མི་ལ་རས་པའི་རྣམ་མགུར།

རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར།

རུས་པའི་རྒྱན་ཅན།

ན་མོ་གུ་རུ། ཆོས་སྐུའི་ལྷ་ལམ་མ་རིག་ཆུ་འཛིན་གདོད་བྲལ་དབྱིངས་ན་གཟུགས་སྐུ་ལག་པའི་ཉིན་མཚན་མགོན་ནི་བདུད་ཆུའི་སྒྲ་གཅན་རྩ་བྲལ་འཕྲིན་ལས་མཁྱེན་བརྩེའི་འོད་འགྱེད་མཐའ་ཡས་དཔལ་འབར་བས། །ཤེས་བྱའི་དངོས་ཀུན་ཁྱབ་ཅིང་འགྲོ་བ་རིགས་རོ་ལམ་རྒྱུད་དབང་པོ་སྐྱེ་གནས་དུས་ཀྱིས་བསྡུས་པའི་སྲོག་ལྡན་ཀུན་གྱི་ཆོས་ལ་རྨོངས་པའི་གློ་བུར་མུན་པ་མཐའ་དག་རབ་བསལ་ནས། །དུག་མདའི་དབང་གིས་སྒོ་མེ་མི་དགེ་ཕྱོགས་དང་མཚམས་བྲལ་ཕུང་པོས་འཕངས་པའི་ལམ་དུ་ཞུགས་དང་འཇུག་འགྱུར་ཞུགས་འབྲས་ཚོར་བ་ཉམས་མྱོང་ཀུན་ལས་ཕྱིར་ལྡོག་བདེ་བར་ངལ་བསོས་ཏེ། །

སླར་ཡང་རྣམ་བྱང་རྒྱུ་ལམ་དག་ལ་བཀོད་ནས་འབྲས་བུ་དབང་ཕྱུག་ཀླུ་ལྡན་ཚེ་འདིར་སྩོལ་མཛད་མཁའ་མཉམ་འགྲོ་བའི་དཔལ་མགོན་མི་ལ་ཞེས་གྲགས་སྟོབས་བཅུ་མངའ་བ་དེ་ལ་འདུད། །ཁྱོད་ཐུགས་ཐུགས་རྗེའི་ཆུ་གཏེར་འཕྲིན་ལས་འགྲོ་དོན་རྦ་རླབས་འཐོར་ལས་ཡེ་ཤེས་ཐིགས་དང་དད་སོགས་ནོར་བུས་བདག་བློ་རྨིག་རྗེས་རབ་གང་ཉོན་མོངས་ཚད་གདུང་དབུལ་ཕོངས་ཀུན་བསལ་བས། །སྲེད་ལྡན་སྐྱེ་བོས་རྒྱན་སྤྲས་བཟང་མོ་དབེན་པར་བཏུས་ཚེ་ཚངས་སྤྱོད་སྨོན་ཡང་ལང་ཚོའི་དཔལ་གཟིས་བགྲོད་པ་ཕྱིར་བསྣུར་ཙམ་ལའང་བཟོད་གླགས་བྲལ་ཕྱིར་འཕྲལ་དུ་དགའ་བས་དགའ་བ་ལྟར། །རྣམ་ཐར་ཡིད་འཕྲོག་མཛེས་མ་ཐུགས་རྗེའི་རྒྱན་སྤྲས་སྐལ་ལྡན་རྣ་བར་ལྷུང་ཚེ་གབ་པར་རློམ་ཡང་ངོ་མཚར་དཔལ་གཟིས་ཁོང་འཛུམ་གད་རྒྱངས་ཤོར་ཕྱིར་འཕྲལ་དུ་ཡི་གེའི་དགའ་སྟོན་འགྱེད། །དེ་ཕྱིར་རྣམ་ཐར་ནོར་བུའི་གབ་རྒྱའི་དྲི་མ་དང་བརྩོན་སྤོས་ཆུས་བྱི་དོར་བགྱིས་ནས་འགྲོ་བའི་དོན་དུ་ཐུབ་བསྟན་རྒྱལ་མཚན་རྩེ་མོར་མཆོད་པས་བླ་མ་མཁའ་འགྲོས་གནང་དུ་གསོལ།

རྣམ་ཐར་གྱི་ཆེ་བརྗོད།

དེ་ཡང་བོད་གངས་ཅན་གྱི་ཁྲོད་འདིར་དང་པོར་མེ་འོབས་ལྟ་བུའི་འཁོར་བ་མཐའ་དག་གི་ཉེས་དམིགས་ལ་ཐུགས་སྐྱོ་ཞིང་ངེས་པར་འབྱུང་བས་མཐོ་རིས་ཀྱི་ལྷ་ཚངས་པ་དང་བརྒྱ་བྱིན་གྱི་བདེ་བ་ལ་ཡང་སྨོན་པ་སྐད་ཅིག་ཙམ་ཡང་མེད་པའི་ཞེན་ལོག་དང་ལྡན་པ། པད་ཚལ་ལྟ་བུའི་ཐར་པ་དང་ཐམས་ཅད་མཁྱེན་པའི་ཡོན་ཏན་མཐོང་བས་ཡིད་འཕྲོགས་ཏེ་ཆོས་ཕྱིར་དུ་ལུས་སྲོག་གཏོང་བ་ལ་ཉམ་ང་དང་བག་ཚ་ཅུང་ཟད་ཙམ་ཡང་མེད་པའི་དད་བརྩོན་ཤེས་རབ་སྙིང་རྗེར་ལྡན་པ། བར་དུ་བླ་མ་དམ་པས་རྗེས་སུ་བཟུང་ཞིང་ཞལ་ནས་བྱུང་བའི་བདུད་རྩི་དབེན་པའི་རི་ཁྲོད་དུ་མྱངས་པས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་ཉམས་དང་རྟོགས་པའི་མྱུ་གུ་འཁྲུངས་པ། འཇིག་རྟེན་བློས་བཏང་གི་ཞེ་བཅད་དྲག་པོས་སྒྲུབ་པའི་རྒྱལ་མཚན་ལྷུར་མཛད་པའི་མིག་རྐྱེན་མཆོག་གིས་རྗེས་འཇུག་གི་སྐལ་ལྡན་རྣམས་འཇིག་རྟེན་གྱི་སྣང་ཞེན་དང་ལེ་ལོ་མེད་པར་ལམ་སྒྲུབ་པའི་ལྕག་ཐེབས་པ། ཡི་དམ་མཁའ་འགྲོས་རྗེས་སུ་བཟུང་ནས་ལམ་གྱི་གེགས་སེལ་ཞིང་བོགས་བཏོན་པས་ཉམས་རྟོགས་གོང་འཕེལ་དུ་རྒྱས་ཏེ་ཆོས་ལ་རང་བྱན་ཚུད་པ། རྒྱུད་པ་གོང་མ་ལ་མོས་གུས་མཐར་ཕྱིན་པས་ཐུགས་རྗེའི་བཀའ་བབས་ཏེ་རྒྱུད་པ་མཐའ་ཡས་ཤིང་མཉམ་པ་མེད་པའི་བྱིན་རླབས་ཀྱི་རྟགས་མཚན་དང་ལྡན་པ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་རྒྱ་ཆེ་ཞིང་ཤུགས་དྲག་པས་རྣམ་དཀར་གྱི་བག་ཆགས་མེད་པའི་སྐྱེ་བོ་རྣམས་ཀྱི་རྣ་བར་ཡང་གསུང་སྒྲོས་དང་མཚན་ལྷུང་བ་ཙམ་གྱིས་སྣང་བ་འགྱུར་ནས་དད་པའི་སྤུ་ལོང་གཡོ་ཞིང་མཆི་མ་འཁྲུག་བཞིན་པའི་ངང་ནས་བྱང་ཆུབ་ཀྱི་ས་བོན་བསྐྲུན་ཏེ་འཁོར་བ་དང་ངན་སོང་གི་འཇིགས་པ་མཐའ་དག་ལས་སྐྱོབ་ནུས་པ། གསང་སྔགས་ཕོ་ཉའི་ལམ་གྱི་གནད་ཟིན་པས་ཡེ་ཤེས་མཁའ་སྤྱོད་ཀྱི་རིག་མ་རྣམས་ཀྱིས་སྐུ་ལ་དགའ་བཞིའི་ཡེ་ཤེས་ཀྱི་བདེ་བ་བསྐྱེད་ཅིང་ལམ་སྒྲུབ་པའི་གྲོགས་སུ་གྱུར་པ། མཐར་སྒྲིབ་གཉིས་ལ་སོགས་པའི་སྤང་བྱ་མཐའ་དག་དབྱིངས་སུ་དག་པས་ཆོས་རྣམས་ཟད་སར་སྐྱོལ་བ། མཁྱེན་བརྩེ་ལ་སོགས་པའི་ཡོན་ཏན་མ་ལུས་པ་ཐུགས་ལ་རྫོགས་པས་རང་བྱུང་གི་སངས་རྒྱས་སུ་གྱུར་ཏེ་གྲུབ་མཐའ་ཕྱི་ནང་གི་གང་ཟག་ཀུན་གྱི་རྩོད་པ་དང་བྲལ་ཞིང་ཀུན་གྱི་ནང་ན་རྒྱལ་མཚན་གྱི་ཏོག་ལྟ་བུར་གྱུར་པ། བླ་མེད་རྡོ་རྗེ་ཐེག་པའི་ལམ་ལ་མྱུར་དུ་བསླབས་ཤིང་ཉམས་དང་རྟོགས་པ་མཐར་ཕྱིན་པ། ཆེ་བ་དཔའ་བོ་དང་མཁའ་འགྲོས་བརྗོད་ཕྱིར་སྙན་པའི་བ་དན་འཇིག་རྟེན་ཕྱོགས་བཅུ་ཀུན་ཏུ་གཡོ་བ། ཡས་བྱོན་གྱི་དགའ་བས་རྐང་མཐེབ་ཡན་ཁྱབ་ཅིང་མས་བརྟན་གྱི་དགའ་བ་སྤྱི་གཙུག་ཏུ་སོན་པས་འབྲས་བུའི་དགའ་བ་ལ་རེག་སྟེ་རྩ་གཙོ་མོ་གསུམ་དང་འཁོར་ལོ་བཞིའི་མདུད་པ་ཕྲ་རགས་ཐམས་ཅད་རང་སར་གྲོལ་བས་དབུ་མའི་ངོ་བོར་གྱུར་པ། དེའི་ཕྱིར་གསུང་རབ་མདོ་སྡེ་བཅུ་གཉིས་དང་རྒྱུད་སྡེ་བཞིའི་དགོངས་དོན་མཐའ་དག་རྡོ་རྗེའི་གླུར་ལེན་པ་ལ་ཐོགས་པ་མི་མངའ་བ། སྣང་བ་ཐམས་ཅད་ཆོས་སྐུར་ཤར་བས་བློ་གཉིས་འཛིན་གྱི་སྐོར་མགོ་ནས་བུད་པ།