ཕར་ཕྱིན་མདོ་ལུགས་མ།

ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་བཤད་པར་བྱ་སྟེ། དེ་ལ་བསྟན་པ་དང༌། བཤད་པ་གཉིས་ལས་དང་པོ་ནི། མཚན་ནི་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་བཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ཡོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་མཚན་དཔེ་འདི་ལ་བདེན་པ་གཉིས་ཀྱི་དབྱེ་བ་ཤེས་པར་བྱ་སྟེ། གཤིས་ལུགས་ཆོས་ཉིད་ཀྱི་མཚན་དཔེ་དོན་དམ་དང༌། སེམས་ཅན་གྱི་མཐོང་ལུགས་དངོས་པོའི་མཚན་དཔེ་ཀུན་རྫོབ་པའོ། །མཚན་དང་དཔེ་བྱད་ལ་གྲངས་ངེས་བསྟན་པ་ནི། སེམས་ཅན་གྱི་བསམ་པའི་དབང་གིས་ཡིན་གྱི། དོན་ལ་ནི་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པར་སོར་འཕྲེང་གི་མདོ་ལས་གསུངས་སོ། །འདི་དག་གིས་སྐྱེས་བུ་ཆེན་པོར་མཚོན་པས་ན་མཚན་ནོ། །དེ་ལ་འཁོར་ལོས་བསྒྱུར་བའི་མཚན་ནི་འདུས་བྱས་ཡིན་ལ། སངས་རྒྱས་ཀྱི་མཚན་ནི་སོ་སོར་རང་རིག་པའི་ཡེ་ཤེས་འདུས་མ་བྱས་པ་ཡིན་ཏེ། ལང་ཀར་གཤེཊ་པར། མངོན་པར་འདུ་བྱེད་མཚན་རྣམས་ཀྱིས། །སངས་རྒྱས་མཚན་ལྡན་མ་ཡིན་ཏེ། །དེ་དག་འཁོར་ལོས་སྒྱུར་ཡོན་ཏན། །དེས་ནི་སངས་རྒྱས་མི་བརྗོད་དོ། །སངས་རྒྱས་མཚན་ནི་ཡེ་ཤེས་ཏེ། །ལྟ་བའི་ཉེས་པ་རྣམས་སྤངས་པ། །སོ་སོ་རང་གི་ལྟ་བས་རྟོགས།ཞེས་པའི་དོན་ཏོ། །དེས་ན་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་ནི། གཉིས་མེད་ཡེ་ཤེས་ཀྱི་ངོ་བོ་གྱུར་པའི་མཚན་ནི་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་བདག་ཉིད་དུ་གྱུར་པ་འདི་ཐེག་པ་ཆེན་པོའི་ཆོས་རྫོགས་པར་ཉེ་བར་ལོངས་སྤྱོད་པའི་སྐུ་ཡིན་པའི་ཕྱིར། ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་མདོ་ལས་བཞེད་དོ། །གཉིས་པ་རྒྱས་པར་བཤད་པ་ལས། མཚན་བཟང་བཤད་པ་དང༌། དཔེ་བྱད་བཤད་པ་གཉིས་ལས་དང་པོ་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་རུ་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་པ་དང༌། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །སོར་མོ་རིང་དང་རྟེང་ཡངས་སྐུ་ཆེ་དྲང༌། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག ། ལྤགས་པ་གསེར་མདོག་ལྤགས་པ་སྲབ་པ་དང༌། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། ། ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང༌། །སྐུ་ནི་ནྱ་ཀྲོ་རྡ་ལྟར་ཆུ་ཞེང་གབ། གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང༌། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམ། །ཤིན་ཏུ་དཀར་དང་ཚད་མཉམ་ཐག་བཟང་དང༌། །གྲངས་ནི་བཞི་བཅུ་ཐམ་བ་ཚང་བ་དང༌། །སྦྱན་ནི་མཐོན་མཐིང་སྦྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་པ་མདོ་ལས་མཚན་འདི་རྣམས་བསྟན་པ་དང་བཤད་པ་དང་རྒྱུ་དང་འབྲས་བུ་སྟེ་རྣམ་པ་བཞིས་བསྟན་ནོ། །དེ་ལ་སྔོན་གྱི་ལས་སྨོས་པས་ནི། མཚན་འདི་དག་སྒྲུབ་བྱེད་ཀྱི་རྒྱུ་དང༌། སྔ་ལྟས་སྨོས་པས་ནི། མཚན་འདི་དག་གི་འབྲས་བུ་བསྟན་པར་ཤེས་པར་བྱའོ། །བླ་མ་བསུ་བསྐྱལ་དང༌། ཆོས་ཉན་པ་ལ་སྡོད་པ་དང༌། མཆོད་རྟེན་ལ་སོགས་པ་ལ་སྟི་སྟང་བྱས་པས། ཕྱག་དང་ཞབས་རྩིབ་སྟོང་བའི་འཁོར་ལོའི་མཚན་པ་སོ་ལ་རྐོས་པ་དང་འདྲ་བ་ལྡན་པ་སྟེ། དེ་ནི་འཁོར་ཤིན་ཏུ་མང་བོའི་ལྔ་ལྟས་སོ། ཡིད་དམ་ལ་བརྟན་པས་ཞབས་རུ་སྦལ་བཞིན་དུ་གནས་པ་སྟེ། དེ་ནི་མི་གཡོ་ཞིང་བརྟན་པའི་སྔ་ལྟས་སོ། །བསྡུ་པ་བཞི་གོམས་པར་བྱས་པས་ཕྱག་དང་ཞབས་ཀྱི་སོར་མོ་ངང་བའི་རྒྱལ་པོ་ལྟར་དྲ་བས་འབྲེལ་བ་སྟེ། དེ་ནི་འཁོར་མྱུར་དུ་འདུ་བའི་སྔ་ལྟས་སོ། །བཟའ་བཏུང་ཞིམ་ཞིང་ཉམས་སུ་བདེ་བ་བྱིན་པས་ཕྱག་ནི་ཞབས་དང་བཅས་པ་འཇམ་ཞིང་གཞོན་ཤ་ཆགས་པ་དང༌། ཐུབ་པ་འདིའི་སྐུ་འདི་ནི་ཞབས་གཉིས་དང་ཕྱག་གཉིས་དང་ཕྲག་པ་གཉིས་དང་ལྷག་པ་སྟེ་བདུན་དག་མཐོ་བ་དང༌། མཚན་དེ་གཉིས་ནི། བཟའ་བ་དང་བཅའ་བ་དང་བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་འཐོབ་པའི་སྔ་ལྟས་སོ། །བཅིངས་པ་ལས་བགྲོལ་སྲོག་སྐྱབས་སྲོག་གཅོད་སྤངས་པས་ཕྱག་ཞབས་ཀྱི་སོར་མོ་རིང་བ་དང་རྟིང་པ་ཡངས་པ་དང༌། སྐུ་ཆེ་ཞིང་དྲང་བ་སྟེ། དེ་ནི་སྐུ་ཚེ་རིང་བའི་སྔ་ལྟས་སོ། །དགེ་བའི་ཆོས་བླངས་བ་དང༌། གཟུང་བ་སྤེལ་ཞིང་མ་འགྲིབ་པར་བྱས་པས་ཞབས་ཀྱི་འབུར་སྐྱོང་མི་མངོན་པ་དང༌། བ་སྤུའི་རྩེ་མོ་ནི་གྱེན་ཕྱོགས་པ་སྟེ། དེ་ནི་མི་མཉམ་པའི་ཆོས་དང་ལྡན་བའི་སྔ་ལྟས་སོ། །རིག་པ་དང་བཟོའི་ལས་རང་གིས་བླངས་བ་དང༌། གཞན་ལ་བྱིན་པས་བྱིན་པ་རི་དྭགས་ཨེ་ན་ཡ་ཤ་བའི་བྱིན་པ་འདྲ་བ་སྟེ། དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་སོ། །ནོར་ལ་སེར་སྣ་མ་བྱས་པས། མ་བཏུད་ཀྱང་བཏུད་ཀྱང་བརླ་དྲང་བོར་སླེབ་པའི་ཕྱག་རིང་ཞིང་མཛེས་པ་སྟེ། དེ་ནི་ཡོ་བྱད་ལ་མངའ་བརྙེས་པ་དང༌། དུལ་བའི་སྔ་ལྟས་སོ། །མཛའ་བ་མ་ཕྱེ་བ་དང་ཕྱེ་བའི་སེམས་ཅན་ཚངས་སྦྱོད་ལ་སྐུལ་བ་དང༌། གསང་ཚིག་བསྲུངས་པས། འདོམས་ཀྱང་སྦ་ཞིང་གསང་བར་བྱ་བ་གླང་པོ་ཆེ་བཞིན་དུ་སྦུབས་སུ་ནུབ་པའི་མཆོག་སྟེ། དེ་ནི་བུ་མང་བའི་ལྔ་ལྟས་སོ། །གོས་སྟན་དང་གཞལ་མེད་ཁང་དང་གནས་བཟང་པོ་བྱིན་པས་ལྤགས་པ་གསེར་གྱི་མདོག་ལྟར་སྣུམ་པ་དང༌། ལྤགས་པ་སྲབ་པ་སྟེ། དེ་དག་ནི་གདན་ན་བཟའ་ཁང་བ་གཞལ་མེད་ཁང་གནས་བཟང་པོ་འཐོབ་པའི་སྔ་ལྟས་སོ། །འདི་འཛི་སྤངས་པ་དང་མཁན་སློབ་ཕ་མ་ལ་སོགས་ལ་ཚུལ་བཞིན་བཀུར་སྟི་ལ་སོགས་བྱས་པའི་བ་སྤུ་ནི་བུ་ག་རེ་རེ་ནས་གཡས་སུ་ལེགས་པར་འཁྱིལ་བ་འཁྲུངས་པ་དང༌། །ཞལ་གྱི་སྨིན་མའི་དབུས་དཀར་ཞིང་ཤིན་ཏུ་ཕྲ་བ་སུམ་ཅུ་རྩ་གཉིས་མཛོད་སྤུ་གཡས་སུ་འཁྱིལ་བ་ཟླུམ་པོས་བརྒྱན་པ་སྟེ། དེ་ནི་མཉམ་པ་ཉིད་མེད་པའི་སྔ་ལྟས་སོ། །མི་ཟློས་ལ་སྙམ་པར་སྨྲ་ཞིང་ལེགས་བཤད་མཐུན་པརའཛིན་པས་རོ་སྟོད་སེང་གེའི་རོ་སྟོད་འདྲ་བ་དང༌། སྐུ་འདིའི་དཔུང་པའི་མགོ་ལྷུན་མཛེས་ཤིང་ཟླུམ་པ་སྟེ། འདི་ནི་ཐུབ་པ་མེད་པའི་སྔ་ལྟས་སོ། །ནད་པ་རྣམས་ལ་སྨན་དཔྱད་རིམ་གྲོ་དང༌། རྩི་དང་ཕན་པའི་ཟས་ཕྱིན་པས་ཐལ་གོང་མགྲིན་པ་ཟླུམ་ཞིང་ཐོང་ཀ་རྒྱས་པ་དང༌། ཐུབ་པ་འདི་ལ་རླུང་མཁྲིས་བད་ཀན་གྱིས་མ་ཉམས་པའི་རྩའི་མཆོག་རྣམས་མངའ་བས་རོ་མི་ཞིམ་པ་ཡང་རོ་མཆོག་ཏུ་སྣང་བ་སྟེ། དེ་ནི་ནད་ཉུང་བའི་སྔ་ལྟས་སོ། །སྐྱེད་མོས་ཚལ་དང་འཁོར་བཟའ་བཏུང་དང༌། ཟམ་སྟེགས་བྱེད་པ་དང༌། གཙུག་ལག་ཁང་ལ་སོགས་བ་གཏོང་ཞིང་བྱིན་པས་སྐུ་ནི་ཆུ་ཞིང་མཉམ་པ་སྟེ། ནྱ་ཀྲོ་ཏ་ལྟར་ཆུ་ཞེང་གབ་བ་དང༌། དབུ་གཙུག་ཏོར་དང་ལྡན་པ་སྟེ། དེ་ནི་མངའ་ཐང་ཆེན་པོ་མངའ་བའི་སྔ་ལྟས་སོ། །ཡུན་རིང་བོར་ཚིག་སྙན་ཅིང་འཇམ་ལ་ཉམས་སུ་བྱེད་བ་སྨྲས་པས་ལྗག་དབུ་སྐྲ་དང༌། སྙན་གྱི་བར་དུ་སླེབ་ལ་དཔྲལ་བ་ཡང་ཁེབས་པས་རིང་ལ་ཡངས་ཤིང་མཛེས་པ་དང༌། ཚངས་པའི་དབྱངས་ནང་དུ་ཇི་ལྟ་བ་བཞིན་དུ་ཡང་ཐོབ་པ་སྟེ། དེ་གཉིས་ནི་ཡན་ལག་ལྔ་ལྡན་གྱི་གསུང་མངའ་བའི་སྔ་ལྟས་སོ། །ཡན་ལག་ལྔ་ནི་ཡོངས་སུ་ཤེས་ཤིང་ཤེས་པར་འགྱུར་བ་དང༌། མཉན་ན་དགའ་བ་དང༌། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་དང༌། གདང་མི་ཕྲ་བ་དང༌། མི་འཁྲུགས་ཤིང་གསལ་བའོ། །ཡུན་རིང་པོ་ནས་ཚིག་འཁྱལ་བ་སྤངས་ཤིང་དུས་སུ་སྨྲས་པས་འགྲམ་པ་སེང་གེའི་དང་འདྲ་བ་སྟེ། དེ་ནི་ཚིག་ཀུན་གྱིས་ཉན་པའི་ལྔ་ལྟས་སོ། །འཚོ་བ་ཡོངས་སུ་དག་པས་ཚེམ་ཤིན་ཏུ་དཀར་བ་དང༌། ཚད་མཉམ་པ་སྟེ། དེ་ནི་འཁོར་སྔ་ནས་བསགས་པའི་སྔ་ལྟས་སོ། །ཡུན་རིང་བོ་ནས་བདེན་ཞིང་ཕྲ་མ་མེད་པའི་ཚིག་སྨྲས་པས། ཚེམས་ཐག་བཟང་བ་དང༌། གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་སྟེ། དེ་ནི་འཁོར་དབྱེར་མི་ཕྱེད་པའི་སྔ་ལྟས་སོ། །ཆགས་སྡང་རྨོངས་པ་མེད་པའི་མིག་གིས་བལྟས་པས། སྤྱན་ནི་དཀར་བ་དང༌། མཐོན་མཐིང་གི་ཤན་ཕྱེད་པ་དང༌། སྤྱན་གྱི་རྫི་མ་བ་ཁྱུ་མཆོག་གི་རྫི་མ་དང་འདྲ་བ་སྟེ། དེ་ནི་ཀུན་ནས་མཛེས་པའི་ལྔ་ལྟས་སོ། །བཤད་མ་ཐག་པ་འདི་དག་གྲངས་སུམ་ཅུ་རྩ་གཉིས་ཚངས་པའི་མཚན་བཟང་པོ་སྟེ། འདི་ལ་མཚན་ནི་གང་གང་གི། སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་པའི་དགེ་བ། དེ་དང་དེ་ནི་རབ་རྫོགས་པས། འབྲས་བུ། མཚན་ནི་འདི་དག་ཡང་དག་འགྲུབ་པོ། རྒྱུ་དགེ་བ་ཡང་བླ་མ་སྐྱེལ་བ་ལ་སོགས་པ་དང༌། དམ་བཅས་ཡང་དག་བླངས་པ་བརྟན་པ་དང༌། བསྡུ་བ་བསྟེན་དང་གྱ་ནོམ་པའི། དངོས་པོ་སྦྱིན་དང་གསང་བྱ་བ། ཐར་བར་བྱེད་དང་དགེ་བ་ནི། ཡང་དག་བླངས་བ་སྤེལ་ལས་སོ། །འབྲས་བུ་མཚན་རྣམས་ཀྱི་སྒྲུབ་བྱེད་རྒྱུའི་མཚན་ཉིད་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་སྔར་བཤད་པ་དེ་རྣམས་ཤེས་བར་བྱའོ། །གཉིས་པ་དཔེ་བྱད་བཟང་པོ་བཤད་པ་ནི། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་སྣུམ་མཐོ་དང་སོར་མོ་རྣམས། ། ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང༌། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང༌། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང༌། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང༌། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །གོམ་སྙོམས་པ་དང་སྤྱན་གཉིས་ནི། དག་དང་གཞོན་ཤ་ཅན་ཉིད་དང༌། སྐུ་ཞིམ་མེད་དང་རྒྱས་པ་དང༌། ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། ཡན་ལག་ཤིན་ཏུ་རྣམ་འབྱིས་དང༌། གཟིགས་པ་སྒྲིབ་མེད་དག་པ་དང༌། སྐུ་ཟླུམ་སྐབས་ཕྱིན་མ་རྙོངས་དང༌། །ཕྱ་ལེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང༌། །ཀུན་ནས་བལྟ་ན་སྡུག་པ་དང༌། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་ནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཕྱག་རིངས་མདངས་ཡོད་ཟབ་རིང་དང༌། ། ཞལ་ནི་ཧ་ཅང་མི་རིང་དང༌། །མཆུ་ནི་བིམ་པ་ལྟར་དམར་དང༌། །ལྗགས་མཉེན་པ་དང་སྲབ་པ་དང༌། །དམར་དང་འབྲུག་གི་སྒྲ་ཉིད་དང༌། གསུང་མཉེན་པ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང༌། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང༌། །མཆོག་ཏུ་དག་པ་དག་དང་ནི། །སྦྱན་ཡངས་པ་དང་རྫི་མ་སྡུག །པད་མའི་འདབ་མ་འདྲ་བ་དང༌། །སྨིན་ཚུགས་རིང་དང་འཇམ་པ་དང༌། །སྣུམ་དང་སྤུ་ནི་མཉམ་པ་དང༌། །སྙན་རིང་རྒྱས་དང་སྙན་མཉམ་དང༌། །ཉམས་པ་རྣམ་པར་སྤངས་པ་དང༌། །དཔྲལ་བ་ལེགས་པར་འབྱེས་པ་དང༌། །དབྱེས་ཆེ་བ་དང་དབུ་རྒྱས་དང༌། དབུ་སྐྲ་བུང་བ་ལྟར་གནག་དང༌། སྡུག་འཇམ་མ་འཛིངས་མི་བཤོར་དང༌། །དྲི་ཞིམ་སྐྱེས་བུའི་ཡིད་འཕྲོག་དང༌། །དཔལ་གྱི་བེའུ་དང་བཀྲ་ཤིས་དང༌། གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་པ་དཔེ་བྱད་བཟང་པོ་འདི་རྣམས་ལ། །བཅོམ་ལྡན་འདས་རྣམས་ལ་ཡོན་ཏན་འདི་དང་འདི་མངའ་བས། དཔེ་བྱད་འདི་དང་འདི་མངའ་བ་ཡིན། ཞེས་པའི་རྒྱུ་མཚན་རེ་རེ་མདོ་ལས་བྱུང་བ་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་ནི་མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་པ་སྟེ། ཐུབ་པའི་སེན་མོ་ཟངས་ཀྱི་མདོག་ལྟར་འདུག་པ་དང༌། སེམས་ཅན་ལ་ཕན་པ་དང༌། བདེ་བའི་ཐུགས་མངའ་པས་སེན་མོའི་མདོག་སྣུམ་པ་དང༌། རིགས་རྒྱུད་མཐུན་པར་བྱུང་བས་སེན་མོ་མཐོ་བ་དང༌། ཁ་ན་མ་ཐོ་བ་མེད་པས་སོར་མོ་རྣམས་ཟླུམ་པ་དང༌། དགེ་བ་ཤིན་ཏུ་ཚོགས་པས་སོར་མོ་རྒྱས་པ་དང༌། རིམ་ཀྱིས་གྲུབ་པས་སོར་མོ་བྱིན་གྱིས་ཕྲ་བ་དང༌། འཕྲིན་ལས་དང༌། འཚོ་བ་ཤིན་ཏུ་དབེན་པས་རྩ་མི་མངོན་པ་དང༌། ཉོན་མོངས་ཀྱི་མདུད་པ་བཀྲོལ་བས་མདུད་པ་མེད་པ་དང༌། དབེན་པའི་ཆོས་མངའ་བས་ལོང་བུ་མི་མངོན་པ་དང༌། མཉམ་པ་ཐམས་ཅད་ལས་འདས་པས་ཞབས་མཉམ་པ་དང༌། མིའི་སེང་གེ་ཡིན་པས་སེང་གེའི་སྟབས་སུ་གཤེགས་པ་དང༌། མིའི་གླང་པོ་ཆེ་ཡིན་པས་གླང་ཆེན་གྱི་སྟབས་སུ་གཤེགས་པ་དང༌། ནམ་མཁའ་ལ་བཞུད་པས་བྱ་ངང་པའི་རྒྱལ་པོའི་སྟབས་སུ་གཤེགས་པ་དང༌། མིའི་ཁྱུ་མཆོག་ཡིན་པས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང༌། མཐུན་པའི་ལམ་མངའ་བས་གཡས་ཕྱོགས་སུ་གཤེགས་པ་དང༌། ལྟ་ན་མཛེས་པ་མཛེས་པར་གཤེགས་པ་དང༌། ཐུགས་ཡོན་པོ་མི་མངའ་པས་དྲང་པོར་གཤེགས་པ་དང༌། དག་པའི་ཡོན་ཏན་སྟོན་པས་སྐུ་ཤིན་ཏུ་ལེགས་པའི་འཁྲིལ་བག་ཆགས་པ་དང༌། སྡིག་པ་ཤིན་ཏུ་སྦྱངས་པས་སྐུ་བྱི་དོར་བྱས་པ་འདྲ་བ་དང༌། ཆོས་རིམ་གྱིས་སྟོན་པས་སྐུ་རིམ་པ་ནས་རིམ་པར་འཚམས་པ་དང༌། སྐུ་གསུང་ཐུགས་གཙང་བས་སྐུ་ཤིན་ཏུ་གཙང་བ་དང༌། རང་བཞིན་གྱིས་ཐུགས་འཇམ་པས་སྐུ་ཤིན་ཏུ་འཇམ་པ་དང༌། རང་བཞིན་གྱིས་ཐུགས་དག་པས་སྐུ་ཤིན་ཏུ་དག་པའི་སྐུ་དང༌། ཆོས་དང་འདུལ་བ་ཤིན་ཏུ་རྫོགས་པས་དཔེ་བྱད་ཡོངས་སུ་རྫོགས་པ་དང༌། ཡོན་ཏན་ཡངས་ཤིང་བཟང་བ་སྟོན་པས་སྐུའི་ཁོ་ལག་ཡངས་ཤིང་བཟང་བ་དང༌། སེམས་ཅན་ཐམས་ཅད་ལ་མཉམ་པའི་ཐུགས་མངའ་བས་གོམས་པ་སྙོམས་པ་དང༌། གཟིགས་པ་ཤིན་ཏུ་དག་པས་སྤྱན་གཉིས་ནི་དག་པ་དང༌། འཇམ་པའི་ཆོས་སྟོན་པས་སྐུ་གཞོན་ཤ་ཅན་ཉིད་དང༌། རྟག་ཏུ་ཞུམ་པ་མེད་པའི་ཐུགས་མངའ་བས་སྐུ་ཞུམ་པ་མེད་པ་དང༌། མི་དགེ་བའི་རྩ་བ་ཐམས་ཅད་བྱང་བས་སྐུ་ཤིན་ཏུ་རྒྱས་པ་དང༌། ཡང་སྲིད་བཅོམ་ཞིང་ཟད་པས་ཤིན་ཏུ་གྲིམས་ཤིང་མཁྲེགས་པའི་སྐུ་ཉིད་དང༌། རྟེན་འབྲེལ་གྱི་ཡན་ལག་ལེགས་པར་སྙོན་པས་ཡན་ལག་དང་ཉིང་ལག་ཤིན་ཏུ་སྤ་བར་རྣམ་པར་མཛེས་པ་དང༌། གཟིགས་པ་ཤིན་ཏུ་དག་པས་གཟིགས་པ་རབ་རིབ་སྒྲིབ་པ་མེད་ཅིང་དག་པ་དང༌། ཚུལ་དང་ལྡན་པའི་སློབ་མ་མངའ་བས་དཀུ་ཟླུམ་པ་དང༌། འཆོར་བའི་ཉེས་པ་ཐམས་ཅད་ཤིན་ཏུ་སྦྱངས་པས་ཕྱལ་སྐབས་ཕྱིན་པ་དང༌། ང་རྒྱལ་གྱི་དེའུ་བཅོམ་པས་ཕྱལ་མ་རྙོངས་པ་དང༌། ཆོས་ཟད་པ་བཟློག་པས་ཕྱལ་ཕྱམ་མེ་བ་དང༌། ཆོས་ཤིན་ཏུུ་ཟབ་མོ་ཐུགས་སུ་ཆུད་པས་ལྟེ་བ་ཟབ་པ་དང༌། མཐུན་པར་འཛིན་པའི་སློབ་མ་མངའ་བས་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་དང༌། སློབ་མ་ཀུན་ནས་མཛེས་པའི་དགེ་འདུན་མངའ་བས་ཀུན་ནས་བལྟ་ན་སྙིང་དུ་སྡུག་པ་དང༌། ཐུགས་ཤིན་ཏུ་གཙང་བས་ཀུན་སྤྱོད་ཤིན་ཏུུ་གཙང་བ་དང༌། ཆོས་ནག་པོ་དང་བྲལ་བའི་ཆོས་དང་འདུལ་བ་མངའ་བས་སྐུ་ལ་སྨེ་བ་ནག་བག་མེད་པ་དང༌། ཤིང་བལ་ལྟར་ཡང་པ་འཐོབ་པའི་ཆོས་སྟོན་པས་ཕྱག་ཤིང་བལ་ལྟར་འཇམ་པ་དང༌། དགེ་སྦྱོང་ཆེན་པོ་བརྙེས་པས་ཕྱག་གི་རི་མོ་སྣུམ་པའི་མདངས་ཡོད་པ་དང༌། ཟབ་ཅིང་བརྟེན་པར་བཞུགས་པས་ཕྱག་གི་རི་མོ་ཟབ་པ་དང༌། བཟོད་པའི་ཆོས་སྟོན་པས་ཕྱག་གི་རི་མོ་རིང་བ་དང༌། བསླབ་པའི་གནས་ཧ་ཅང་མི་རིང་བར་འཆའ་བས་ཞལ་གྱི་སྒྲོས་ནི་ཧ་ཅང་མི་རིང་བ་དང༌། གཟུགས་བརྙན་འཇིག་རྟེན་དུ་བཀྱེ་བས་མཆུ་ནི་བིམ་པ་ལྟར་དམར་ཞིང་གཟུགས་བརྙན་སྣང་བ་དང༌། འཇམ་ཞིང་ཏུལ་བས་ལྗགས་མཉེན་པ་དང༌། ཡོན་ཏན་ཕྲ་བའི་ཚོགས་དང་ལྡན་པས་ལྗགས་ཤིན་ཏུ་སྲབ་པ་དང༌། བྱིས་བའི་སྐྱེས་བུ་འདོད་ཆགས་ཅན་གྱིས་ཆོས་དང་འདུལ་བ་གཏིང་དཔག་དཀའ་བས་ལྗགས་ཤིན་ཏུུ་དམར་བ་དང༌། གླང་པོ་དང་འབྲུག་གི་སྒྲ་ལྟ་བུར་བསྙིངས་པ་མི་མངའ་བས་འབྲུག་གི་སྒྲ་དབྱངས་དང་ལྡན་པ་ཉིད་དང༌། སྙན་ཅིང་འཇམ་པར་སྨྲ་བའི་སློབ་མ་མངའ་བས་གསུང་མཉེན་ཅིང་འཇམ་པ་དང༌། སྲིད་པར་ཀུན་ཏུ་སྦྱོར་བས་ལས་འདས་པས་ཚེམས་མཆེ་བ་ཟླུམ་པ་དང༌། སྐྱེ་བོ་རྣོ་བ་རྣམས་འདུལ་བས་ཚེམས་མཆེ་བ་རྣོ་བ་དང༌། ཆོས་དང་འདུལ་བ་ཤིན་ཏུུ་དཀར་བས་ཚེམས་མཆེ་བ་ཤིན་ཏུུ་དཀར་བ་དང༌། སའི་ཕྱོགས་མཉམ་པ་ལ་བཞུགས་པས་མཆེ་བ་མཉམ་པ་དང༌། རིམ་གྱིས་རྟོགས་པའི་ཆོས་སྟོན་པས་མཆེ་བ་བྱིན་གྱིས་ཕྲ་བ་དང༌། ཤེས་རབ་ཀྱི་རི་བོ་མཐོན་པོ་ལ་བཞུགས་པས་ཤངས་མཐོ་བ་དང༌། འདུལ་བའི་སྐྱེ་བོ་གཙང་མ་མངའ་བས་ཤངས་མཆོག་ཏུ་དག་ཅིང་གཙང་བ་དང༌། སངས་རྒྱས་ཀྱི་ཆོས་ཡངས་པ་མངའ་བས་སྤྱན་རིང་ཞིང་ཡངས་པ་དང༌། སེམས་ཅན་གྱི་ཚོགས་ཤིན་ཏུ་བསགས་པས་རྫི་མ་སྡུག་པ་དང༌། ལྷ་དང་ལྷ་མ་ཡིན་དང་ན་ཆུང་མཆོག་རྣམས་ཀྱིས་དགའ་བར་བྱ་བ་ཡིན་པས་སྤྱན་པད་མའི་འདབ་མ་འདྲ་བ་དང༌། རྟག་ཏུ་ཡངས་པ་གཟིགས་པས་སྨིན་མའི་ཚུགས་རིང་བ་དང༌། འཇམ་པོས་འདུལ་བ་ལ་མཁས་པས་སྨིན་མ་འཇམ་པ་དང༌། དགེ་བའི་སྣུམ་གྱིས་སྣུམ་པའི་སྐྱེ་བོ་འདུལ་བས་སྨིན་མ་སྣུམ་པ་དང༌། སྐྱོན་ཐམས་ཅད་མཁྱེན་པས་སྨིན་པའི་སྤུ་མཉམ་པ་དང༌། ཆོས་ཡངས་ཤིང་དོན་དང་ལྡན་པ་མངའ་བས་སྙན་ཤལ་རིང་ཞིང་ལེགས་པར་རྒྱས་པ་དང༌། ཉོན་མོངས་པའི་རྒྱུད་ལས་རྒྱལ་བས་སྙན་མཉམ་པ་དང༌། སེམས་ཅན་བསམ་པ་མ་ཉམས་པ་འདུལ་བས་སྙན་གྱི་དབང་པོ་ཉམས་པ་རྣམ་པར་སྤངས་པ་དང། ལྟ་བའི་རྣམ་པ་ཐམས་ཅད་བྱང་བས་དཔྲལ་བ་ལེགས་པར་གྲུབ་པ་དང༌། ཕས་ཀྱི་རྒོལ་བ་ཤིན་ཏུ་འདུལ་བས་དཔྲལ་བ་དབྱེས་ཆེ་བ་སྟེ་ཡངས་པ་དང༌། སྨོན་ལམ་དམ་པ་རྫོགས་པས་དབུ་རྒྱས་པ་དང༌། ཡུལ་གྱི་པུང་པ་བཟློག་པས་དབུ་སྐྲ་བུང་བ་ལྟར་གནག་པ་དང༌། མཐོང་སྒོམ་གྱིས་སྤང་བྱའི་བག་ལ་ཉལ་བ་ཟད་པས་དབུ་སྐྲ་སྡུག་པ་དང༌། ཐུགས་འཇམ་པོས་བསྟན་པའི་སྙིང་པོ་ཐུགས་སུ་ཆུད་པས་དབུ་སྐྲ་འཇམ་པ་དང༌།རྟག་ཏུ་མ་འཁྲུགས་པའི་ཐུགས་དང་ལྡན་པས་དབུ་སྐྲ་མ་འཛིངས་པ་དང༌། བརླང་བའི་གསུང་དང་བྲལ་བས་དབུ་སྐྲ་མི་བཤོར་བ་སྟེ་མི་རྩུབ་པ་དང༌། བྱང་ཆུབ་ཀྱི་ཡན་ལག་སྤོས་ཀྱི་མེ་ཏོག་གིས་སྐྱེ་བོ་མཐུན་པར་སྒྲུབ་པས་དབུ་སྐྲ་དྲི་ཞིམ་ཞིང་སྐྱེས་བུའི་ཡིད་འཕྲོག་པར་བྱེད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་དགའ་བ་འཁྱིལ་བས་བརྒྱན་པ་སྟེ། དེ་རྣམས་ནི་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུར་མདོ་ལས་བཞེད་པ་ཡིན་ནོ། ། ༣༽སྤྲུལ་པའི་སྐུ་བཤད་པ། ད་ནི་སྤྲུལ་པའི་སྐུ་བཤད་པར་བྱ་སྟེ། །དབུ་མ་མདོ་སྡེའི་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ ཐབས་ཡིན་ནོ། །ཞེས་དང༌། རྒྱུད་བླ་མར་ཡང༌། །ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་ནས་ནི་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་བ་དང༌། ། ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། ། ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར། །གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག ། མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་པ་སྣ་ཚོགས་པའི་སྤྲུལ་པ་གང་གིས་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ། འགྲོ་བ་སེམས་ཅན་ཐམས་ཅད་གང་ལ་གང་འདུལ་དེར་སྟོན་པའི་ཚུལ་གྱིས་གནས་སྐབས་དང༌། མཐར་ཐུག་གི་ཕན་པའི་རྣམ་པ་སྣ་ཚོགས་པ་དག་མཉམ་པ་སྟེ་གཅིག་ཆར་དུ་མཛད་པའི་སྐུ་གང་ཡིན་པ་དེ་ནི་ཐུབ་པའི་གཟུགས་སྐུ་གཉིས་ལས་སྤྲུལ་པའི་སྐུ་ཡིན་ནོ། །དཔེར་ན་མེ་ལ་ལར་འབར་བར་སྣང་ཞིང་ལ་ལར་ཞི་བར་སྣང་བ་དང༌། ཞི་བར་སྣང་བ་ལས་སླར་ཡང་འབར་བར་སྣང་བ་ལྟར། སྐུ་འདི་ནི་སྣང་བ་ལས་ནི་སྣང་བ་དང༌། ལ་ལར་མི་སྣང་བ་ལས་སླར་ཡང་ལ་ལར་སྣ་ཚོགས་སུ་སྟོན་པའི་ཕྱིར་ཇི་སྲིད་འཁོར་བ་གནས་ཀྱི་བར་དུ་རྒྱུན་མི་འཆད་པ་ཡིན་ནོ། ། ༤༽འཕྲིན་ལས་བཤད་པ།