ཕར་ཕྱིན་མདོ་ལུགས་མ།

སྐབས་དེ་ཉིད་ཀྱི་ཆེད་དུ་བྱ་དང་ཞེས་པའི་སྐབས་ཀྱི་མདོ་ལས་ཀྱང༌། རབ་འབྱོར་གལ་ཏེ་གཟུགས་དེ་བཞིན་མ་ནོར་བ་དང་གཞན་མ་ཡིན་པ་དང་ཕྱིན་ཅི་མ་ལོག་པ་དང༌། དེ་ཁོ་ན་དང་ཡང་དག་པ་དང། བདེན་པ་དང། ཇི་ལྟ་བ་བཞིན་དང། རྟག་པ་དང། བརྟན་པ་དང། ཐེར་ཟུག་དང་མི་འགྱུར་བའི་ཆོས་ཅན་ཡིན་ལ། དེ་དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་གཟུགས་ནི་བརྟགས་པ་རྣམ་པར་བསྒྲུབས་པ་ཚིག་གིས་བསྟན་པ་སྟེ། དེ་ཐམས་ཅད་མི་བརྟག་ཅིང་མི་བརྟན་ཞིང་ཐེར་ཟུག་མ་ཡིན་ལ་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་ཅིང་དངོས་པོ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །ཞེས་གསུངས་པའི་དོན་ཡང་དེ་བཞིན་ཉིད་ལ་སོགས་པའི་ངོ་བོར་འགྱུར་པའི་ཐེག་པ་ཆེན་པོ་ཉིད་ངེས་འབྱུང་བསྒྲུབ་པ་ཡིན་ལ། སྒྲུབ་པ་དེས་འཇིག་རྟེན་ཟིལ་གྱིས་མནན་ཅིང་ཁམས་གསུམ་ནས་ངེས་པར་འབྱུང་ཞེས་པར་མདོ་སྡེ་རྒྱན་གྱི་འགྲེལ་པར་སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱིས་གསུངས་སོ། །གཞན་ཡང་བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། ཞེས་པ་དང༌། སྐབས་དེ་ཉིད་ཀྱི་མདོ་ལས་ཀྱང༌། རབ་འབྱོར་ཟབ་མོ་ཞེས་བྱ་བ་འདི་ནི་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་ཆོས་དབྱིངས་ཀྱི་ཚིག་བླ་དྭགས་སོ། །ཞེས་སྐབས་དེ་ཉིད་ཀྱི་སྟོང་པ་ཉིད་ལ་སོགས་པ་དང་དེ་བཞིན་ཉིད་ལ་སོགས་པ་སྒོམ་པའི་ལམ་ཡིན་པར་གསུངས་སོ། །སྐད་ཅིག་མའི་སྦྱོར་བའི་སྐབས་སུ་ཡང༌། བར་ཆད་མེད་པའི་ཏིང་ངེ་འཛིན་ནི། དེ་ནི་རྣམ་པ་ཀུན་མཁྱེན་ཉིད། ཅེས་སྦྱོར་བའི་ངོ་བོར་གྱུར་པའི་རྣམ་མཁྱེན་དེ་ཉིད་ཀྱི་དམིགས་པ་དངོས་མེད་དང༌། རྣམ་པ་ཞི་བ་དང་མཚན་ཉིད་ནི་མཚན་ཉིད་མེད་པ་མཚན་ཉིད་གཅིག་པ་ལ་སོགས་པའི་ཚུལ་གྱིས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཡིན་པར་གསུངས་སོ། །དེས་ན་སློབ་པའི་སྐབས་སུ་ཆོས་དབྱིངས་དང༌། རྣམ་མཁྱེན་ཉིད་ལ་སློབ་པ་དང༌། ཞུགས་པ་གང་ཡིན་པ་དེ་ཉིད་ལམ་ལ་སློབ་པ་དང་ལམ་ལ་ཞུགས་པ་ཡིན་པར་གསུངས་པའི་ཕྱིར། འདིར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལམ་ཞེས་པའི་དོན་ནི་དེ་ཡིན་ནོ། །གལ་ཏེ་ཆོས་ཀྱི་དབྱིངས་དང༌། བྱང་ཆུབ་དང༌། རྣམ་མཁྱེན་རྣམས་གཞི་འབྲས་ཡིན་པའི་ཕྱིར་ལམ་ཡིན་པར་འགལ་ལོ་ཞེ་ན། གཞི་དང་འབྲས་བུའི་གནས་སྐབས་ན་ལམ་དུ་མ་གསུངས་པའི་ཕྱིར་བདེན་མོད་ཀྱི། སློབ་པའི་གནས་སྐབས་ན་ནི། ལམ་དུ་གསུངས་པའི་ལུང་རྣམ་དག་ཤིན་ཏུ་མང་བར་སྣང་བའི་ཕྱིར་སྐབས་ལ་ལྟོས་ནས་ལེགས་པར་ཕྱེ་ནས་གསུངས་པ་ཡང་ཤིན་ཏུ་མང་བར་སྣང་ངོ༌། །ཇི་སྐད་དུ། སྔོན་གྱི་གནས་སྐབས་ནི་རྒྱུ་ཡིན་པའི་ཕྱིར་ལམ་ཞེས་བྱའོ། །ཕྱི་མའི་གནས་སྐབས་ལ་བྱང་ཆུབ་ཅེས་བྱའོ། །ཞེས་པ་ལ་སོགས་པ་རྣམས་སོ། །དེས་ན་སྐབས་ལ་ལྟོས་ནས་ལེགས་པར་འབྱེད་པ་ནི་ཤིན་ཏུ་གལ་ཆེ་སྟེ། ཇི་སྐད་དུ། མྱང་འདས་ཆེན་པོ་ལས། ཅི་དང་ཅིར་ལྡན་པ་དེ་དང་དེའི་སྐབས་སུ་མིང་འདོགས་སོ། །ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ན། ལམ་འདུས་བྱས་སུ་གསུངས་པའི་ཕྱིར་ཆོས་ཀྱི་དབྱིངས་ལ་སོགས་པ་ཡང་འདུས་བྱས་སུ་འགྱུར་རོ་ཞེ་ན། ཆོས་དབྱིངས་རང་གི་ངོ་བོ་ཆོས་གཞན་དང་མ་འདྲེས་པ་ནི་ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། ཞེས་པའི་ཚུལ་གྱིས་རྟག་པ་བརྟན་པ་ཐེར་ཟུག་པ་མི་འགྱུར་བའི་ཆོས་ཅན་འདུས་མ་བྱས་ཡིན་པ་ནི་བདེན་མོད་ཀྱི། འོན་ཀྱང་གནས་སྐབས་ལ་ལྟོས་ནས་འདུས་བྱས་དང་མི་རྟག་པ་དང་གློ་བུར་བར་གསུངས་པའི་དོན་གོ་ན་ཆོས་དབྱིངས་འདུས་བྱས་སུ་བྲལ་བ་དང་ལམ་འདུས་མ་བྱས་སུ་ཐལ་བས་གནོད་པར་མི་འགྱུར་རོ། ། བསྒོམ་ལམ་གདམས་ངག་གི་སྐབས་ཀྱི་མདོའི་འགྲེལ་བར་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱིས་ཇི་སྐད་དུ། དེ་ཡང་འདི་ལྟར་དེ་བཞིན་ཉིད་དེ་ཉིད་མ་དག་པའི་གནས་སྐབས་ན་ནི་འདུས་བྱས་ཞེས་བྱ་ལ། དེ་ཉིད་དག་པའི་གནས་སྐབས་ན་ནི་འདུས་མ་བྱས་ཞེས་བྱའོ། །ཞེས་དང། དབུས་མཐའ་རྩ་འགྲེལ་དུ་ཡང༌། །མི་རྟག་དོན་ནི་མེད་དོན་དང། །སྐྱེ་ཞིང་འཇིགས་པའི་མཚན་ཉིད་དང༌། །དྲི་བཅས་དྲི་མ་མེད་དོན་དེ། །རྩ་བའི་ཁོ་ནར་གོ་རིམ་བཞིན། །ཞེས་ངོ་བོ་ཉིད་གསུམ་ལ་མི་རྟག་པའི་ཚུལ་མི་འདྲ་བ་གསུམ་གསུངས་པ་ལ། ཆོས་ཉིད་ཡོངས་གྲུབ་ཀྱི་མི་རྟག་པའི་ཚུལ་འདི་ནི་ལམ་གྱི་གནས་སྐབས་ཀྱི་ཆོས་ཉིད་དེ་ལྟར་གསུངས་པ་དང་གཅིག་ཏུ་གོ་དགོས་སོ། །ཇི་སྐད་དུ། གལ་ཏེ་དྲི་མ་དང་བཅས་པར་གྱུར་ལ་དྲི་མ་མེད་པར་ཡང་འགྱུར་ན་འགྱུར་བའི་ཆོས་ཅན་ཡིན་པས་ཇི་ལྟར་མི་རྟག་པར་མི་འགྱུར་ཞེ་ན། དེ་ནི་འདི་ལྟར་ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །གློ་བུར་གྱི་དྲི་མ་དང་བྲལ་བ་ལ་བྱའི། དེའི་ངོ་བོ་ཉིད་གཞན་དུ་འགྱུར་བ་ནི་མ་ཡིན་ནོ། །ཞེས་དང༌། ཆོས་ཀྱི་དབྱིངས་ནི་རང་བཞིན་རང་བཞིན་གྱིས་རྣམ་པར་དག་ཕྱིར་ནམ་མཁའ་བཞིན། གཉིས་ནི་གློ་བུར་བྱུང་བ་སྟེ། །དེ་ཡང་དེ་ལ་མ་ལོག་པའོ། །ཆོས་ཀྱི་དབྱིངས་ནི་ནམ་མཁའ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། རྣམ་པར་མ་དག་པ་དང༌། ཕྱིས་རྣམ་པར་དག་ཅེས་བྱ་བ་འདི་གཉིས་ཀྱང་གློ་བུར་ཡིན་པ་དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་གློ་བུར་དུ་བྱུང་བ་ཉིད་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་གསུངས་པ་རྣམས་ཀྱི་དོན་ཡང་གཞི་འབྲས་དང་ལམ་གྱི་གནས་སྐབས་ལ་ལྟོས་ནས་ངོ་བོ་མི་འགྱུར་ཡང་ཆོས་གཞན་དང་འདྲེས་པ་དང་བྲལ་བའི་གནས་སྐབས་ལ་ལྟོས་ནས་དེ་དང་དེའི་སྐབས་སུ་ཆོས་ཀྱི་དབྱིངས་ཀྱང་མི་རྟག་པ་དང་གློ་བུར་བ་དང་འདུས་བྱས་སུ་གསུངས་སོ། །ལམ་འདུས་བྱས་སུ་གསུངས་པའི་འདུས་བྱས་ལུགས་ནི་དེ་ལྟར་ཡིན་གྱི། ཀུན་བརྟག་དང་གཞན་དབང་གི་ལྟར་མེད་པའི་དོན་དང༌། སྐྱེ་ཞིང་འཇིག་པའི་དོན་དང་མི་གཅིག་སྟེ། གལ་ཏེ་གཅིག་ན་གསུང་རབ་ནང་འགལ་བར་འགྱུར་བའི་ཕྱིར་རོ། །འཕགས་པ་བློ་གྲོས་མི་བཟད་པའི་མདོ་ལས། དང་པོར་སེམས་བསྐྱེད་པ་ལ་སོགས་བྱང་ཆུབ་སེམས་དཔའི་ལམ་གྱི་ཆོས་ཐམས་ཅད་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་མི་ཟད་ན། གཞན་དུ་མཛད་པར་འགྱུར་བ་ལྟ་ཅི་སྨོས་པར་གསུངས་ཤིང༌། དོར་བ་མེད་པ་སྟོང་པ་ཉིད་ཀྱི་དོན་ཡང་དེ་ཉིད་དེ། དགེ་བ་མི་ཟད་བྱ་བའི་ཕྱིར་ཞེས་གསུངས་སོ། ། གལ་ཏེ་བྱང་ཆུབ་སེམས་དཔའི་ལམ་གྱི་གནས་སྐབས་ཀྱི་ཡོན་ཏན་ཐམས་ཅད་འབྲས་བུ་ཐོབ་པའི་ཚེ་ཟད་པར་མི་འགྱུར་ན། འོ་ན་སེམས་ནི་ལྔ་མས་བྱང་ཆུབ་པར་རིགས་མིན་ཞེས་སོགས་དང༌། གཟིངས་ལྟ་བུར་འབྲས་བུ་ཐོབ་པའི་ཚེ་ལམ་གྱི་ཆོས་ཐམས་ཅད་འདོར་བར་གསུངས་པའི་དོན་ཅི་ཞེ་ན། སྐད་ཅིག་སྐྱེ་འགག་དང༌། འདོར་ལེན་དང༌། ཟད་པ་དང༌། འཕེལ་འགྲིབ་དང༌། དངོས་པོ་ཡོད་མེད་ལ་སོགས་པ་རྣམས་ནི་རྣམས་པར་རྟོག་པའི་སྒོས་ཆོས་ཡིན་པའི་ཕྱིར་ཇི་སྲིད་རྣམ་རྟོག་ཡོད་པ་དེ་སྲིད་དུ་དེས་ཇི་ལྟར་སྒྲོ་བཏགས་པ་དེ་ལྟར་ཐ་སྙད་ཀྱིས་བསྟན་པར་ཟད་ཀྱི། དོན་ལ་ནི་སྐྱོན་སྤངས་པའི་ཤས་ཅི་ཙམ་པ་དེ་ཙམ་གྱི་ཡོན་ཏན་མངོན་དུ་འགྱུར་ཞིང་མངོན་དུ་གྱུར་པའི་ཡོན་ཏན་རྣམས་གོང་ནས་གོང་དུ་སྐྱོན་སྤངས་པ་ཇི་བཞིན་དུ་འཕེལ་ཞིང་རྒྱས་པར་གསུངས་ཀྱི་ཡོན་ཏན་སྔ་མ་རྣམས་ཟད་ཅིང་ཉམས་པར་འགྱུར་བ་ནི། དོན་ཡིན་ལུགས་ཀྱི་དགོངས་པར་མི་སྣང་སྟེ། དྲི་མེད་འོད་ལས་ཇི་སྐད་དུ། དང་པོར་མངོན་པར་རྫོགས་པར་སངས་རྒྱས་ནས་དེའི་རྗེས་ལ་སངས་རྒྱས་རྣམས་ཀྱི་རྣལ་འབྱོར་སྐད་ཅིག་ཐམས་ཅད་མེད་པ་གཅིག་དང་དུུ་མ་དང་བྲལ་བ་མཆོག་གི་གཉིས་སུ་མེད་པ་སྟེ། དོན་དམ་པ་ཡོད་པ་དང་མེད་པ་དང་བྲལ་བའི་ཕྱིར་རོ། །ཇི་སྲིད་འཇིག་རྟེན་པའི་སེམས་ཡོད་པ་དེ་སྲིད་དུ་ཆོས་རྣམས་གཅིག་དང་དུ་མས་རྣམ་པར་དཔྱོད་དེ་སྐད་ཅིག་མའི་སེམས་སྣང་བའི་ཕྱིར་རོ། ། གང་གིས་ཚེ་སེམས་སྐད་ཅིག་གི་ཆོས་དང་བྲལ་བ་དེའི་ཚེ་རང་བཞིན་མེད་པ་ཞེས་བརྗོད་དོ་ཞེས་དང༌། དབང་མདོར་བསྟན་ལས། ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་ཉམ་པ་རྫོགས་པ་སྟེ། །ཟླ་བ་ཆ་དང་རྫོགས་པ་མིན། །དེ་བཞིན་ཡེ་ཤེས་ཤར་རིམ་པས། །ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་ལ་སོགས་ཉམས་པ་རྫོགས། །ཡེ་ཤེས་ཆ་དང་རྫོགས་པ་མིན། ཞེས་དང༌། གནོད་འཇོམས་ལས་ཀྱང༌། ཆོས་མ་སྐྱེས་པ་ནི་སུས་ཀྱང་ཐོབ་པའམ་མངོན་པར་རྟོགས་པར་མི་ནུས་ཤིང༌། མ་སྐྱེས་པ་ལ་གང་ཡང་རྒྱུན་དུ་ཞུགས་པར་མི་འགྱུར་གྱི་ཀུན་བརྟགས་པའི་སྒྲིབ་པ་ཙམ་བསལ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་ཐོབ་པ་དང་མངོན་པར་རྟོགས་པར་འདོད་དོ་ཞེས་སོ། །དེས་ན་ཆོས་ཀྱི་དབྱིངས་ལ་སློབ་པའི་ཚེ་སྐྱོན་གྱི་ཆ་ཀུན་རིམ་གྱིས་ཟད་པར་འགྱུར་ཞིང་སྔར་ཐོབ་པའི། ཡོན་ཏན་དྲན་པ་ཉེར་བཞག་སོགས་རེ་རེ་ཡང་མི་ཟད་གྱི་སྟེང་དུ་རིམ་གྱིས་འཕེལ་བའི་སྒོ་ནས་འབྲས་བུ་མཐར་ཐུག་ཐོབ་པའི་ཚེ་ཡོན་ཏན་རེ་རེས་ཀྱང་ནམ་མཁའ་ཇི་སྙེད་པར་ཁྱབ་ཅིང་ཡོངས་སུ་རྫོགས་ལ་མུར་ཐུག་པས་བྲི་གང་དང་འཕེལ་འགྲིབ་མེད་པར་གནས་སོ། །དེའི་ཕྱིར་སློབ་པའི་གནས་སྐབས་ཀྱི་སྐད་ཅིག་མའི་སེམས་སྣང་བའི་དབང་གིས་སྤང་བྱ་འབྲི་བ་དང་གཉེན་པོ་འཕེལ་བའི་རྒྱུས་ཆོས་ཀྱི་དབྱིངས་ཀྱང་གང་ཟག་ལ་ལྟོས་ནས་དྲི་བཅས་དྲི་མེད་དུ་འགྱུར་བ་ལ་མི་རྟག་པའི་དོན་དུ་གསུང་པའི་ཕྱིར། སེམས་ནི་སྔ་མས་བྱང་ཆུབ་པར་རིགས་མིན་ཞེས་སོགས་ཀྱི་དོན་ཡང་སྐྱོན་སྲབ་འཐུག་གི་ཆ་ཤས་སྔ་མ་ལ་ལྟོས་ནས་ཡོན་ཏན་ཕྱི་མ་ཕྱི་མ་རྣམས་གོང་ནས་གོང་དུ་རྒྱས་ཤིང་མཐུ་ཆེ་བ་ལ་སྔ་མ་འགགས་པ་དང༌། ཕྱི་མ་སྐྱེས་པའི་ཐ་སྙད་ཀྱིས་བསྟན་པ་ནི་འཇིག་རྟེན་པའི་འཁྲུལ་སྣང་ལ་ལྟོས་ནས་བཤད་པ་ཙམ་ཡིན་གྱི། དོན་གྱི་ངོ་བོ་ལ་བྱང་ཆུབ་སེམས་དཔའི་ཡོན་ཏན་སྔ་ཕྱི་སྐྱེས་པ་འགགས་ཤིང་ཟད་པ་མེད་པ་སྐྱེ་ཞིང་གནས་པ་ནི་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱིས་བཀག་གོ། གལ་ཏེ་སློབ་པའི་ཚེ་ཆོས་ཀྱི་དབྱིངས་ཀྱང་ལམ་ཡིན་ན་ཤེར་ཕྱིན་བཏགས་པ་པར་བཤད་པ་དང་འགལ་ལོ་ཞེ་ན། ཤེར་ཕྱིན་མཚན་ཉིད་པ་འཕེལ་འགྲིབ་དང་སྐྱེ་འགག་ལ་སོགས་སྤྲོས་པ་ཐམས་ཅད་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་གང་ཡིན་པ་དེ་ཡིན་གྱི། ལམ་གྱི་གནས་སྐབས་འཕེལ་འགྲིབ་དང་བཅས་པ་ནི་དེ་ཐོབ་པར་བྱེད་པའི་རྒྱུ་དང༌། འདུས་བྱས་སུ་གསུངས་པའི་ཕྱིར་བཏགས་པ་ཡིན་པ་དང༌། མཚན་ཉིད་པ་མ་ཡིན་པར་བསྟན་ཏོ། །འབྲས་བུ་བླ་མེད་ཐོབ་པའི་ཚེ་འཕེལ་འགྲིབ་དང་བཅས་པའི་ལམ་གྱི་གནས་སྐབས་ཐམས་ཅད་དོར་བའི་ཕྱིར། ལམ་གཟིངས་ལྟ་བུའི་དོན་ཡང་དེ་ཉིད་དོ། །ཁ་གཅིག་ནི་གཟིངས་ལྟ་བུ་ཞེས་པ་དེ་ཐེག་པ་འོག་མའི་ལུགས་ཡིན་ཞེས་ཀྱང་འཆད་དོ། །དེ་ལྟར་ན་གནས་སྐབས་ལ་ལྟོས་ནས་གསུངས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལམ་དུ་བསྟན་པའི་དོན་ཡང་དེ་ཉིད་ཡིན་པར་སྣང་ངོ༌། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་སློབ་པའི་ངོ་བོ་ཆོས་སྤྱོད་བཅུའི་བདག་ཉིད་ཤེར་ཕྱིར་གྱི་མདོའི་དོན་རྣམ་མཁྱེན་ཉིད་ཡི་གེར་འབྲི་བ་ལ་སོགས་པ་ནི་དབུས་མཐའ་རྩ་འགྲེལ་ལས། ཡི་གེ་འབྲི་མཆོད་སྤྱིན་པ་དང། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་དོན་བྱེད་པ་དང། །དེ་སེམས་པ་དང་བསྒོམ་པའོ། །ཐེག་པ་ཆེན་པོ་ཡི་གེ་འབྲི་བ་དང༌། མཆོད་པ་དང༌། གཞན་དག་ལ་སྦྱིན་པ་དང༌། གཞན་དག་ཀློག་པ་ལ་ཉན་པ་དང༌། བདག་ཉིད་ཀློག་པ་དང༌། ལེན་པ་དང་ཚིག་དང་དོན་འཆད་པ་དང༌། ཁ་དོན་བྱ་བ་དང༌། སེམས་པ་དང༌། བསྒོམ་པའོ། །སྤྱོད་པ་དེ་བཅུའི་བདག་ཉིད་ནི་བསོད་ནམས་ཕུང་པོ་དཔག་ཏུ་མེད། ཅིའི་ཕྱིར་མདོ་དག་ལས་ཐེག་པ་ཆེན་པོ་ཉིད་ཀྱི་ཆོས་སྤྱོད་པ་ཤིན་ཏུ་འབྲས་བུ་ཆེ་བར་བསྟན་གྱི། ཉན་ཐོས་ཀྱི་ཐེག་པ་ལ་མ་ཡིན་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ཏེ། ཁྱད་པར་ཕྱིར་དང་མི་ཟད་ཕྱིར། ཁྱད་པར་གྱི་ཕྱིར་ནི་ཇི་ལྟ་བུ་མི་ཟད་པའི་ཕྱིར་ནི་ཇི་ལྟ་བུ་ཞེ་ན། གཞན་ལ་ཕན་འདོགས་མ་ཞུགས་པའི་ཕྱིར་གཞན་ལ་ཕན་འདོགས་པར་ཞུགས་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་ཞི་བ་མེད་ཅིང་རྒྱུན་མི་འཆད་པའི་ཕྱིར། མི་ཟད་པར་རིག་པར་བྱའོ། །ཞེས་གསུངས་ཏེ། ཐེག་ཆེན་དང༌། ཤེར་ཕྱིན་དང༌། རྣམ་མཁྱེན་རྣམས་གཅིག་པའི་ཕྱིར་རྣམ་མཁྱེན་ཡི་གེར་འབྲི་བ་ལ་སོགས་རྣམ་མཁྱེན་ལ་སློབ་པའི་ཆོས་སྤྱོད་བཅུ་སྤྱོད་པ་གང་ཡིན་པ་དེ་ཉིད་ཉན་ཐོས་ཀྱི་ཐེག་པ་ལ་ཡོད་པ་མ་ཡིན་པས། གཞན་གྱི་མྱོང་བ་མ་ཡིན་པའི་དོན་ཡང་དེ་ཉིད་དོ། །མྱ་ངན་ལས་འདས་པ་ན་ཡང་མི་ཟད་པར་གསུངས་པ་འདིས་ཀྱང་བྱང་ཆུབ་སེམས་དཔའི་ལམ་གྱི་སྐབས་སུ་ཐོབ་པའི་ཡོན་ཏན་གྱི་ངོ་བོ་འབྲས་བུ་ཐོབ་པའི་ཚེ་ཉམས་པར་འདོད་པ་བསལ་བ་ཡིན་ནོ། །དེ་ཡན་ཆད་ཡུམ་གྱི་གླེང་གཞིའི་ལེའུའོ། ། ༢༽དངོས་པོ་བརྒྱད་ཀྱིས་ཤེར་ཕྱིན་བཤད་པ། ༡ བསྡུས་དོན་ལུས་རྣམ་བཞག