མི་ལ་རས་པའི་རྣམ་མགུར།

ནང་རིག་པ་སེམས་ལ་སློབ་གཉེར་བྱས་པས་ཕྱི་སྣང་སྲིད་ཀྱི་དངོས་པོ་ཐམས་ཅད་དཔེ་ཆར་ཤར་བ། མཁྱེན་བརྩེའི་ནུས་པ་དཔག་ཏུ་མེད་པས་དུད་འགྲོར་གྱུར་པའི་སེམས་ཅན་ལ་ཡང་ཁྲིད་བཏབ་པས་སྨིན་གྲོལ་ལ་འགོད་ནུས་པ། ཆོས་བརྒྱད་ཀྱི་འདོར་ལེན་དང་གང་ཟག་གི་ངོ་འཛིན་བྲལ་བས་སྐྱེ་འགྲོ་ཀུན་གྱི་སྤྱི་བོས་བཏུད་དེ་ལྷ་མིར་བཅས་པའི་འགྲོ་བ་ཀུན་གྱི་མཆོད་གནས་སུ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ། ཟབ་མོའི་ལམ་སྒོམ་པའི་བརྩོན་འགྲུས་མཆོག་ཏུ་གྱུར་པས་རང་དང་སྐལ་བ་མཉམ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་གི་གནས་སུ་གྱུར་ཏེ་འགྲན་ཟླ་ཐམས་ཅད་དང་བྲལ་བ། ཉམས་སུ་མྱོང་བའི་བདག་མེད་ཀྱི་སེང་གེའི་ངར་སྐད་ཆེན་པོས་ལྟ་ངན་གྱི་རི་དྭགས་མཐའ་དག་ཟིལ་གྱིས་མནན་པས་ནམ་མཁའ་མཐའ་དབུས་མེད་པའི་གངས་རིའི་ཀློང་ན་སེང་གེ་དཀར་མོ་སྲབ་མེད་དུ་འཕྱོ་བ། ནང་ཟད་བར་གྱི་ཏིང་ངེ་འཛིན་ལ་མངའ་བརྙེས་པས་ཕྱི་འབྱུང་བཞིའི་གནོད་པ་ཐམས་ཅད་ཟིལ་གྱིས་མནན་ཞིང་དབང་དུ་མཛད་དེ་གྲོགས་སུ་ཤར་བ། རླུང་སེམས་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པས་ནམ་མཁའ་ལ་བྱ་ལྟར་ལྡིང་བ་དང་འགྲོ་འཆག་ཉལ་དང་འདུག་པའི་སྤྱོད་ལམ་སྟོན་ཅིང༌། སྐུ་ལས་མེ་འབར་ཞིང་ཆུ་འཁྲུག་པ་དང་འདོད་དགུར་བསྒྱུར་བ་ལ་སོགས་ཏེ་བཀོད་པ་ལུས་གྱི་རྫུ་འཕྲུལ་ཡ་མ་ཟུང་དུ་མས་ལོག་ལྟ་ཅན་གྱི་ལྟ་ངན་སུན་དབྱུང་ནས་ཡང་དག་པའི་ལྟ་སྒོམ་སྤྱོད་འབྲས་ལ་འགོད་ནུས་པ། དབང་བཞིའི་ཉམས་ལེན་མཐར་ཕྱིན་པས་རྡོ་རྗེའི་ལུས་ཀྱི་ཡུལ་ཉི་ཤུ་རྩ་བཞི་ལ་དཔའ་བོ་དང་མཁའ་འགྲོ་སྤྲིན་བཞིན་དུ་འདུ་ཞིང་དེ་དག་གི་ཚོགས་ཀྱི་བདག་པོ་ཧེ་རུ་ཀར་གྱུར་པ། ཉམ་ང་མེད་པའི་གདེང་དང་ལྡན་པས་ལྷམ་སྲིན་སྡེ་བརྒྱད་ཟིལ་གྱིས་མནན་ཏེ་བཀའ་བསྒྲུབས་པས་འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ། དངོས་པོའི་རྣམ་པ་ཐམས་ཅད་སྟོང་ཉིད་འོད་གསལ་གྱི་ངོ་བོར་མཁྱེན་ཅིང་སློབ་པའི་བཟོ་བོ། ཡེ་ཤེས་ལྔའི་སྨན་སྦྱོར་གྱིས་དུག་ལྔའི་གཅོང་ནད་སུན་འབྱིན་པར་མཛད་པའི་སྨན་པ། འབྱུང་བ་ཕྱི་ནང་གི་རང་སྒྲས་ལེགས་ཉེས་ཀྱི་དོན་སྟོན་པ་ཀུན་དགོངས་ཤིང་དེ་ཐམས་ཅད་གྲག་སྟོང་དུ་མཁྱེན་པའི་སྒྲ་མཁན། གཞན་སེམས་ལ་སོགས་ཏེ་ལྐོག་གྱུར་གྱི་ཆོས་བཟང་ངན་ཐམས་ཅད་ས་ལེར་མཁྱེན་ཅིང་ཤེས་བྱ་མཐའ་དག་བདག་མེད་དུ་མངོན་སུམ་དུ་གཏན་ལ་ཕབ་པའི་ཚད་མ་མཁན། ཕྱི་དངོས་པོའི་ཆོས་ཐམས་ཅད་ནང་རིག་པ་སེམས་སུ་མཁྱེན་ལ་སེམས་གདོད་ནས་འོད་གསལ་སྐྱེ་མེད་སྟོང་པར་ཁོ་ཐག་ཆོད་ཅིང་དེ་འགག་མེད་དུ་ཤར་བའི་རང་རྩལ་སྐུ་གསུམ་འབྲལ་མེད་དུ་རང་གྲོལ་བ་སྟེ་སྙིང་པོ་དོན་གྱི་པཎྜི་ཏ་ཆེན་པོ། དག་པ་རབ་འབྱམས་ཀྱི་སངས་རྒྱས་ཀྱི་ཞིང་མཐའ་དག་རྫུ་འཕྲུལ་གྱིས་སྐད་ཅིག་ལ་ཉུལ་ནུས་ཤིང་རྣམ་བྱང་གི་མཛད་པ་ལ་བརྟེན་ནས། ཞིང་དེ་དག་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཆོས་འཆད་པ་དང་ཉམ་པའི་གླེང་གཞིར་གྱུར་པས་སངས་རྒྱས་ཀྱི་ཞིང་མཐའ་དག་བྱང་ཞིང་དག་པར་མཛད་པ། རིགས་དྲུག་གི་སེམས་ཅན་རྣམས་ལ་རང་རང་གི་སྐལ་བ་དང་མཐུན་པའི་སྐུར་བསྟན་ནས་བློ་དང་འཚམ་པའི་ཆོས། དཔེ་འཇིག་རྟེན་གྱི་སྣང་བ་དང་བསྟུན་ཞིང་དོན་རྒྱལ་བའི་དགོངས་པ་དང་སྦྱར་ཏེ་བསྟན་པས་སྨིན་ཅིང་གྲོལ་བར་མཛད་པ་སྟེ། མདོར་ན་ཚེ་གཅིག་དང་ལུས་གཅིག་ལ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བརྙེས་ཏེ། ཚད་མེད་ཀྱི་ཐུགས་རྗེའི་ངང་ནས་བླ་མེད་ཀྱི་ཆོས་འཁོར་བསྐོར་བས་གཞལ་མེད་ཀྱི་སེམས་ཅན་རྣམས་བཟོད་མེད་ཀྱི་སྡུག་བསྔལ་ལས་བསྒྲལ་ཏེ། བདེ་ཆེན་སྐུ་བཞི་ལྷུན་གྲུབ་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་སྐྱེལ་ཞིང་གནས་པར་མཛད་པའི་སྐྱེས་བུ་མཆོག་རབ་དམ་པར་གྱུར་པ། དཔལ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཡ་མཚན་ཞིང་ངོ་མཚར་བའི་མཛད་པ། མཆོག་གི་གདུལ་བྱའི་སྣང་ངོར་བསྟན་པ་རྣམས་བརྗོད་ན་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་ནའང༌། མདོར་བསྡུས་ན་གོང་གི་རྣམ་ཐར་གྱི་ཆེ་བརྗོད་ལྟར་ཡིན་ལ། ཐུན་མོང་གདུལ་བྱའི་སྣང་ངོར་བསྟན་པ་རྣམས་ཀྱང་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བར་གྱུར་ཀྱང༌། མདོར་བསྡུས་ན་གཉིས་ཡིན་ཏེ། ཐུན་མོང་སྲིད་པ་འཇིག་རྟེན་པའི་མཛད་པ་དང༌། མཆོག་གྱུར་ཞི་བ་མྱ་ངན་ལས་འདས་པའི་མཛད་པའོ།།

 

རྣམ་མགུར་ཡོངས་རྫོགས་འདི་ན་ཡོད། PDF