ཡབ་སྲས་གསོལ་འདེབས།
གསོལ་འདེབས་དངོས་གྲུབ་འབྱུང་གནས་མ། ལོ་ཙཱ་བློ་གྲོས་དཔལ། ༄༅།། དངོས་གྲུབ་འབྱུང་གནས་ཀུན་མཁྱེན་ཆོས་ཀྱི་རྗེ།། འགྲོ་ཀུན་སྤྱི་གཙུག་པད་ཟླའི་གདན་བཞུགས་ནས།། ཐུགས་རྗེ་རྒྱུན་ཆད་མེད་པའི་བཀའ་དྲིན་གྱིས།། མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ།། ཀུན་མཁྱེན་ཆོས་རྗེ་བྱང་སེམས་ཆོས་གྲགས་དཔལ།། ཇོ་ནང་ལོ་ཙཱ་མ་ཏི་པཎི་ཏ།། ཕྱོགས་ལས་རྣམ་རྒྱལ་འབྲི་གོང་ལོ་ཙཱ་བ།། མཉམ་མེད་ཡབ་སྲས་དྲུག་ལ་གསོལ་བ་འདེབས།། འཇམ་དབྱངས་སྨན་ཆུ་ཁ་བ་རིན་ཚུལ་བ།། ཞང་སྟོན་རྒྱལ་བོ་ལྷ་ཡི་རྒྱལ་མཚན་དཔལ།། སྐྱེས་མཆོག་ཉ་དབོན་པ་དང་ཕུན་ཚོགས་ཞབས།། ཐང་སྟོན་ཆེ་ཆུང་རྣམས་ལ་གསོལ་བ་འདེབས།། མཚུངས་མེད་ཡབ་སྲས་བཅུ་བཞི་ཁྱེད་རྣམས་ཀྱི།། མཁྱེན་བརྩེའི་ལྕགས་ཀྱུས་བདག་ལེགས་བཟུང་ནས།། རྟག་པར་ཁྱེད་ཀྱི་ཞབས་དྲུང་སྐྱེ་བ་དང༌།། གསུང་མཆོག་བདུད་རྩིའི་དཔལ་ལ་སྤྱོད་པར་ཤོག། ཅེས་པ་འདི་ཡང་ཇོ་ནང་ལོ་ཙཱ་བློ་གྲོས་དཔལ་གྱིས་མཛད་པའོ།།