས་མེད་པ་དང་འདྲ་བ་ཉིད་དུ་ཟད་དོ། །རྒྱུ་ཅིས་རྨོངས་ཤིང་འཁྲུལ་བར་བྱས་པའི་ཚུལ་བདག་གིས་ཀྱང་མ་ཤིས་ཏེ་བདག་གི་ལུས་ཀྱི་ཁོང་ན་རྨོངས་པར་བྱེད་པ་པོ་ཅི་ཞིག་ཡོད་ཅེས་བརྟགས་ན་ཉོན་མོངས་པ་ལས་གཞན་མེད་པས་དེ་ཉིད་སྤོང་བ་ལ་འབད་པར་རིགས་སོ། ། ༢ ཉོན་མོངས་སྤང་བར་གདམས་པ། (གཉིས་པ་)ཉོན་མོངས་སྤང་བ་ལ། སྤོང་བའི་བློ་བསྐྱེད་པ། སྤོང་བའི་ཐབས་བསྟེན་པ། སྤོང་ནུས་པའི་ཚུལ་ལོ། ། དང་པོ་ལ། དགྲའི་མཆོག་ཏུ་བརྟགས་ཏེ་སྤང་ཚུལ་དང༌། བདག་ལ་གནོད་པར་བསམས་ཏེ་སྤང་ཚུལ་ལོ། །དང་པོ་ལ་བཞི་ལས། (དང་པོ་)བྲན་དུ་བྱེད་པས་སྤང་ཚུལ་ནི། གཞན་ཕྱོགས་ལ་ཞེ་སྡང་ཞིང་ཁོང་ཁྲོ་བ་དང་རང་ཕྱོགས་ལ་སྲེད་ཅིང་འདོད་ཆགས་པ་དང་གནས་ལུགས་ལ་རྨོངས་ཤིང་མ་རིག་པ་ལ་སོགས་པ་ཉོན་མོངས་པའི་དགྲ་བོ་འདི་རྣམས་ནི་གནོད་པར་བྱེད་པའི་རྒྱུ་འདེད་པའི་རྐང་བ་དང་བསྣུན་པའི་ལག་པ་དང་བསྣུན་རྒྱུའི་མཚོན་ཆ་ལ་སོགས་པ་རྣམས་ཀྱང་ཡོད་པ་མིན་ལ་རྟུལ་ཕོད་པའི་དཔའ་བ་དང་ཚོད་ཤེས་པའི་མཛངས་པ་མིན་ན་ཡང་ཅི་ཞིག་ལྟར་ཉོན་མོངས་པ་དེ་དག་གིས་བདག་བྲན་བཞིན་དུ་རང་དབང་མེད་པར་བཀོལ་ཞིང་སྡུག་བསྔལ་བར་བྱས་པས་སྤང་བར་རིགས་ཏེ། ཉོན་མོངས་པ་དེ་དག་བདག་གི་སེམས་ལ་རྟེན་ཅིང་གནས་བཅས་བཞིན་དུ་འཛེམ་དོགས་མེད་པར་དགའ་མགུར་བདག་ལ་གནོད་པ་བྱེད་པ་འདི་ནི་ཤིན་ཏུ་མི་རིགས་པས་དེ་ལྟ་བུ་ལའང་མི་ཁྲོ་བར་བཟོད་ཅིང་བསྟེན་པ་ནི། བཟོད་པར་བྱ་བའི་གནས་མིན་པ་ལ་བཟོད་པ་དམ་པས་སྨད་པར་བྱ་བའི་གནས་ཡིན་པའི་ཕྱིར་རོ། ། (གཉིས་པ་)སྡུག་བསྔལ་ལ་སྦྱོར་བས་སྤང་ཚུལ་ནི། གལ་ཏེ་ལྷའི་དབང་པོ་དང་ལྷ་མིན་གྱི་དབང་པོ་འཁོར་དང་བཅས་པ་ལ་སོགས་པ་འཇིག་རྟེན་ན་སྟོབས་ཆེ་བར་གྲགས་པ་རྣམས་ཐམས་ཅད་བདག་ལ་དགྲར་ལངས་པ་སྲིད་ཀྱང་ཚེ་འདིའི་ལུས་དང་ལོངས་སྤྱོད་ལ་གནོད་པ་ཙམ་ནུས་ཀྱི། དགྲ་བོ་དེ་དག་གིས་ཀྱང་བདག་མནར་མེད་པའི་དམྱལ་བའི་མེ་ནང་དུ་ཁྲིད་ཅིང་འཇུག་པར་བྱེད་མི་ནུས་ལ༑ མཚམས་མེད་ལ་སོགས་པའི་ལས་ཀུན་ནས་སློང་བའི་ཉོན་མོངས་པ་སྟོབས་ཅན་གྱི་དགྲ་བོ་འདིས་ནི་མེ་གང་དང་ཕྲད་ན་དངོས་པོ་གཞན་ལྟ་ཞོག་རི་རབ་ཀྱང་ཐལ་བར་ཡང་ནི་མི་ལུས་པར་སྲེག་ནུས་པ་མནར་མེད་པའི་མེ་ནང་དེར་བདག་སྐད་ཅིག་མ་གཅིག་ལ་འདོར་བར་ནུས་པས་སྤང་བར་རིགས་སོ། ། (གསུམ་པ་)ཡུན་རིང་གནོད་པས་སྤང་ཚུལ་ནི། བདག་གི་ཉོན་མོངས་པའི་དགྲ་བོ་གང་ཡིན་པ་འདིས་དུས་རིང་པོ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་གནོད་པ་བྱས་ཤིང་གཉེན་པོས་མ་བཅོམ་ན་ད་དུང་འཁོར་བ་མཐའ་མེད་པའི་བར་དུ་གནོད་པ་བྱེད་པ་ལྟར་ལྷ་དང་ལྷ་མིན་ལ་སོགས་པའི་དགྲ་བོ་གཞན་ཀུན་ཀྱང་ཉོན་མོངས་པའི་དགྲ་བོ་དེ་ལྟ་བུར་ཡུན་རིང་དུ་ཐུབ་པ་མ་ཡིན་ནོ་ཞེས་པ་སྟེ་དེའི་ཕྱིར་ཡང་གཉེན་པོ་ལ་འབད་པར་བྱའོ། ། (བཞི་པ་)བསྟེན་པར་དཀའ་བས་སྤང་ཚུལ་ནི། མཐུན་པར་བཟུང་སྟེ་རིམ་གྲོ་བསྐྱེད་ནས་བསྟེན་པར་བྱས་ན་དགྲ་བོ་ཕལ་བ་ཐམས་ཅད་སླར་ཡང་ལན་དུ་ཕན་པ་དང་བདེ་བ་བྱེད་པ་མང་བ་ཡིན་ན་ཉོན་མོངས་བའི་དགྲ་བོ་རྣམས་ནི་མཐུན་ཕྱོགས་སུ་བཟུང་སྟེ་བསྟེན་པར་བྱས་ན་རང་བཞིན་མི་སྲུན་པས་ཕྱིར་ཞིང་སླར་ཡང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་སྐྱེད་ཅིང་གནོད་པ་དྲག་པོ་བྱེད་པས་སྤང་བར་བྱའོ། ། (གཉིས་པ་)གནོད་པར་བསམས་ཏེ་སྤང་ཚུལ་ནི། བཤད་མ་ཐག་པའི་ཚུལ་དེ་ལྟར་ཡུན་རིང་པོ་ཐོག་མཐའ་མེད་པ་རྒྱུན་ཆགས་སུ་འཇོམས་པར་བྱེད་པའི་དགྲར་གྱུར་པ་སྡུག་བསྔལ་གྱིས་གནོད་པའི་ཚོགས་རབ་ཏུ་འཕེལ་བའི་རྒྱུ་གཅིག་པུ་ཉོན་མོངས་པ་འདི་དག་བདག་གི་སྙིང་ལ་ངེས་པར་གནས་འཆའ་ཞིང་མི་འབྲལ་བར་གནས་ན་འཁོར་བར་འཇྀགས་པ་མེད་ཅིང་དགའ་བ་དང་བཅས་པར་ག་ལ་འགྱུར་ཏེ་མི་འགྱུར་ལ། གཞན་ཡང་སྡུག་བསྔལ་གྱིས་བཅིངས་བའི་འཁོར་བའི་བཙོན་ར་ལས་ཐར་དུ་མི་འཇུག་པའི་སྲུང་མ་བྱེད་ཅིང་དམྱལ་བ་ལ་སོགས་པ་ངན་སོང་གསུམ་གྱི་གནས་སུའང་གསོད་བྱེད་གཤེད་མར་སྣང་བར་གྱུར་བའི་ཉོན་མོངས་པ་འདི་དག་ནི་གལ་ཏེ་བདག་གི་བློའི་གནས་དངོས་པོ་ལ་མངོན་པར་ཞེན་ཅིང་ཆགས་པའི་དྲ་བའམ་གཟེབ་ན་གནས་ན་བདག་ལ་ནམ་ཡང་བདེ་བའི་གོ་སྐབས་ག་ལ་ཡོད་དེ་མེད་པས་ཉོན་མོངས་པ་སྤོང་བ་ལ་བརྩོན་པར་བྱའོ། ། (གཉིས་པ་) ཐབས་ལ་བརྩོན་པས་ཉོན་མོངས་གཞོམ་ཚུལ། དེའི་སྡུག་བསྔལ་བཟོད་ཚུལ། གཉེན་པོ་སྟོབས་ལྡན་བསྐྱེད་ཚུལ་ལོ། ། དང་པོ་ནི། ཉེས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པ་དེ་ལྟ་བས་ན་ཇི་སྲིད་བདག་གི་དགྲ་བོ་ཉོན་མོངས་པ་འདི་མངོན་སུམ་དུ་རྩ་བ་ནས་ངེས་པར་མ་བཅོམ་གྱིས་བར་དེ་སྲིད་དུ་བདག་འདིར་གཉེན་པོ་སྟོབས་ལྡན་ལ་བརྩོན་པ་མི་འདོར་བར་འབད་པར་བྱ་སྟེ། རེ་ཞིག་ཐ་མལ་པའི་དགྲ་བོ་གནོད་བྱེད་ཆུང་ངུ་ལའང་ཁྲོས་བས་ཁོན་དུ་བཟུང་བར་གྱུར་པའི་ང་རྒྱལ་ཆེན་པོ་བདོ་ཞིང་རྒྱས་པ་རྣམས་དགྲ་དེ་མ་བཅོམ་གྱི་བར་དུ་གཉིད་མི་འོང་བ་ཙམ་གྱི་དཀའ་སྤྱད་བྱེད་ན་གནོད་བྱེད་ཆེན་པོ་འཇོམས་པ་ལ་འབད་པ་ནི་ཤིན་ཏུ་རིགས་པའི་ཕྱིར་རོ། ། (གཉིས་པ་)བཟོད་ཚུལ་ལ་གསུམ་ལས། (དང་པོ་)ཤིན་ཏུ་རིགས་པས་བཟོད་ཚུལ་ནི། མ་བཅོམ་ཡང་རང་བཞིན་གྱིས་རིང་པོ་མི་ཐོགས་པར་འཆི་བས་སྡུག་བསྔལ་དང་ལྡན་པར་གྱུར་པའི་དགྲ་བོ་ཐ་མལ་བ་ཉོན་མོངས་ཤིང་སྙིང་རྗེ་བ་འདི་དག་གཡུལ་ངོར་འགྲན་པའི་འཐབ་མོ་ལ་གྲལ་དུ་དངར་ནས་ཆས་པའི་ཚེ་ནན་ཆེན་པོའི་འབད་རྩོལ་གྱིས་གཞོམ་པར་འདོད་པ་ཡང་རང་ལ་མདའ་དང་མདུང་དང་རལ་གྲི་ལ་སོགས་པའི་མཚོན་གྱིས་ཕོག་པའི་སྡུག་བསྔལ་དྲག་པོ་རྣམས་ཀྱང་ཁྱད་དུ་བསད་ནས་གཞན་འཇོམས་པའི་དོན་དེ་མ་གྲུབ་ཀྱི་བར་ལ་ཕྱིར་ཕྱོགས་ཏེ་ལོག་ནས་འབྱེར་ཞིང་འབྲོས་པར་མི་བྱེད་པ་ཡིན་ན། མ་བཅོམ་ན་དུས་རྟག་ཏུ་སྡུག་བསྔལ་སྣ་ཚོགས་པ་ཀུན་གྱི་རྒྱུར་གྱུར་བའི་སྒོ་ནས་ནམ་ཡང་གནོད་པ་བྱེད་པས་རང་བཞིན་གྱིས་དགྲར་ངེས་པའི་ཉོན་མོངས་པ་འདི་དག་གཞོམ་པའི་དོན་དུ་བརྩོན་འགྲུས་རྩོམ་པ་བདག་ལ་དེང་འདིར་གཉེན་པོ་ལ་འབད་པའི་ཆེད་དུ་སྡུག་བསྔལ་བརྒྱ་ཕྲག་མང་པོའི་རྒྱུར་གྱུར་པའི་གནོད་པ་གང་གིས་ཀྱང་སེམས་ཞུམ་ཞིང་ཡི་ཆད་པ་དང་མི་སྤྲཽ་ཞིང་སྒྱིད་ལུག་བར་མི་འགྱུར་བར་ཉོན་མོངས་མ་ཐུལ་གྱི་བར་ལ་བརྩོན་པ་མི་འདོར་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ།