ཕར་ཕྱིན་མདོ་ལུགས་མ།

གཉིས་པོ་གང་ཞེ་ན། ཀུན་གཞིའི་རྣམ་ཤེས་དང༌། ཀུན་གཞིའི་ཡེ་ཤེས་སོ། །དེ་ལ་སྔ་མ་ནི་རྣམ་སྨིན་དང་ས་བོན་ཐམས་ཅད་པ་དང་་རྩ་བའི་་རྣམ་ཤེས་དང༌། ལེན་པའི་རྣམ་ཤེས་དང༌། ལུང་དུུ་མ་བསྟན་པ་ཡིན་པར་དེང་སང་ཡོངས་སུ་གྲགས་སོ། །ཀུན་གཞིའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཉིད་ཡིན་ཞིང༌། དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་དང༌། ས་བོན་དང༌། ཁམས་དང༌། རིགས་དང་ཤེར་ཕྱིན་དང༌། ཏིང་ངེ་འཛིན་དང་ཕྱག་རྒྱ་ཆེན་པོ་དང་ཐེག་ཆེན་དོན་དམ་པ་དང་འགོག་པའི་བདེན་པ་དང་དབུ་མ་དང་དེ་བཞིན་ཉིད་ལ་སོགས་པའི་མིང་དུ་མས་བསྟན་ཏོ། །དེ་ཉིད་ལུང་མ་བསྟན་གྱི་ཀུན་གཞི་དང་མི་གཅིག་སྟེ། དོན་དམ་གྱི་དགེ་བ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། རྒྱན་སྡུག་པའི་མདོ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། ། སྙིང་པོ་ཀུན་གཞིར་བསྒྲགས་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་དང༌། སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། དེ་བཞིན་གཤེགས་རྣམས་སྟོན་པར་མཛད་ཅེས་དང་ཀུན་གཞི་དང་རང་ལུགས་དགེ་བ་ནི། ཞེས་སོགས་རབ་ཏུ་རྒྱས་སོ། །ཡུམ་ལས་ཀྱང༌། དོན་དམ་ཉིད་སྟོན་པའི་སྐབས་སུ་ཆོས་ཐམས་ཅད་ནི་དགེ་བ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་སོ། །གཞན་ཡང་དོན་དམ་པའི་དགེ་བ་གང་ཞེ་ན་དེ་བཞིན་ཉིད་དོ། །ཞེས་གསུངས་པའི་ཕྱིར་ལུང་མ་བསྟན་གྱི་ཀུན་གཞི་དང་དགེ་བ་ཡིན་པའི་ཀུན་གཞི་གཉིས་ཡོད་དོ། །དེས་ན་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་འཇུག་པའི་རྟེན་ཀུན་གཞི་རྣམ་ཤེས་ཡིན་པ་ལྟར། གཉེན་པོ་རྣམ་བྱང་གི་ཆོས་རྣམས་སྐྱེ་ཞིང་འཇུག་པའི་རྟེན་ཡང་ཀུན་གཞིའི་ཡེ་ཤེས་ཡིན་ནོ། །ཇི་སྐད་དུ། བྱམས་པ་མགོན་པོའི་ཞལ་སྔ་ནས། གནས་ཡོངས་གྱུར་པ་མེད་པ་ཡི། །ཉེས་དམིགས་བཞི་སྟེ་ཉོན་མོངས་པ། །མི་འཇུག་རྟེན་མེད་ཉེས་པ་དང༌། །ལམ་འཇུག་རྟེན་མེད་ཉེས་པ་དང༌། །མྱ་ངན་འདས་པའི་གང་ཟག་རྣམས། །གདམས་པའི་གཞི་མེད་ཉེས་པ་དང༌། །བྱང་ཆུབ་གསུམ་གྱི་ཁྱད་པར་དང༌། །གདགས་པའི་གཞི་མེད་ཉེས་པའོ། །བཟློག་ནས་ཕན་ཡོན་འཇུག་པ་ནི། །རྣམ་པ་བཞི་རུ་ཤེས་པར་བྱ། ། ཞེས་དང་དེ་དག་གི་འགྲེལ་པར་རེ་ཤིག་སེམས་དེ་ཉིད་ཡིན་པར་ནི་མི་མཐད་དེ། མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་གི་སྐྱེ་བ་དང༌། འགག་པ་དུས་གཅིག་པ་ཡིན་པའི་ཕྱིར། འགལ་བ་དག་ནི་རྟེན་གཅིག་པར་མི་འཐད་པའི་ཕྱིར་ཏེ། གྲང་བ་དང་དྲོ་བའི་རེག་པ་རྟེན་གཅིག་པར་མི་འཐད་པ་བཞིན་ནོ། །ཞེས་གསུངས་སོ། །དེས་ན་སྦང་བྱ་མི་འཇུག་པ་དང༌། གཉེན་པོ་འཇུག་པ་ལ་སོགས་པའི་རྟེན་ནི་ཡོངས་སུ་གྱུར་པ་ཀུན་གཞི་ཡེ་ཤེས་མེད་ན་ཉེས་པ་བཞི་དང༌། ཡོད་ན་ཕན་ཡོན་བཞི་པོ་འདི་བྱུང་ཡང་ཀུན་གཞི་གཉིས་ཡོད་མེད་ལ་ཐུག་གོ །དེས་ན་འཁོར་འདས་གཉིས་ཀའི་བག་ཆགས་ཀུན་གཞི་རྣམ་ཤེས་འབའ་ཞིག་ལ་འཇོག་ན། འཁོར་འདས་གཉིས་ཀའི་ས་བོན་ཡིན་པའི་ཕྱིར་སྦང་བྱའི་ས་བོན་སྤངས་པའི་གནས་གྱུར་མེད་པས་སྤངས་པ་སླར་ལྡོག་པ་དང༌། སངས་རྒྱས་མི་སྲིད་པ་དང༌། སྤང་གཉེན་གྱི་ས་བོན་སོ་སོར་ངེས་པ་མེད་པ་ལ་སོགས་པར་ཧ་ཅང་ཐལ་བས་གནོད་དོ། །ཆོས་དབྱིངས་བསྟོད་པར་ཡང༌། སེམས་ཉིད་རྣམ་པ་གཉིས་སུ་མཐོང༌། །ཇི་ལྟར་འཇིག་རྟེན་འཇིག་རྟེན་འདས། ། བདག་ཏུ་འཛིན་ལས་འཁོར་བ་སྟེ། །སོ་སོར་རིགས་ན་དེ་ཉིད་དོ། །ཞེས་གསུངས་པར་ལྟར་རོ། །འོ་ན་རྣལ་འབྱོར་གྱི་དབང་ཕྱུག་ས་ར་ཧ་པས་སློབ་དཔོན་དྷོ་ཧར་སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་པ་འདི་དང་ཇི་ལྟར་མི་འགལ་ཞེ་ན། དེའི་དོན་བརྗོད་པར་བྱ་སྟེ། ཀུན་གཞི་རྣམ་ཤེས་ཀྱི་སེམས་ཉིད་གཅིག་པུ་ཀུན་ནས་ཉོན་མོངས་ཀྱི་ཆོས་ཀུན་གྱི་ས་བོན་ཏེ། ཀུན་གཞི་རྣམ་ཤེས་གང་ལས་སྲིད་པ་ཐམས་ཅད་འཕྲོ་བའི་ཕྱིར་དང༌། ཀུན་གཞི་ཡེ་ཤེས་ཀྱི་སེམས་ཉིད་གཅིག་པུ་རྣམ་བྱང་གི་ཆོས་ཀུན་གྱི་ས་བོན་ཏེ། ཀུན་གཞི་ཡེ་ཤེས་གང་ལས་མྱ་ངན་ལས་འདས་པ་འཕྲོ་བ་ཡིན་ལ། འདོད་པའི་འབྲས་བུ་སངས་རྒྱས་སྟེར་བར་བྱེད་པའི་ཀུན་གཞི་ཡེ་ཤེས་ཡིད་བཞིན་ནོར་བུ་འདྲ་བའི་སེམས་ལ་ཕྱག་འཚལ་ལོ། །ཞེས་བཤད་ན་བྱམས་མགོན་ལ་སོགས་དང་དཔལ་ས་ར་ཧ་དགོངས་པ་གཅིག་ཏུ་གོ་བས་ལེགས་པ་ཡིན་ནོ། །དེ་ལྟ་མིན་ན་འཕགས་མཆོག་འགལ་ལམ་སྙམ་པའི་བློ་སྐྱེ་སྲིད་ཅིང་ཀུན་གཞི་རྣམ་ཤེས་ཁོ་ན་ལ་འཆད་ན་ཚིགས་སུ་བཅད་པའི་རྐང་པ་ཕྱི་མ་གཉིས་དང་ཡང་མི་འབྲེལ་པའི་སྐྱོན་དུ་འགྱུར་རོ། །བཤད་ལུགས་འདི་ལྟར་བྱས་ན་བདེན་གཉིས་རྣམ་དབྱེ་་ཤེས་པའི་ཕྱིར་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེས་ན་ཀུན་གཞི་རྣམ་ཤེས་འཁོར་བའི་ཆོས་ཐམས་ཅད་ཀྱི་ས་བོན་ཐམས་ཅད་པ་ཡིན་པར་ལྟར། འབྲུུ་དང་འབྲས་བུའི་ཤུན་པའི་ཚུལ་གྱིས་ཀུན་གཞི་ཡེ་ཤེས་ཀྱང་མྱ་ངན་འདས་པའི་ཆོས་ཐམས་ཅད་ཀྱི་ས་བོན་ཐམས་ཅད་པ་ཡིན་ཞིང་ཐར་པའི་ས་བོན་ཡང་ཆོས་ཀྱི་དབྱིངས་ཀྱིས། བསྐྱེད་ལ་ཐོས་པ་ལ་སོགས་པའི་བག་ཆགས་ཀྱང་ཀུན་གཞི་ཡེ་ཤེས་ཉིད་ཀྱིས་འཛིན་ཏེ། རྒྱུད་བླ་མ་ནས་བདེ་གཤེགས་སྙིང་པོའི་བྱེད་ལས་སྟོན་པའི་སྐབས་སུ་གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང༌། །མྱ་ངན་འདས་ལ་འདོད་པ་དང༌། །དོན་གཉེར་སྨོན་པའང་མེད་པར་འགྱུར།། ཞེས་དང་དེའི་འགྲེལ་པར་མདོ་དྲངས་པ་ལས་ཀྱང་བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ལ་ཡང་ཡིད་འབྱུང་བར་མི་འགྱུར་ཞིང་མྱ་ངན་འདས་པ་ལ་ཡང་འདོད་པ་དང་དོན་དུ་གཉེར་བ་དང༌། སྨོན་པར་ཡང་མི་འགྱུར་རོ། །ཞེས་སོ། །དེའི་འགྲེལ་བར་ཡང༌། དེ་ལ་མདོར་བསྡུ་ན་སངས་རྒྱས་ཀྱི་ཁམས་རྣམ་པར་དག་པའི་རིགས་ནི་ལོག་པ། ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་ཡང༌། ལས་རྣམ་པ་གཉིས་ཉེ་བར་གནས་པར་བྱེད་དེ། འཁོར་བ་ལ་སྡུག་བསྔལ་བའི་ཉེས་པ་མཐོང་བ་ལ་བརྟེན་ནས་སྐྱོ་བ་བསྐྱེད་པར་བྱེད་པ་དང། མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ཡོན་མཐོང་བ་ལ་བརྟེན་ནས་འདུན་པ་དང༌། འདོད་པ་དང་དོན་དུ་གཉེར་བ་དང༌། སྨོན་པ་བསྐྱེད་པར་བྱེད་པའོ། །ཞེས་བདེ་གཤེགས་སྙིང་པོ་ཉིད་དེ་དག་གིས་སྐྱེད་བྱེད་དུ་གསུངས་སོ། །ཐོས་པ་ལ་སོགས་པའི་བག་ཆགས་འཛིན་བྱེད་ཡིན་པར་ཡང༌། ཐེག་བསྡུས་ལས། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ས་བོན་ཐམས་ཅད་པ་ལས་དེ་འབྱུང་ངོ༌། །