དུས་འཁོར་དཀའ་འགྲེལ།

ལྷན་ཅིག་སྐྱེས་པའི་སྐུ་བསྒྲུབ་པ་ཡིད་ཆེས་པར་དཀའ་བའི་གནས་རྡོ་རྗེའི་ཚིག་བཞི་པ།

ད་ནི་ཡིད་ཆེས་པར་དཀའ་བའི་གནས་བཞི་པ་བསྒྲུབ་པ་དང༌། དེ་ལ་སྒྲོ་འདོགས་སྤང་བ་བརྗོད་དེ། དེ་ལས་སྔ་མ་ནི། རྩ་བའི་རྒྱུད་དབང་མདོར་བསྟན་ལས། མི་འགྱུར་བ་ལས་སྐྱེས་པའི་སྐུ། །མཛོད་སྤུའི་འཁོར་ལོར་སོན་པ་ལ། །ཨཱའ་ལི་ཀཱ་ལིའི་སྦྱོར་བ་ཡིས། །ཧཱུཾ་ཡིག་མི་འདོད་རྒྱལ་པོ་ཀྱེ། ། ཞེས་པ་དང༌། དེ་བཞིན་དུ་བསྡུས་རྒྱུད་ལས། ཨཱ་དང་ཀཱ་སོགས་གཅིག་གྱུར། ཞེས་པ་ལ་སོགས་པ་རྐང་པ་བཞི་དང༌། བརྟག་པ་གཉིས་པ་ལས། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུཾ་ཕཊ་རྣམ་པར་འདོད་མི་བྱ། །ཞེས་པ་དང༌། བདེ་མཆོག་བསྟོད་འགྲེལ་དུ། མི་འགྱུར་བ་ལས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་སྐུ། ཨཱ་ལི་དང་ཀཱ་ལི་དང་ཧཱུཾ་ཕཊ་དང་བྲལ་བ། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང༌། སྔགས་བཟླས་པ་དང༌། སློབ་དཔོན་གྱི་བཀས་ཀུན་ཏུ་སྤྱོད་པའི་ཆོས་རྣམས་ལས་ཕྱི་རོལ་དུ་གྱུར་པ། སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ། དཔྲལ་བ་ནས་རྡོ་རྗེ་ནོར་བུའི་བར་དུ་རྒྱུན་མ་ཆད་པའི་བྱང་ཆུབ་ཀྱི་སེམས་ཞེས་གསུངས་པ། དེ་དག་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་སྐུ་སྟོན་པར་མཚུངས་སོ། །དེ་ལ་རྩ་རྒྱུད་ཀྱི་ཚིག་གི་དོན་གཙོར་བྱས་ཏེ་དབྱེ་ན། རྐང་པ་དང་པོ་གཉིས་ཀྱིས་བསྒྲུབ་ཕྱོགས་ནས་བསྟན་ལ། ཕྱི་མ་གཉིས་ཀྱིས་དགག་ཕྱོགས་ནས་བསྟན་ཏོ། །སྔ་མ་ལ་རྒྱུ་བསྒྲུབ་པ་དང༌། འབྲས་བུ་བསྒྲུབ་པ་ལས། དང་པོ་ནི། མི་འགྱུར་བ་ལས་ཤེས་པར་བསྟན་ཏོ། །དེ་ཡང་རྟེན་འགྱུར་བ་མེད་པ་དང༌། བརྟེན་པ་འགྱུར་བ་མེད་པའི་དབྱེ་བས་རྒྱུ་དང་འབྲས་བུ་གཉིས་ཀ་ལ་འགྱུར་བ་མེད་པའི་སྒྲས་སྦྱར་རོ། །རྟེན་འགྱུར་བ་མེད་པ་ལ་ཡང་གསུམ་སྟེ། གཞི་སེམས་ཀྱི་ངོ་བོ་དང༌། གནས་པའི་རྟེན་དང༌། སྐྱེ་བའི་རྟེན་འགྱུར་བ་མེད་པའོ། ། དང་པོ་ནི། རྒྱུད་བླ་མར། མི་འགྱུར་བའི་དོན་ལས་བརྩམས་པའི་ཚིགས་སུ་བཅད་པ་གསུངས་སོ། །བདེ་བ་ཆེན་པོ་གནས་པའི་རྟེན་འགྱུར་བ་མེད་པ་ནི། རྟེན་ནི་ཤེས་རབ་ཕ་རོལ་ཕྱིན། །རྣམ་ཀུན་འབྱུང་གནས་ཉིད་དུ་བརྟག །ཅེས་བྱ་བས་སྟོང་པ་ཉིད་ཀྱི་གཟུགས་འགྱུར་བ་མེད་པ་དང༌། སྐྱེ་བའི་རྟེན་འགྱུར་བ་མེད་པ་ནི། ས་བོན་མི་འགྱུར་རང་བཞིན་གྱིས། །མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱ། །རྟེན་ནི་འཕོ་བ་ཐོབ་པ་ལས། །རྟེན་བྱེད་ཆགས་བྲལ་ཉིད་དུ་འགྱུར། །ཞེས་པས་ཤུ་ཀྲ་མི་འགྱུར་བ་སྟེ་གསུམ་མོ། ། གཉིས་པ་བརྟེན་པ་འགྱུར་བ་མེད་པའི་འབྲས་བུ་བསྒྲུབ་པ་ནི། ལྷན་ཅིག་སྐྱེས་པའི་སྐུ་མཛོད་སྤུའི་འཁོར་ལོར་སོན་པ་ཞེས་པས་སྟོན་ཏེ། དེའི་མཚན་ཉིད་ཀྱང༌། བྱང་ཆུབ་སེམས་དཔའ་པད་མ་དཀར་པོས། ནང་གི་བདག་ཉིད་ཀྱི་རིག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། རང་བཞིན་གྱིས་འོད་གསལ་བ། ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན། ཆོས་ཀྱི་དབྱིངས་རྒྱུ་མཐུན་པ་རྫོགས་པའི་གནས་སྐབས་ལ། ལྷན་ཅིག་སྐྱེས་པའི་སྐུ་ཞེས་རྒྱལ་བ་རྣམས་ཀྱིས་བརྗོད་དོ། །ཞེས་གསུངས་ལ། དེ་གློ་བུར་དྲི་མས་གཡོགས་པའི་སེམས་ལ་ཀུན་ཏུ་འབིགས་པ་ཡིན་ཞེས་བྱའོ། ། དེ་ཡང་སྟོང་པ་ཉིད་ཀྱི་གཟུགས་ལ་བརྟེན་ཏེ། ནོར་བུ་ནས་གཙུག་ཏོར་གྱི་རྩེ་མོར་ཕྱིན་པའི་ཚེ། ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གྱུར་པ་ནི་མཛོད་སྤུའི་འཁོར་ལོ་སོན་པ་སྟེ། གང་གིས་རང་གི་རྡོ་རྗེ་ནས་ནི་ཡིད་འབྱུང་བཀུག་ནས་དཔྲལ་བར་འཁྲིད། །ཤེས་རབ་ཡེ་ཤེས་སྟོབས་ཀྱིས་ཤཱཀྱ་ཐུབ་པས་རྡོ་རྗེ་གཙུག་ཏོར་ཆེན་པོ་དེར། །གང་ལ་དམིགས་བཅས་རྡུལ་མེད་སྟོང་པ་ཉིད་དང་དམིགས་མེད་སྙིང་རྗེའི་བདག །ཅེས་གསུངས་སོ། །དེ་ལྟར་རླུང་དང་ཤུ་ཀྲ་དག་པའི་གནས་དང་རྟེན་གཉིས་ཀ་མི་རྟག་པ་༼དུས་མཐའ་༽མ་ཡིན་ཏེ། འགྱུར་བ་མེད་པ་ལ་ཡི་གེ་ཨ་ལས་བརྡ་བྱས་ནས། ཨ་ལས་རྫོགས་པའི་སངས་རྒྱས་འབྱུང༌། ཞེས་སྐབས་འདིར་ཁོ་ན་ལས་གསུངས་སོ། །མི་འགྱུར་བའི་སྒྲ་ཡིས་དེ་ལས་བཟློག་པར་འགྱུར་བའི་བདེ་བ་ལས་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པ་ལམ་དུ་འདོད་པ་ཤུགས་ལ་བཀག་གོ ། དགག་ཕྱོགས་ནས་བསྟན་པ་ནི། ལམ་ལ་ལོག་པར་རྟོག་པ་འགོག་པ་སྟེ། ལོག་རྟོག་སྐྱེ་བའི་གཞི་ཡང་ཁ་ཅིག་ན་རེ། ཨ་ཀྵ་ར་༼མི་འགྱུར་བ་ཞེས་པའི་སྒྲ་སྟེ་༽ཞེས་པའི་སྒྲས་མི་འགྱུར་བས་ན་ཡི་གེ་སྟེ། དེ་ཡང་ཨཱ་ལི་ཀཱ་ལིའི་བདག་ཉིད་ཡིན་ལ། དེ་གཉིས་ལས་གྲུབ་པའི་རྒྱུའི་རྡོ་རྗེ་འཆང་ལ་མི་འགྱུར་བ་ལས་སྐྱེས་པའི་སྐུ་ཞེས་འདོད་ཅིང༌། ལྷའི་སྐུ་དེ་བསྒོམ་པ་གོམས་པ་སངས་རྒྱས་ཀྱི་ལམ་དུ་འདོད་པའོ། །དེ་དགག་པའི་ཕྱིར་རྐང་པ་ཕྱི་མ་གཉིས་གསུངས་ཏེ། རྒྱས་པར་ཡེ་ཤེས་གྲུབ་པའི་བརྟག་པ་ལས་ཤེས་པར་བྱའོ། །དེ་དག་གིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་རྒྱུར་འདོད་པ་སྤངས་པས། ཀཱ་ཡིག་གིས་ནི་རྒྱུ་ཞི་ཞིང༌། །ཞེས་པའོ། །རྟོག་པའི་ལམ་བཀག་པའི་ཡོངས་གཅོད་ལ། སྟོང་པ་ཉིད་བསྒོམ་པ་ལམ་དུ་བསྒྲུབས་པས་རྟོག་པ་ཐིམ་པ་ལ། ལ་ཡིག་གིས་ནི་འདིར་ཐིམ་ངེས། །ཤེས་པ་རྟོག་མེད་ཀྱི་ངོ་བོར་གྱུར་པ་དང༌། གཡོ་བའི་རླུང་བཅིངས་པས་སྟོང་པ་ཉིད་ཀྱི་སྐུར་འཁྲུངས་པ་ལ། ཙ་ཡིག་གིས་ནི་གཡོ་བའི་སེམས། །བཅིངས་པ་ཞེས་པའོ། །ཤུ་ཀྲ་དག་པ་༼ནི་ས་བོན་མི་འགྱུར་བ་༽ལས་འཁྲུངས་པའི་ས་ཧ་ཛའི་སྐུ་རིམ་གྱིས་གཙུག་ཏོར་ཏུ་གཤེགས་པ་ལ། ཀར་ཡིག་གིས་ནི་རིམ་པར་བཅིངས། ཤེས་པའི་ཡི་གེ་བཞིའི་དོན་བསྟན་ཏོ།། །། ད་ནི་ལ་སྒྲོ་འདོགས་པ་དང༌། དེ་སྤང་བ་བརྗོད་དེ། སྔ་མ་ནི་གཞན་དག་ན་རེ། བརྟག་པ་གཉིས་པ་ལས། བཤང་བའི་སྲིན་བུ་ལ་སོགས་པ། །རྟག་ཏུ་བདེ་བའི་རང་བཞིན་ཅན། །ཞེས་པས་བདེ་སྟོང་ལྷུན་གྲུབ་ཏུ་འདོད་པ་དང༌། རིགས་མི་མཐུན་གྱི་ཤུ་ཀྲ་བཅིངས་པས་སེམས་བདེ་བའི་ངོ་བོར་ཁ་དོག་བསྒྱུར་བར་འགལ་ཞེས་པ་དང༌། སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཅན་ལ་ཤུ་ཀྲ་མེད་པས། གཙུག་ཏོར་ཏུ་དེ་གནས་པ་མི་རིགས་ཞེས་དོགས་པ་གསུམ་མོ། ། དང་པོ་ནི་མི་རུང་སྟེ། འཕོ་བ་སྤངས་པའི་བདེ་བའམ། མ་སྤངས་པའི་བདེ་བར་གནས། སྔ་མ་ལྟར་ན་འཁོར་བའི་སྡུག་བསྔལ་ཡོད་པར་མི་རིགས་ལ། ཕྱི་མ་ལྟར་ན་ཟག་བཅས་ཀྱི་བདེ་བ་ཙམ་ཡོད་ཀྱིས། གདོད་ལམ་གྱིས་སྦྱང་དགོས་པ་ཡིན་པས། བདེ་བ་ཆེན་པོའི་མིང་མི་ཐོབ་པོ། འོ་ན་རྒྱུད་དེའི་དགོངས་པ་ཅི་ཡིན་ན། དེ་ཉིད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཤེས་པ་དྲི་མ་དང་བཅས་བཞིན་དུ་དེ་བཞིན་ཉིད་དེ། འོད་གསལ་བའི་སེམས་མི་རྟོག་ལྷུན་གྲུབ་གནས་པ་དང༌། ༼འཕོ་བའི་བག་ཆགས་༽དག་ན་བདེ་བ་ཆེན་པོ་འབྱུང་དུ་རུང་བའི་(ས་བོན་གྱི་)ཆ་སེམས་ཉིད་ལ་(གདོད་ནས་)གནས་པ་ལ་གསུངས་ཏེ། དག་པའི་ཐབས་བསྟན་པའི་ཕྱིར་རོ། ། ཀླན་ཀ་གཉིས་པ་ཡང་མི་རུང་སྟེ། འདི་ལྟར་ལྕགས་དང་རིགས་མི་མཐུན་དངུལ་ཆུ་དེ་གསེར་དུ་བསྒྱུར་བ་ཡང་འགལ་བར་ཐལ་ལོ། །དེ་ནི་རྫས་ཀྱི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་ཡིན་པས། ཚུར་རོལ་མཐོང་བ་རྣམས་ཀྱི་དཔྱད་བྱ་མིན་ཞེ་ན། དེ་ལྟ་ན་འདི་ཡང་དཔྱད་དུ་མི་རུང་བས། རྩ་བའི་རྒྱུད་ལས། ནོར་བུ་ཆེན་པོ་རྡོ་ལ་རེག །རབ་ཏུ་གསལ་བར་གྱུར་པ་ལྟར། །དེ་བཞིན་མི་འགྱུར་བདེས་རེག་ན། །སེམས་ནི་བདེ་བ་ཉི་དུ་འགྱུར། །འདིར་ཡང་སྨྲས་པས་ཅི་ཞིག་དགོས། །འཇིག་རྟེན་ཀུན་རྫོབ་བདེན་པས་ཀྱང༌། །ལྕགས་ནི་རབ་ཏུ་འབིགས་པ་ལ། །རོ་ཡི་ནུས་མཐུ་བསམ་མི་ཁྱབ། །དོན་དམ་པར་ནི་ཡེ་ཤེས་དངོས། །རྟོགས་པར་ཡང་ནི་སྨོས་ཅི་དགོས། ཞེས་གསུངས་པས། འདི་ལ་ནི་དད་པས་རྟོགས་པར་བྱའི། བརྟག་དཔྱད་ཀྱི་ཁོང་དུ་མི་ཚུད་དོ། །འོན་ཀྱང་ཁྱད་པར་གྱི་༼དངུལ་ཆུའི་༽དཔེ་རོ་ལ་བཀོད་པ་དང༌། བསྐོལ་བའི་སྦྱོར་བས་དེ་བརྟན་པར་བྱེད་པ་ལ། དུས་རིང་ཐུང་གི་དཔེས་ཆགས་བྲལ་དང་ཆགས་ཆེན་གྱི་ཁྱད་པར་ལས། ཤུ་ཀྲ་དག་པའི་ཐབས་དམན་པ་དང༌། མཆོག་གི་ཚུལ་གྱིས་འདི་ཡང་ཤེས་པར་བྱ་སྟེ། རྒྱས་པར་གཞུང་དང༌། བླ་མ་༼རྗེ་ཡུ་མོས་༽རིན་པོ་ཆེས་གཅེས་པ་བསྡུས་པར། དཔེ་དོན་གྱི་ཆོས་མཐུན་རྒྱས་པར་བསྟན་པ་ལས་ཤེས་པར་བྱའོ། །དེ་ལྟར་འགལ་བའི་སྐྱོན་གྲོགས་སུ་འགྲོ་བ་འདི་ལ་དགོངས་ནས། སྔགས་ཀྱི་ཐེག་པ་ཐམས་ཅད་ཀྱིས་ཁྱད་པར་དུ་འཕགས་པའི་དོན་ཡང་འདི་ཡིན་པར་ཤེས་པར་བྱའོ། ། ཀླན་ཀ་གསུམ་པ་ཡང་མི་འབྱུང་སྟེ། འདི་ལྟར། རྩ་བའི་རྒྱུད་ལས། རྟེན་དང་བརྟེན་པའི་འབྲེལ་པ་ནི། །ཇི་སྲིད་མི་འགྱུར་ཉིད་དུ་འགྱུར། །ཞེས་པས། སེམས་མི་འགྱུར་བའི་བདེ་བ་མ་ཐོབ་པ་དེ་སྲིད་དུ། རྟེན་ཤུ་ཀྲ་དག་པར་བྱེད་དགོས་ལ། སེམས་ཀྱིས་མི་འགྱུར་བ་ཐོབ་ནས། རྟེན་དང་བརྟེན་པའི་འབྲེལ་པ་མེད། །ཅེས་པས། སངས་རྒྱས་ལ་རྡུལ་ཕྲན་ལས་གྱུར་པའི་ལུས་དང༌། ཤུ་ཀྲ་མི་མངའ་ཡང༌། པྲ་སེ་ནའི་སྐུ་ལ་བརྟེན་པའི་བདེ་ཆེན་འཛིན་པ་མི་འགལ་ལོ། །འོ་ན་གཙུག་ཏོར་དུ་གནས་པར་བཤད་པའི་དགོངས་པ་ཅི་ཞེ་ན། དེ་ནི་མཚོན་བྱའི་དོན་གྱིས་ས་ཧ་ཛའི་རྟེན་ལ་ཇི་ལྟར་འདོད་བཞིན་མངའ་བརྙེས་པས། ལམ་གྱི་དུས་གཙུག་ཏོར་གྱི་བར་དུ་འདྲོངས་པའི་མཚོན་བྱེད་བརྡའི་སྐུ་ལ་དེ་སྐད་གསུངས་སོ། །གལ་ཏེ་བདེ་བ་དེ་ཐབས་ལས་བྱུང་བས་གློ་བུར་བར་འགྱུར་ལ། དེ་འདོད་ན་ཡང་མི་རྟག་པར་འགྱུར་ཞེ་ན། བདེན་ཏེ། འོན་ཀྱང་དག་མ་དག་གི་ཁྱད་པར་དུ་མ་བྱས་པའི་བདེ་བ་ཆེན་པོའི་འབྱུང་རུང་ཞིག་གི་ནུས་པ་སེམས་ལ་གདོད་ནས་ཡོད་དགོས་ཏེ། གལ་ཏེ་མེད་ན་འཕོ་བའི་བདེ་བ་ཡང་མི་རིགས་ལ། དེས་ན་གདོད་ནས་ཡོད་པའི་ནུས་པ་དེ་གློ་བུར་བ་མ་ཡིན་ཡང་གློ་བུར་བ་ཡིན་པའི་ཕྱིར། དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་ཉམས་པར་བྱེད། །ཅེས་པས། དེའི་འོག་རོལ་དུ་སྐྱེས་པའི་བདེ་བ་ཡང་གློ་བུར་བ་མ་ཡིན་༼རྒྱུ་མེད་པས་༽ནོ། །༼དུས་མཐའ་༽མི་རྟག་པར་འགྱུར་བའི་སྐྱོན་ཡང་མེད་དེ། རྟེན་བརྟེན་པོ་མི་འགྱུར་བ་ལ་བརྟེན་པས། བདེ་བ་ཆེན་པོ་ཡང་མི་ཉམས་པ་ནི། ཇི་ལྟར་བཅུད་ཀྱིས་ལྕགས་ཕུག་པ། །ལྕགས་ཉིད་དུ་ནི་འགྱུར་བ་མེད། །དེ་བཞིན་བདེ་བས་ཕུག་པའི་སེམས། །སྡུག་བསྔལ་ཉིད་དུ་འགྱུར་མ་ཡིན། །ཞེས་དང༌། དྲི་མེད་ཉིད་ཀྱིས་ཡང་དག་གནས། །དེ་ཡི་ཡེ་ཤེས་ཉམས་པ་མེད། །ཅེས་གསུངས་པས་ཤེས་པར་བྱའོ། །དེ་ལྟར་མི་འགྱུར་བའི་བདེ་བ་ཆེན་པོ་འདི་ནི་ཁྱད་པར་དུ་གྱུར་པའི་སྒོ་ནས། སྔགས་ཀྱི་ཐེག་པ་ཁྱད་པར་དུ་བསྟན་པ་སྟེ། འབྲས་བུའི་ལྷན་ཅིག་སྐྱེས་པ་རྒྱས་པར་བསྟན་ཏོ། །གཞན་ཡང་གཟུགས་སྐུ་བེམས་པོར་འདོད་པ་ལ། སྐྱོན་གསུངས་པ་དག་གོ་སླའོ། །ལྷན་ཅིག་སྐྱེས་པའི་སྐུ་བསྒྲུབ་པ་ཡིད་ཆེས་པར་དཀའ་བའི་གནས་རྡོ་རྗེའི་ཚིག་བཞི་པ་བསྟན་ཏོ།། །།