དུས་འཁོར་དཀའ་འགྲེལ།

འཁོར་རྩ་འཕོ་བའི་བག་ཆགས་མ་རིག་པ་བསྒྲུབ་པ་ཡིད་ཆེས་པར་དཀའ་བའི་རྡོ་རྗེའི་ཚིག་གཉིས་པ།

ད་ནི་ཡིད་ཆེས་པར་དཀའ་བའི་གནས་གཉིས་པ་བསྒྲུབ་པ་དང༌། དེ་ལ་སྒྲོ་འདོགས་སྤང་བ་བརྗོད་དེ། དེ་ལ་དང་པོ་ནི། མཆོག་ཏུ་མི་འགྱུར་བ་ཡེ་ཤེས་གྲུབ་པའི་ལེའུ་ལས། འཕོ་བའི་བག་ཆགས་འདི་ནི་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་གློ་བུར་གྱི་དྲི་མའི་རང་བཞིན་ཏེ། དེས་འཁོར་བའོ། །ཞེས་གསུངས་ལ། དེ་ཡང་དེ་ཉིད་ལས། སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་ཡིན་ལ། དེས་ཆགས་པ་འཇུག་གོ །ཆགས་པ་ནི་འགྱུར་བའོ། །འགྱུར་བ་ལས་ཆགས་བྲལ་ལོ། །དེ་ལས་ཞེ་སྡང་ངོ༌། །ཞེ་སྡང་ལས་བརྒྱལ་བ་སྟེ། གཏི་མུག་གོ །དེ་ལྟར་ན་ཆགས་པ་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་མ་རིག་པ་ཡིན་གྱིས་ཤེས་པའོ། །འདོད་ཆགས་ཀྱི་བསམ་པ་ཉིད་བསྐྱེད་བྱེད་ནི་དེའི་བག་ཆགས་ཏེ། དེ་ནི་ཡིད་མི་གཡོ་བ་གཡོ་བར་བྱེད་པའི་རྒྱུ་རླུང་གི་ཁམས་ཏེ། དེ་ནི་འཕོ་བའི་ཉེ་བའི་རྒྱུའོ། །དེ་སྐད་དུ་ནི། དཔལ་རྡོ་རྗེ་ཕྲེང་བ་ལས། མ་རིག་འདུ་བྱེད་འཁོར་ལོ་ནི། །རྣམ་པར་ཤེས་པའི་ཤིང་རྟ་རླུང༌། །ཞེས་གསུངས་པས། རླུང་ནི་མ་རིག་པར་བྱེད་པས་མ་རིག་པ་ཡིན་ལ། གཏི་མུག་ནི་མ་རིག་པས་བྱས་པས་མ་རིག་པའོ། ། ཡང་འདུ་བྱེད་གཡོ་བའི་སེམས་དང༌། བེམས་པོའི་རླུང་དག་ཕན་ཚུན་ལྟོས་པ་གཉིས་ཀ་རྒྱུ་ཡང་ཡིན་ལ། འབྲས་བུ་ཡང་ཡིན་ཏེ། རླུང་གིས་ཡིད་གཡོ་བར་བྱེད་པ་རྒྱ་མཚོའི་རླབས་ལྟ་བུ་དང༌། ཡིད་གཡོས་པའི་དབང་གིས་རྒྱུ་བའི་རླུང་ཡང་བསྐྱེད་པ་བྱ་འདབ་མ་རླབས་པས་རླུང་འབྱུང་བ་ལྟ་བུའོ། །ཅིའི་ཕྱིར་འདི་མ་རིག་པ་ཡིན་ཞེ་ན། རླུང་གིས་སེམས་ཀྱི་འདུ་བྱེད་སེམས་གཡོ་བའི་སེམས་དེ་སྲིད་དུ་ཏིང་ངེ་འཛིན་དམན་ལ། སྒོམ་བྱུང་གི་ཤེས་རབ་མེད་པས་ས་དང་པོའི་དེ་ཁོ་ནའི་རང་གི་མཚན་ཉིད་མ་རྟོགས་ཤིང༌། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་སྟེ། གང་ཚེ་མ་རིག་ཀུན་བརྟེན་པས། །བདག་ཉིད་ཀྱང་ནི་མི་ཤེས་སོ། །ཞེས་པ་དང༌། རང་གིས་རང་ངོ་མ་ཤེས་པས། །གང་བྱུང་གློ་བུར་པ་ཡིས་ནི། །འཁོར་བའི་སྒྱུ་མ་འཇིག་རྟེན་འདི། །རང་བཞིན་གྲོལ་ཡང་གྲོལ་མ་གྱུར། ། ཞེས་གསུངས་སོ། །དེའི་རྒྱུ་ལོག་པའི་ལྟ་བ་ལ་བརྟེན་པས། ལས་འབྲས་འཁྲུལ་པ་ལ་འཇུག་པ་ནི། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་སྟེ། དགོངས་པ་ལུང་སྟོན་ལས། སེམས་ནི་དེ་ཡི་མ་ཤེས་པས། །ལྟ་བ་སོ་སོར་གྱུར་པ་ཡིན། །དེ་བས་དེ་ནི་འཁོར་བ་རུ། །འགྲོ་བ་དྲུག་གི་མིང་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསལ་བར་གསུངས་སོ། །འཁོར་དུག་གསུམ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཅན་གྱི་ཡིད་ནི་རླུང་གི་ནུས་པས་བསྐྱེད་པ་སྟེ། དཔལ་རྡོ་རྗེ་འཕྲེང་བ་ལས། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །རླུང་གི་ངོ་བོས་གཟུགས་གཞན་མཐོང༌། །དོན་ནི་ངེས་པར་མི་ཤེས་ཤིང༌། །༼དེས་ན་༽རླུང་ཙམ་གཅིག་པུས་རྨོངས་པའོ། །ཞེས་གསུངས་སོ། །རླུང་ཡང་རྩ་བ་དང་ཡན་ལག་གི་དབྱེ་བས་གཉིས་ཏེ། སྔ་མ་ནི་མི་ཤིགས་པའི་ཐིག་ལེ་དང༌། ཕྱི་མ་ནི་ཡེ་ཤེས་ཀྱི་རླུང་ངོ༌། །དེ་ལས་དང་པོ་ནི། །འཇིག་རྟེན་མགོན་པོས། དབང་གི་ལེའུར། སེམས་ཅན་ཐམས་ཅད་ཀྱི་སྙིང་ཀའི་ནང་དུ་ཡེ་ཤེས་གནས་སོ། །དེ་ཉིད་མི་ཆོམས་པའི་སྒྲ་སྟེ། རྟག་ཏུ་སྒྲའི་མཚན་ཉིད་དོ། །ཞེས་གསུངས་ལ། སྒྲ་དེ་ཡང་ཇི་ལྟ་བུ་ཞེ་ན. དཔལ་རྡོ་རྗེ་ས་འོག་ཅེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ཡི་གེ་དང་ནི་དབྱངས་དང་སྒྲ། །ང་རོ་ཅ་ཅོ་སྒྲ་སྐད་དང༌། །འུར་སྒྲ་རྩེགས་དང་གསལ་བ་དང༌། །གཅོད་དེ་སྒྲ་ཡི་མཚན་ཉིད་བཅུ། །དེ་བཞིན་དུ་སྦྱར་ཏེ། དཔེར་ན་རླུང་གིས་བསྐྱོད་པ་ཡི། །རྒྱུད་མངས་ལས་ནི་འབྱུང་བའི་སྒྲ། དེ་འདྲའི་སྒྲ་ཡི་གནས་འབྱུང་བ། །ཤེས་རབ་ཅན་གྱི་ཐོས་པ་ནི། །བུམ་པའི་ནང་གི་བུང་བ་བཞིན། །དེ་ནི་ཟབ་ཅིང་སྙན་པ་དང༌། །ཤིན་ཏུ་ཕྲ་བར་རབ་འཇུག་པའི། །སྒྲར་ནི་ཉེ་བར་ཐོས་འགྱུར་ཞིང༌། །སེམས་ཉིད་ཀྱིས་ནི་ཤེས་བྱ་བ། །དེ་ནི་གཅོད་ཅེས་བྱ་བ་སྟེ། །ཏིལ་མར་གྱིས་ནི་ཏིལ་སོགས་བཞིན། །དེ་ཡིས་འདི་དག་ཐམས་ཅད་ཁྱབ། །ཐེ་ཙོམ་མེད་ཅིང་བརྗོད་དུ་མེད། །དབྱངས་དང་ཡི་གེ་རྣམ་པར་སྤངས། །དེ་ནི་ཕྱི་ནང་བརྟགས་པ་ཡིན། །དེ་ནི་ཚངས་པ་དམ་པར་བརྗོད། །དེ་ནི་སུས་ཀྱང་བརྗོད་པ་དང༌། །གཞིག་པར་ནུས་པ་ཉིད་མ་ཡིན། །འདི་ལྟར་རང་ཉིད་འབྱུང་བ་སྟེ། །དེ་ནི་ཁྱབ་བདག་ལུས་ལ་གནས། །དེ་ནི་ཡུལ་དང་འཁོར་བ་དང༌། །ཟ་བྱེད་ཡུལ་དང་རྨོངས་ཉིད་དང༌། །ཇི་སྲིད་དེ་ནི་མ་ཤེས་པ། །དེ་སྲིད་ཁོ་ནར་ཕྱུགས་ཞེས་བྱ། །ཐམས་ཅད་ན་ནི་གནས་པ་མེད། །ཚངས་པ་དམ་པར་བརྗོད་པ་སྟེ། །སྔགས་ཀྱི་དེ་ཉིད་ཤེས་ན་ནི། །འཁོར་བའི་རྫབ་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་དང༌། རྒྱུད་གཞན་དག་ལས་ཀྱང༌། ཕུང་པོ་ལྔ་ཡི་བདག་ཉིད་དེ། །འཁོར་ལོ་དྲུག་གི་ཕུག་ནང་ན། །སྟོང་ཉིད་རླུང་གི་འཁོར་ལོ་གནས། །ཟླ་བ་ཕྱེད་པའི་ཆ་ལྟ་བུ། །ཕྱེད་མིན་གང་བ་ཡང་མ་ཡིན། །ཞེས་པ་དང༌། ཨཱརྱ་དེ་བའི་ཞལ་སྔ་ནས་ཀྱང༌། ལྕགས་ཀྱུ་རྩ་ཡི་རང་བཞིན་ཉིད། །ལྕགས་ཀྱུ་སྲོག་གི་རང་བཞིན་ཉིད། །ལྕགས་ཀྱུ་ཡེ་ཤེས་རང་བཞིན་ཉིད། །ལྕགས་ཀྱུ་རྡོ་རྗེ་ཞེས་སུ་བཤད། །ལག་འགྲོ་འཁྱོགས་པའི་རྣམ་པ་ཅན། །གླང་པོའི་སྣ་ཡིས་རྣམ་པར་གྲོལ། །བསྟན་བཅོས་ཀུན་གྱི་ཐོག་མར་འགྲོ། །དེ་བྲིས་ན་ནི་བརྗོད་པར་བྱ། །ཞེས་པས། འདི་དག་གི་མཚན་ཉིད་ལ་སོགས་པ་བླ་མའི་མན་ངག་ལས་ཤེས་པར་བྱའོ། །༼རྩ་རྒྱུད་ལས། འཕོས་པ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང༌། །སྡུག་བསྔལ་ལས་ནི་སྐྱེས་བུའི་ཁམས། །ཟད་ལས་འཆི་བ་ཞེས་སུ་བརྗོད། །འཆི་ལས་དེ་བཞིན་སླར་སྐྱེ་སྟེ། །སྐྱེ་ལས་དེ་བཞིན་སླར་འཆི་འཕོ། །དེ་ལྟར་ཆགས་བྲལ་བྱུང་བ་ལས། །སྲིད་པ་གཞན་ན་སྲིད་པ་མེད། །ཅེས་སོ། །༽དེས་ནང་གི་ལེའུར། འཁོར་བའི་བག་ཆགས་ཀྱིས་མ་རིག་པའོ། །ཞེས་པ་དེ་རྒྱས་པར་བསྒྲུབ་པའོ།། །། ད་ནི་དེ་ལ་སྒྲོ་འདོགས་པ་དང༌། དེ་སྤང་པ་བརྗོད་དེ། དེ་ལ་ཁ་ཅིག་ན་རེ། རླུང་ནི་བེམས་པོ་ཡིན་ལ། མ་རིག་པ་ཞེས་པ་ནི་རིག་པ་མེད་པ་ལ་མི་བྱའི། ལས་འབྲས་ལ་སོགས་པ་མི་ཤེས་ཤིང་མི་རྟོགས་པའི་བདག་ཉིད་ལ་བྱ་བས་ན། རླུང་ལ་མ་རིག་པ་མི་འཐད་ཅེས་པ་དང༌། གཞན་ཡང་ཐུབ་པས། རྟེན་འབྲེལ་བཅུ་གཉིས་གསུངས་པའི་རྩ་བ་མ་རིག་པ་སྟེ། ལྷན་ཅིག་སྐྱེས་པ་དང༌། ཀུན་ཏུ་བརྟགས་པའི་བདག་ཉེད་དེ། གཉིས་སུ་གསུངས་པས། འཁོར་བའི་རྒྱུ་རུ་འདི་འགྱུར་རོ། །ཞེ་ན། དེ་ལ་ཀླན་ཀ་དང་པོ་ནི་མི་འབྱུང་སྟེ། རླུང་བེམས་པོ་ཡིན་པ་ནི་བདེན་ཀྱང༌། ཤེས་པ་དང་འདྲེས་པའི་ཚེ་ན། ཤེས་པ་གཡོ་རུ་འཇུག་པའི་ནུས་པ་ཡང་ཡོད་ལ། སྒྲ་ཐམས་ཅད་འབྱུང་བ་ཅན་དུའང་འགྱུར་བས། རླུང་ལ་མ་རིག་པ་དང་སྒྲ་ཐམས་ཅད་པ་ཞེས་བྱ་སྟེ། འཕགས་པ་ལྷའི་ཞལ་ནས། ཁམས་ཕྲ་བ་དང༌། རྣམ་པར་ཤེས་པ་དག་གཟུགས་མེད་པས། མར་གྱི་ནང་དུ་མར་བཅུག་པ་ལྟར་འདྲེས་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་རྫོགས་པར་བྱེད་དོ། ། ཞེས་གསུངས་སོ། །གལ་ཏེ་མ་རིག་པ་བྱེད་པས་མ་རིག་པ་ཡིན་ན། རྒྱུ་ལ་འབྲས་བུའི་མིང་བཏགས་པ་ཙམ་ཡིན་པས། དངོས་ཀྱི་དོན་ལ་གནོད་པ་ཡོད་པའི་ཕྱིར། མ་རིག་པ་མིན་པར་འགྱུར་རོ་ཞེ་ན། འོ་ན་ཁྱེད་རང་གི་ལྟར་ན། རང་བཞིན་གྱིས་མ་རིག་པའི་བདག་ཉིད་ཡིན་ནམ། འོན་ཏེ་རྐྱེན་གཅིག་གི་མ་རིག་པ་བྱེད། སྔ་མ་ལྟར་ན་གཏན་དུ་སྤང་དུ་མི་རུང་བས། མྱ་ངན་ལས་འདས་པ་མི་འཐད་པར་འགྱུར་ལ། དེ་ལྟ་མ་ཡིན་ན་སྔར་རྟོགས་ཤིང་༼ལས་འབྲས་བུ་སོགས་༽ཤེས་པའི་ངོ་བོ་ཡིན་པ་ལ། ཕྱིས་རྐྱེན་གྱིས་མ་༼དེ་དང་མི་མཐུན་པའི་༽ཤེས་པའི་བདག་ཉིད་དུ་གློ་བུར་དུ་སོང་བར་འགྱུར་རོ། །དེ་འདོད་ན་རྒལ་ཞིང་བརྟག་པ་མཚུངས་སོ། །ཀླན་ཀ་གཉིས་པ་སྤང་༼རྒྱུད་ལྔས་༽མི་རུང་སྟེ། བྱང་ཆུབ་སེམས་དཔའ་ཉིད་ཀྱིས། འཁོར་བ་པ་ནི་འགྱུར་བའི་བདེ་བའི་རིགས་འཛིན་པའི་ཕྱིར་དང༌། འཁོར་བའི་བག་ཆགས་ཀྱིས་ཟོས་པའི་མཐུས་རྟེན་འབྲེལ་ལུགས་སུ་འབྱུང་ཞིང༌། དེ་ལོག་ན་རྟེན་འབྲེལ་ཡང་ལྡོག་པར་གསུངས་པའི་ཕྱིར་དང༌། མི་འགྱུར་བའི་བདེ་བ་བརྙེས་ནས་སངས་རྒྱས་སུ་གསུངས་པའི་ཕྱིར་དང༌། འཁོར་བའི་བག་ཆགས་ཀྱི་ཕ་རོལ་དུ་ཕྱིན་ན། སངས་རྒྱས་སུ་གསུངས་པའི་ཕྱིར་དང༌། གཞན་ཡང་འཕོ་བ་སྤངས་པའི་བྱང་ཆུབ་སེམས་དཔའ་ལ་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཡོད་ཀྱི། མ་སྤངས་པ་དྲང་སྲོང་ལྷག་མ་ལ་སོགས་པ་ལ་ཡོན་ཏན་མེད་པས་ཀྱང་འཁོར་བའི་རྩ་བར་གྲུབ་བོ། །གཞན་ཡང་འཕོ་བའི་བག་ཆགས་འཁོར་བའི་རྩ་བ་ཡིན་ན། ལུང་གིས་གནོད་པ་ཡང་ཡོད་དེ། འཕགས་པ་དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་ཉོན་མོངས་པ་དག་ནི་རྣམ་པ་གཉིས་ཏེ། གནས་ཀྱི་སའི་ཉོན་མོངས་པ་དང༌། ཀུན་ནས་ལྡང་༼དྲུག་དང་དེའི་མ་རིག་པ་ནི་མཐོང་སྤང་དུ་འདོད་དེ་༽བའི་ཉོན་མོངས་པ་རྣམས་སོ། །སྔ་མ་ལ་ཡང་བཞི་སྟེ། ལྟ་བ་གཅིག་ལ་གནས་པའི་གནས་ཀྱི་ས་དང༌། འདོད་པའི་འདོད་ཆགས་ལ་གནས་པའི་ས་དང༌། གཟུགས་ཀྱི་འདོད་ཆགས་ལ་གནས་པའི་ས་དང༌། སྲིད་པའི་འདོད་ཆགས་ལ་གནས་པའི་གནས་ཀྱི་སའོ། །དང་པོ་དེས་ནི། ཀུན་ནས་ལྡང་བ་ཐམས་ཅད་བསྐྱེད་པ་ལ་སོགས་སོ། །དེ་དག་ཀྱང་སྐད་ཅིག་པ་སྟེ། སེམས་ཀྱི་སྐད་ཅིག་པ་དང་མཚུངས་པར་ལྡན་པ་ལ་སོགས་སོ། །མ་རིག་པ་༼དེ་བཞི་ལས་ཐ་དད་པ་༽འི་གནས་ཀྱི་ས་ཐོག་མ་མ་མཆིས་པའི་དུས་ནས་མཆིས་པ་ནི། སེམས་དང་མི་ལྡན་པ་ལགས་སོ༼ཞེས་པས་སེམས་ལས་བྱུང་པའི་མ་རིག་པ་བསལ༽། ། བཅོམ་ལྡན་འདས་བཞི་པོ་འདི་དག་གི་ནང་ནས་སྟོབས་ཆེ་བ་གང་ལགས་པ་དེས་ནི། ༼དེ་ནས་འཕོ་བའི་བག་ཆགས་སུ་གྲུབ་༽མ་རིག་པའི་གནས་ཀྱིས་སྟོབས་ཆེ་བའི་གྲངས་སམ། ཆའམ། བགྲང་བའམ། རྒྱུར་ཡང་མི་བཟོད་ལགས་སོ། །སྟོབས་པོ་ཆེ་དེ་ནི་སྲིད་པའི་འདོད་ཆགས་ལ་གནས་པའི་གནས་ཀྱི་ས་ཞེས་བྱའོ། །དཔེར་ན་བདུད་སྡིག་ཅན་ནི། གཞན་འཕྲུལ་དབང་བྱེད་ཀྱི་རིགས་སུ་གཏོགས་ཀྱང༌། གཟུགས་དང༌། ཁ་དོག་དང༌། སྟོབས་ཀྱིས་ལྷའི་རིགས་དེ་དག་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་མ་རིག་པ་འདིས་ཀྱང་གནས་ཀྱི་ས་གཞན་༼བཞི་པོ་༽ཟིལ་གྱིས་གནོན་ཏེ། ཉེ་བའི་ཉོན་མོངས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྟེན་དུ་གྱུར་པ། ཉོན་མོངས་པ་༼གནས་ཀྱི་ས་༽བཞི་དང༌། ཡུན་རིང་པོ་ནས་ལྷན་ཅིག་གནས་པ་འདི། ༼མ་རིག་པ་འཕོ་བའི་བག་ཆགས་༽སྦྱངས་ཤིང་སྦྱངས་པ་མ་བགྱིས་པ་དེ་དག་ནི། མྱ་ངན་ལས་འདས་པའི་དབྱིངས་སུ་རོ་གཅིག་པ་མ་ལགས་ཏེ། རིགས་དང་རྣམ་པར་གྲོལ་བའི་རོར་མཚུངས་པ་ཡང་མ་ལགས་སོ། །འདི་མ་སྦྱངས་མ་སྤངས་པས་སྤང་བར་བགྱི་བའི་ཉོན་མོངས་པ་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པ་སྙེད་མ་སྤངས་ཤིང་མ་སྦྱངས་པ་སྟེ། དེ་དག་མ་སྦྱངས་པས་སངས་རྒྱས་ཀྱི་ཆོས་དེ་སྙེད་མ་ཐོབ་ཅིང་མངོན་དུ་མ་བགྱིས་པའོ། །དེ་ལྟ་ལགས་པས་མ་རིག་པ་འདི་ནི་སྒོམ་པས་སྤང་བར་བྱ་བའི་༼སྟེ་དེས་ན་དེས་༽ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་འབྱུང་གནས་ལགས་༼ཞེས་པ་ཐམས་ཅད་ཀྱི་རྒྱུར་བསྟན་༽ཏེ། དེ་ལས་ནི་སེམས་ཀྱི་ཉེ་བའི་ཉོན་མོངས་པ་དང༌། ཞི་གནས་དང༌། ལྷག་མཐོང་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། རྣལ་འབྱོར་དང༌། ཤེས་པ་དང༌། འབྲས་བུ་དང༌། རྟོགས་པ་དང༌། སྟོབས་དང༌། མི་འཇིགས་པའི་ཉེ་བའི་ཉོན་མོངས་པ་ཡང་འབྱུང་ལགས་སོ། །དེ་སྙེད་ཀྱི་ཉེ་བའི་ཉོན་མོངས་པ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་གཞོམ་པར་བྱ་བ་དེ་དག་ཐམས་ཅད་ཀྱང༌། མ་རིག་པའི་གནས་ཀྱི་ས་ལས་བྱུང་བ་ལགས་སོ། ། བཅོམ་ལྡན་འདས་༼མ་རིག་པའི་༽གནས་ཀྱི་ས་འདི་ནི། ས་གསུམ་པོ་འདི་དག་ཏུ་ཡིད་ཀྱི་ལུས་གསུམ་པོ་འདི་དག་འབྱུང་བ་དང༌། ཟག་པ་མ་མཆིས་པའི་ལས་མངོན་པར་བསྒྲུབ་པའི་རྟེན་ལགས་སོ། །དེའི་སླད་དུ་སྲིད་པའི་འདོད་ཆགས་ལ་གནས་པའི་ས་དང་ནི་མཐུན་གྱི། ༼ཞེས་པའི་དོན་ཟག་མེད་དབྱིངས་ལ་གནས་པའི་ས་གསུམ་པོ་ལ་ཡང༌། བདེ་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་གེགས་བཞི་སྟེ། རྐྱེན་གྱི་མཚན་ཉིད་མ་རིག་པའི་བག་ཆགས་ཀྱི་ས་དང༌། རྒྱུའི་མཚན་ཉིད་ལས་ལྟ་བུ་བག་ཆགས་མ་རིག་པས་སོ། །ས་དེའི་རྐྱེན་ཅན་ཟག་པ་མེད་པའི་ལས་མཚན་མར། ཕྲ་མོའི་ཀུན་ཏུ་སྤྱོད་པ་བླངས་པ་དང༌། འབྱུང་བའི་མཚན་ཉིད་སྐྱེ་བའི་ཉོན་མོངས་པ་ལྟ་བུ། ལས་དེའི་རྒྱུ་ཡིད་ཀྱི་ལུས་གསུམ་འགྲུབ་པ་འཇིགས་པའི་མཚན་ཉིད་ལུས་གསུམ་པོ་གྲུབ་པའི་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་བས་ཐོབ་པ་སྟེ། ཞེས་པ་དེ་དག་རླུང་གིས་འཕོ་བའི་བདེ་བ་བསྐྱེད་ནས། སྲིད་པ་གསུམ་དུ་ལུས་ལེན་པ་མི་མཐུན་པས་སོ། །དེ་ནས་འཕོ་བའི་༽ལས་ཐུན་མོང་བ་ནི་མ་ཡིན་གྱི། མ་རིག་པའི་གནས་ཀྱི་ས་འདི་ནི་གནས་ཀྱི་ས་བཞི་པོ་དག་ལ་ཐ་དད་པ་ཁོ་ན་སྟེ། ཡོངས་སུ་གྲོལ་བའི་ས་དང༌། སངས་རྒྱས་ཀྱི་སས་སྤང་བར་བགྱི་བ་དང༌། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དགྲ་བཅོམ་པ་དང༌། རང་རྒྱལ་བས་དེ་མ་སྤངས་པས། ཟག་པ་ཟད་པ་ལ་དབང་བའི་སྟོབས་ཀྱང་མ་ཐོབ་ཅིང༌། མངོན་སུམ་དུ་ཡང་མི་བགྱིད་དོ། །ཟག་པ་ཟད་པ་ཞེས་བགྱི་བ་འདི་ནི་མ་རིག་པའི་ཚིག་བླ་དགས་ལགས་སོ། །ཞེས་གསུངས་པས། འཕོ་བའི་བག་ཆགས་ཅན་གྱི་མ་རིག་པ་ཁོ་ན་སྦྱང་དཀའ་བ་དང༌། དེ་སྤངས་ན་ཟག་པ་ཟད་པའི་བདེ་བ་ཐོབ་པར་བསྟན་ཏོ༎ དེ་ལྟར་སེམས་རང་བཞིན་གྱིས་དག་པ་ཡིན་ཡང༌། གློ་བུར་བའི་དྲི་མ་༼འཕོ་བའི་བག་ཆགས་འདི་༽མ་དག་པའི་དབང་དུ་དྲི་མ་དང་བྲལ་བའི་དག་པ་མ་ཐོབ་པའི་དག་པ་གཉིས་ལྡན་མེད་པ༼འི་བར་དེ་སྲིད་དུ་༽ནི་སངས་རྒྱས་ཀྱི་གྲངས་སུ་མི་འགྲོ་བར་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་བཤད་པས། ལམ་ཁྱད་པར་དུ་འཕགས་པ་སྦྱོར་བ་ཡན་ལག་དྲུག་གི་ལམ་ལ་འབད་དེ་བསླབས་ལ། མ་རིག་པ་དག་པར་བྱའོ། །འཁོར་བའི་རྩ་བ་འཕོ་བའི་བག་ཆགས་འཕོ་བའི་བག་ཆགས་མ་རིག་པ་བསྒྲུབ་པ་ཡིད་ཆེས་པར་དཀའ་བའི་རྡོ་རྗེའི་ཚིག་གཉིས་པ་བསྟན་པའོ།། །།