ཀུན་མཁྱེན་གསོལ་འདེབས།

ཀུན་མཁྱེན་ཆེན་པོའི་གསོལ་འདེབས་རྒྱལ་མདུན་མ།

ཉ་དབོན་ཀུན་དགའ་དཔལ་

༄༅། །རྒྱལ་བའི་མདུན་ན་རྒྱལ་སྲས་ལི་ཙཱ་བི།། ཀཱ་ལ་པ་རིར་རིགས་ལྡན་པདྨ་དཀར།། དཔལ་གྱི་རི་ལ་ཀླུ་སྒྲུབ་སྙིང་པོར་གྲགས།། འགྲོ་མགོན་ཇོ་ནང་པ་ལ་གསོལ་བ་འདེབས།། སྤོས་ངད་ལྡན་ན་ཆོས་འཕགས་སེམས་དཔའ་ཆེ།། ལྷ་ལྡན་གྲོང་དུ་སྲོང་བཙན་རྒམ་པོ་སྟེ།། རྔ་ཡབ་གླིང་ན་པདྨ་འབྱུང་གནས་དཔལ།། ཤེས་རབ་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ།། གང་གི་བློ་གྲོས་ནམ་མཁའི་ཁྱོན་ལྟར་ཡངས།། དེ་བློས་གསུང་རབ་ངེས་དོན་རྫོགས་པར་དགོངས།། དམ་ཆོས་དོན་དུ་སྲོག་ཀྱང་འདོར་ནུས་པའི།། དོལ་པོ་པར་གྲགས་བླ་མའི་ཞབས་ལ་གསོལ་བ་འདེབས།། གངས་རིའི་ཁྲོད་འདིར་ངེས་དོན་བསྟན་པའི་བདག། འགྲན་མེད་དམ་པ་ཆོས་ཀྱི་འཁོར་ལོ་བསྐོར།། འཇིག་རྟེན་མགོན་པོའི་རྣམ་སྤྲུལ་ཇོ་ནང་པ།། ཀུན་མཁྱེན་ཆེན་པོའི་ཞབས་ལ་གསོལ་བ་འདེབས།། མཆོད་བསྟོད་ཕྱག་འཚལ་གསོལ་བ་བཏབ་པའི་མཐུས།། སྐྱབས་མཆོག་ཁྱེད་ཀྱི་བསྟན་པ་དར་བ་དང༌།། བདག་ཅག་རྣམས་ཀྱི་འགལ་རྐྱེན་ཀུན་ཞི་ནས།། དངོས་གྲུབ་འདོན་དོན་མ་ལུས་འགྲུབ་པར་ཤོག། ཉ་དབོན་ཀུན་དགའ་དཔལ་བཟང་གིས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་སྦྱར་བའོ།།