སྤྱོད་འཇུག་ས་འགྲེལ།

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་གཞུང་དོན་རབ་གསལ་སྣང་བ་ཞེས་བྱ་བ།

མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན།

ཨོཾ་ན་མོ་མཉྫུ་ནཱ་ཐཱ་ཡ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་གཞུང་དོན་རབ་གསལ་སྣང་བ་ཞེས་བྱ་བ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། ། གང་གིས་དང་པོར་སྨོན་འཇུག་བདག་ཉིད་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་ནས། ། གྲངས་མེད་བསྐལ་པར་ཚོགས་གཉིས་ཟུང་འཇུག་ཕ་རོལ་ཕྱིན་དྲུག་ལེགས་སྤྱད་པས། ། སྒྲིབ་གཉིས་རྣམ་སྤངས་དོན་གཉིས་མཐར་ཕྱིན་སྐུ་གཉིས་ཟུང་འཇུག་རབ་བརྙེས་པ། །
བཅོམ་ལྡན་ཐུབ་དབང་ལྷ་ཡི་ལྷ་ལ་འགྲོ་ཀུན་ཀུན་ནས་དང་བས་འདུད། ། མཁྱེན་རབ་དབང་ཕྱུག་འཇམ་པའི་དབྱངས་ལ་རྟག་ཏུ་གུས་པས་ཕྱག་འཚལ་ལོ། །
ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས་ཀྱིས་འགྲོ་ཀུན་རྟག་ཏུ་སྐྱོང་གྱུར་ཅིག ། མཐུ་སྟོབས་ཐོགས་མེད་རྡོ་རྗེ་འཛིན་པས་མི་མཐུན་ཕྱོགས་ལས་རྒྱལ་བར་མཛོད། ། ཐུགས་རྗེ་རབ་མྱུར་སྒྲོལ་མའི་མཐུ་ཡིས་ཆོས་དོན་མ་ལུས་མྱུར་འགྲུབ་ཤོག ། འཁོར་བའི་བྱ་བ་སྙིང་པོ་མེད་ལ་ཆགས་པ་མཐའ་དག་རབ་ཞི་ཞིང༌། ། བྱམས་དང་ཐུགས་རྗེའི་ཆུ་རྒྱུན་བསིལ་བས་ཞེ་སྡང་མེ་ཚོགས་ཞི་མཛད་ལ། ། མཁྱེན་རབ་རྣམ་དག་ཉིན་བྱེད་འོད་ཀྱིས་གཏི་མུག་མུན་པ་ཞི་གྱུར་པ། ། ཞི་ཞིང་དུལ་བས་དུག་གསུམ་ཞི་མཛད་ཞི་བའི་ལྷ་ལ་ཕྱག་འཚལ་ལོ། ། དེ་ཡི་གསུང་རབ་རྣམ་པར་འགྲེལ་མཛད་འཕགས་པའི་ཡུལ་གྱི་མཁས་རྣམས་དང༌། ། གངས་ཅན་ཁྲོད་འདིར་གསལ་བར་སྟོན་མཛད་དམ་པ་རྣམས་ལའང་ཕྱག་འཚལ་ནས། ། དད་ལྡན་སློབ་མས་ཡང་ཡང་བསྐུལ་ཕྱིར་བྱང་ཆུབ་སྤྱོད་ལ་འཇུག་པའི་གཞུང༌། ། ཇི་ལྟར་ནུས་བཞིན་ལེགས་པར་བཤད་ཀྱིས་དོན་གཉེར་ལྡན་རྣམས་དགྱེས་པར་མཛོད། ། བར་དུ་དགེ་བ་གཞུང་། གཉིས་པ། གཞུང་གི་དོན། འདིར་གང་དག་ཐར་བ་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པའི་སྐལ་བ་དང་ལྡན་པ་རྣམས་ཀྱིས། དལ་འབྱོར་གྱི་ལུས་རིན་པོ་ཆེ་ཐོབ་པའི་དུས་སུ་འཁོར་བའི་བྱ་བ་སྙིང་པོ་མེད་པ་ལ་ཆགས་པ་སྤངས་ནས། བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་ལྡན་ཞིང་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྩེ་གཅིག་ཏུ་བརྩོན་པའི་ཚུལ་གྱིས་སྒོ་གསུམ་གྱི་དགེ་བ་ཐམས་ཅད་བྱང་ཆུབ་ཆེན་པོའི་ལམ་དུ་བསྒྱུར་ཏེ། དམ་པའི་ཆོས་ཀྱི་བྱ་བ་ཁོ་ན་ནན་ཏན་སྙིང་པོར་བྱ་བ་ཉིད་དོ། །དེའི་ཚུལ་ཡང་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསྐལ་པ་གྲངས་མེད་པ་གསུམ་དུ་ཉེ་བར་བསགས་པ་ལས། རང་གཞན་གྱི་དོན་གཉིས་མཐར་ཕྱིན་པ་སྐུ་གཉིས་ཀྱི་གོ་འཕང་ཕུན་སུམ་ཚོགས་པ་བརྙེས་ཏེ། གདུལ་བྱ་རྣམས་ཀྱང་དེ་ལ་དགོད་པའི་ཆེད་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རིམ་པ་ལྟར་བསྐོར་བས་གསལ་བར་མཛད་ཅིང་རྒྱལ་བའི་སྲས་པོ་དམ་པ་རྣམས་ཀྱི་དགོངས་འགྲེལ་གྱི་བསྟན་བཅོས་རབ་ཏུ་མང་པོ་དག་གིས་ཀྱང་ཤིན་ཏུ་གསལ་བར་མཛད་པས། རེ་ཞིག་དང་པོར་བླང་དོར་གྱི་གནས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་གསུང་རབ་ལུང་གི་ཆོས་ལ་ཐོས་བསམ་རྣམ་པར་དག་པས་འཇུག་པར་བྱའོ། ། དེ་ལ། དམ་པའི་ཆོས་ལ་འཇུག་ཚུལ་ཐུན་མོང་དུ་བསྟན་པ་དང༌། སྐབས་སུ་བབ་པའི་བསྟན་བཅོས་ཁྱད་པར་དུ་བཤད་པ་གཉིས་ལས། དང་པོ། ཆོས་ལ་འཇུག་ཚུལ་ཐུན་མོང་དུ་བསྟན་པ། དང་པོ་ལའང༌། ཐོབ་པར་བྱ་བ་ཐར་པའི་ཕན་ཡོན། སྤང་བར་བྱ་བ་འཁོར་བའི་ཉེས་དམིགས། བསྒྲུབ་པར་བྱ་བ་ཆོས་ལ་འཇུག་ཚུལ་ལོ། ། ༼༡༽ཐོབ་པར་བྱ་བ་ཐར་པའི་ཕན་ཡོན། དང་པོ་ནི། དམ་པའི་ཆོས་ལ་ཞུགས་པ་རྣམས་ཀྱི་འབྲས་བུ་མཐར་ཕྱིན་པ་ནི། སངས་རྒྱས་ལ་མངའ་བའི་ཡོན་ཏན་རྣམས་ཡིན་ལ། དེའང་རྒྱ་ཆེར་ལུང་རྣམ་དག་ལས་འབྱུང་བ་ལྟར་མཐའ་ཡས་ཤིང༌། མདོར་བསྡུ་ན་དོན་གཉིས་མཐར་ཕྱིན་པ་སྐུ་གཉིས་དང་འབྲེལ་བའི་འབྱོར་བ་ཕུན་སུམ་ཚོགས་པ་རྣམས་ཏེ། རྒྱུད་བླ་མར། བདག་ཉིད་ཀྱི་ནི་འབྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་པ་ལྟར་རོ། །དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཐམས་ཅད་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པར་ཡང་གསུངས་ཏེ། མདོ་སྡེའི་རྒྱན་ལས། ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ་ཡི་ཟིལ་གྱིས་གནོན། །རང་སངས་རྒྱས་གྱི་ས་པ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན། །དེ་ ཡིས་བྱང་ཆུབ་སེམས་དཔའ་ཡི། །འབྱོར་བའི་ཆར་ཡང་མི་ཕོད་དོ། །དེ་ཡིས་དེ་བཞིན་གཤེགས་པ་ཡི། །འབྱོར་བའི་ཆར་ཡང་མི་ཕོད་དོ། །ཞེས་པ་ལྟར་རོ། །ཡོན་ཏན་གྱི་འབྱོར་བ་མཐར་ཐུག་པ་དང་ལྡན་པའི་སངས་རྒྱས་ཉིད་ནི། གང་ལས་འགྲུབ་པའི་རྒྱུ། ཇི་ལྟར་འགྲུབ་པའི་ཚུལ། གང་ཞིག་གྲུབ་པའི་དོན། སྒྲུབ་པར་རིགས་པའི་ཚུལ་རྣམས་ཀྱིས་བཤད་པར་བྱ་སྟེ། དེ་ལ་དང་བོ་རྒྱུ་ནི་འཆད་པར་འགྱུར་པ་ལྟར་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ཚོགས་གཉིས་རྒྱ་ཆེན་པོ་རིམ་གྱིས་རྫོགས་པར་བྱེད་པ་སྟེ། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉི་གའི་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་པ་རྣམས་སོ། །དེའང་གཙོ་ཆེར་མཉམ་གཞག་ཏུ་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། རྗེས་ཐོབ་ཏུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ནི་བསོད་ནམས་ཀྱི་ཚོགས་ཡིན་པས་དེ་དག་ལ་འབད་པར་རིགས་ཏེ། རྣམ་པར་མི་རྟོག་ཡེ་ཤེས་ནི། །སངས་རྒྱས་ཆོས་རྣམས་སྦྱོང་བར་བྱེད། །གཞན་ནི་ཇི་བཞིན་རྣམ་འཇོག་པས། །སེམས་ཅན་རྣམ་ཡོངས་སྨིན་པར་བྱེད། །ཅེས་པ་ལྟར་རོ། ། དེ་ལྟར་སེམས་བསྐྱེད་ནས་བསྐལ་པ་གྲངས་མེད་པ་གཅིག་གི་བར་དུ་ཚོགས་བསགས་པ་ལས་ས་དང་པོ་ཐོབ་ཅིང༌། གྲངས་མེད་གཉིས་པས་ས་བདུན་པའི་བར་དང༌། གྲངས་མེད་གསུམ་པས་ས་བཅུ་པའི་བར་ཐོབ་ནས་མངོན་པར་རྫོགས་པར་འཚང་རྒྱ་བ་སྟེ། (མཛོད་དུ་)དེ་གྲངས་མེད་གསུམ་ལ་འཚང་རྒྱ། །ཞེས་པ་ལྟར་རོ། །འོན་ཀྱང་བརྩོན་འགྲུས་དང་ཐབས་ལ་མཁས་པའི་ཁྱད་པར་གྱིས་བསྐལ་པ་མང་པོའང་དུས་ཐུང་ངུར་འདུ་བ་སྲིད་དེ། དུས་གསུམ་བརྟག་པར། རྨི་ལམ་ན་ནི་ལོ་གཅིག་ཀུན། །ཡུད་ཙམ་གྱིས་ནི་དམིགས་པ་སྟེ། །དེས་ནི་དཔག་མེད་དུས་རྣམས་ཀྱང༌། །སྐད་ཅིག་ཉིད་དུ་འདུ་བར་འགྱུར། ། ཞེས་པ་ལྟར་རོ། ། (གཉིས་པ་)འགྲུབ་ཚུལ་ལ་གསུམ་ལས། (དང་པོ་) གང་ལས་འགྲུབ་ཚུལ་ནི། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སེམས་ཅན་ལ་ཕན་པ་བསྒྲུབས་པ་ལས་རྣམ་པར་སྨིན་པའི་འབྲས་བུ་གཟུགས་ཀྱི་སྐུ་འགྲུབ་ཅིང༌། ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་མི་རྟཽག་པའི་ཏིང་ངེ་འཛིན་བསྒོམས་པ་ལས་དྲི་མ་དང་བྲལ་བའི་འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པ་སྟེ། རིན་ཆེན་ཕྲེང་བར། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་ཡང་དག་འཁྲུངས། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། ཞེས་པ་ལྟར་རོ། ། (གཉིས་པ་)གནས་གང་དུ་འགྲུབ་ཚུལ་ནི། འོག་མིན་ཆེན་པོར་ལོངས་སྐུའི་རྟེན་ལ་ཆོས་ཀྱི་སྐུ་མངོན་དུ་མཛད་ཅིང༌། གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ལ་སོགས་པར་སྤྲུལ་པའི་སྐུས་ཅིག་ཅར་མངོན་པར་བྱང་ཆུབ་པར་མཛད་པ་སྟེ། ལང་ཀར་གཤེགས་པར། གཙང་མའི་གནས་རྣམས་སྤངས་པ་ཡི། །འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་པོ་འདིར་མངོན་སངས་རྒྱས། །ཞེས་པ་ལྟར་རོ། ། (གསུམ་པ་)གནས་གྱུར་ལས་འགྲུབ་ཚུལ་ནི། དཔྱད་ན་དོན་ལ་མེད་པའི་གློ་བུར་གྱི་དྲི་མ་མཐའ་དག་སྤངས་ནས་མི་སྣང་ཞིང༌། རྟག་ཏུ་མི་འགྱུར་བར་ཡོད་པ་ཆོས་ཀྱི་དབྱིངས་མཐའ་དག་མངོན་སུམ་དུ་སྣང་བས། ཇི་ལྟར་བཞེད་པ་བཞིན་ཟག་པ་མེད་པའི་འབྱོར་པ་ལ་སྤྱོད་པ་སྟེ། རྒྱན་ལས། དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཡིན་ཤེས་བྱ། །དེ་ནི་གནས་གཞན་གྱུར་པ་སྟེ། །འདོད་དགུར་སྤྱོད་ཕྱིར་ཐར་པ་ཡིན། །ཞེས་པ་ལྟར་རོ། །