རྟག་བརྟན་གཟུངས་བསྡུས་ཀྱི་ར་མདའ།

རྟག་བརྟན་གཟུངས་བསྡུས་ཀྱི་ར་མདའ།

                                                                                                                                  བེ་རི་རིག་པའི་རྡོ་རྗེ།

      ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༣ ཉིན། རང་རེའི་སོག་པོའི་གྲྭ་བ་མེ་ར་མགོན་པོ་ Myaraigombo ལགས་ཀྱིས་དུས་ཚོད་བཀོད་སྒྲིག་གནང་བ་བཞིན། སོག་པོའི་ཨ་མ་སྒྲོལ་དཀར་ Dolgor ལགས་ཀྱིས། རྟག་བརྟན་གཟུངས་བསྡུས་ཤིང་པར་མ་སོག་ཡུལ་ཇོ་ནང་མ་དགོན་དུ་ཆེད་བསྐྱལ་གནང་ཡོད་པ་དེ་མཇལ་ཕྱིར་དང་། དེར་འཆད་ཁྲིད་ཅིག་ཀྱང་བྱེད་བཞིན་ཡོད་པ་དེའི་ཆེད་དུ་དགོན་པར་ཕྱིན། དཔེ་བདག་ཨ་མ་སྒྲོལ་དཀར་ལགས་ཀྱིས་གསུངས་པ་ལྟར་ན། གླེགས་བམ་རིན་པོ་ཆེ་འདི་ཁོ་མོའི་མེས་པོའི་རིང་ནས་ཉར་ཚགས་བྱས་པའི་ཁྱིམ་རྒྱུད་རྟེན་རྙིང་རྩ་ཆེན་ཞིག་ཡིན་འདུག

      རྟག་བརྟན་གཟུངས་བསྡུས་ཤིག་སོག་ཡུལ་དུ་བཞུགས་ཚུལ་ཐོག་མར་ཕྱི་ལོ་ ༢༠༢༢ ལོར་མེ་ར་མགོན་པོ་ལགས་ཀྱིས་ང་ལ་ཁ་པར་ཐོག་ནས་གསུངས་མྱོང་། ངས་གལ་ཏེ་དེ་བཙོང་གི་ཡིན་ན་བླུ་ཡོན་ཅི་ཙམ་དགོས་ཀྱང་ཕུལ་ངེས་ཡིན་ཞེས་བཤད་ཀྱང་། དེ་ནི་ཁྱིམ་རྒྱུད་ནོར་བུ་ལྟ་བུ་ཞིག་ཡིན་པས་མི་བཙོང་ཚུལ་གསུངས་བས། འོ་ན་ལོ་རྗེས་མར་ང་སོག་ཡུལ་དུ་ཡོང་གི་ཡིན། དེ་དུས་དེ་མཇལ་ཆོག་པ་དང་། ད་དུང་བྱུང་ན་དཔར་ལེན་ཆོག་པའི་སྐྱབས་འཇུག་ཞུར་བཅུག་པས། དཔེ་བདག་ཨ་མ་སྒྲོལ་དཀར་ལགས་ཀྱིས་དེ་ལུགས་མོས་མཐུན་གནང་བར་བརྟེན། ད་ལན་དེའི་ཆེད་དུ་སོག་ཡུལ་དུ་བཅར་བ་ཡིན།

      དེར་བརྟེན་ད་ལོར་སོག་པོར་འབྱོར་མ་ཐག མེ་ར་མགོན་པོ་ལགས་ལ་དེ་ལུགས་ཞུས་པ་བཞིན། ཁོང་གིས་ཨ་མ་སྒྲོལ་དཀར་ལགས་ལ་འབྲེལ་བ་བྱས་ནས་དུས་ཆད་བཟོས་པ་ལྟར། དེ་རིང་སོག་ཡུལ་ཇོ་ནང་མ་དགོན་དུ་རྟག་བརྟན་གཟུངས་བསྡུས་དངོས་སུ་མཇལ་ཐུབ་པ་བྱུང་།

      ཉིན་དེའི་ཕྱི་དྲོར་ཇོ་ནང་དགོན་པར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ་ཇོ་ནང་ཆོས་འབྱུང་ཞིག་འཆད་ཁྲིད་བྱེད་བཞིན་ཡོད་པ་དེ་ཚར་མ་ཐག ལམ་སང་དགོན་པའི་འབྲེལ་གཏུག་ཁང་དུ་ཕྱིན་ནས་གཟུངས་བསྡུས་ཀྱི་གླེགས་བམ་རིན་པོ་ཆེ་དེ་ཉིད་མགོ་ཐོག་ཏུ་ལན་གསུམ་བཞག རྗེ་བཙུན་ཐམས་ཅད་མཁྱེན་པའི་མཛད་པ་དང་འཕྲིན་ལས་རྗེས་སུ་དྲན་བཞིན། བསྲེ་ལྷད་མེད་པའི་རྟག་བརྟན་གཟུངས་བསྡུས་ངོ་མ་དེ་དངོས་སུ་མཇལ་འདོད་ཀྱི་བྲེལ་བ་གནོན་མི་ཐུབ་བཞིན་དུ་དཔེ་ཐུམ་གྱི་ཁ་ཕྱེས། རས་ཀྱི་གླེགས་ཐག་དཀྲོལ་ནས་གླེགས་བམ་གྱི་ཞལ་ཕྱེས་ཚེ། “དཀར་ཆག་དགོས་འདོད་ཀུན་འབྱུང་བཞུགས།” ཞེས་རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་གི་མཚན་བྱང་དེ་རང་འཁོད་འདུག་པས། དེ་ལོས་ཡིན་སྙམ་པ་ཞིག་འདུག་མོད། དེའི་གཡོན་ངོས་ཀྱི་དབུ་ཐིག་ནང་དུ་རྒྱ་ཡིག་རྐང་གཉིས་འདུག་པས། ཅི་ཡིན་སྙམ་བཞིན་དེའི་ཤོག་ངོས་ནང་མར་ཞིབ་མཇལ་བྱས་དུས། རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་ཇི་ལྟ་བ་བཞིན། དེའི་དབུའི་མཆོད་བརྗོད་དུ།

“ཨོཾ་སྭཱ་སྟི། ཀུན་ཁྱབ་བདེ་ཆེན་བགྲང་ཡས་དཀྱིལ་འཁོར་འཁོར་ལོའི་མགོན།།
དགའ་ཆེན་སྟོང་ཉིད་མཐའ་ཡས་དམ་ཆོས་བདུད་རྩིའི་མཛོད།།
སྙིང་པོར་ཟུང་འཇུག་དཔག་ཡས་འགྲོ་རྣམས་རབ་ཏུ་སྒྲོལ།།
བཀྲ་ཤིས་རྒྱལ་མཚན་ལྷ་མིའི་མགོན་ལ་རྟག་ཏུ་འདུད།།1”

ཅེས་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་ཞེས་རྗེ་བཙུན་ཐམས་ཅད་ཅད་མཁྱེན་པའི་མཚན་གཏོར་ནས་ཡོད་པའི་ཚིགས་བཅད་དེ་ཡོད་པ་མ་ཟད། ད་དུང་“དཔལ་རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་གྱི་ཆོས་གྲྭ་ཆེན་པོ་འདིར། གཟུངས་དང་མདོ་ཕྲན་ཉེ་བར་མཁོ་བ་བསྡུས་པའི་གླེགས་བམ་མི་ཟད་པ་བྱུང་བ་པར་དུ་འཁོད་པ་ལ།2” ཞེས་པ་མིག་ལམ་དུ་ཁྲ་ལྷམ་མེར་མཇལ་མ་ཐག དགའ་སྤྲོ་བརྗོད་མི་ཤེས་པ་ཞིག་སྐྱེས་མོད། འོན་ཀྱང་དཀར་ཆག་གི་གཡོན་ངོས་མཐའ་ཐིག་གི་ནང་དུ་སྔར་བཞིན་རྒྱ་ཡིག་དེ་ལས་མང་བ་ཞིག་འདུག་པས་དོགས་པ་ཞིག་སྐྱེས།

      རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་གི་མཇུག་བྱང་དེ་འདིར་མེད་མོད། དེའི་མཇུག་ཏུ་ལྡེབ་ཤར་ལྟ་བུ་ཤོག་ཨང་“གཅིག”འཁོད་པ་ཞིག་ཡོད་པ་དེའི་མཇུག་བྱང་དུ། “ཅེས་པར་བྱང་དུ་བསྐུལ་བ་བཞིན་དམ་པའི་མིང་ཅན་གྱི་བགྱིས་པ་རབ་འབྱམས་སྨྲ་བ་བློ་གྲོས་ཀྱིས་བགྱིས་པ་དགེ།3” ཞེས་པ་འཁོད་འདུག་ཅིང་། ད་དུང་པར་བྱང་སྨོན་ཚིག་ཏུ་“ཡིག་རྐོས་འདུ་བྱེད་པ་སོགས་གྲོགས་བྱེད་མཐའ་དག་དང་།།” ཞེས་སོགས་འཁོད་འདུག་པས་སོག་ཡུལ་རང་ནས་པར་དུ་བརྐོས་ཤིང་། སྐྱབས་མགོན་རྗེ་བཙུན་དམ་པས་པར་བྱང་སྨོན་ཚིག་མཛད་པ་ཞིག་ཡིན་པ་ཤེས།

      དེ་ནས་དེའི་ཆོས་ཚན་ཐོག་མ་འཇམ་དཔལ་མཚན་བརྗོད་ཀྱི་ཞལ་ཕྱེས་མ་ཐག ཐོག་མར་མིག་ལམ་དུ་མངོན་པ་ནི། དབུ་ལྡེབ་མཚལ་པར་མའི་གཡོན་ངོས་མཐའ་ཐིག་གི་ནང་གི་བྲིས་སྐུ་དེའི་གཤམ་དུ། “བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་ན་མོ།4” ཞེས་འཁོད་འདུག་པས། རྟག་བརྟན་གཟུངས་བསྡུས་ཀྱི་བུ་ཡིག་གཡོན་ཕྱོགས་པས་འདྲེ་ལག་བསྐྱངས་ཚར་བ་ཞིག་ཡིན་པ་བློ་ལ་ཁྲིགས་སེ་འཁོར།

      ཁོ་བོས་ད་ཕན་རྟག་བརྟན་གཟུངས་བསྡུས་ངོ་མ་དགེ་ཕྱོགས་ནས་འཕྲི་སྣོན་དང་བསྲེས་ལྷད་གཏན་ནས་མ་བྱས་པ་དེ་མཇལ་སྐལ་མ་ལྡན་ཡང་། གྲུབ་མཐའ་གསར་བརྗེས་ཀྱི་ལས་འགུལ་ཁྲོད་འཇིགས་སྐུལ་བའི་འདྲེ་ལག་བསྐྱངས་ཏེ། རྟག་བརྟན་ཡོད་ཚད་དགའ་ལྡན་དུ་བསྒྱུར་ཟིན་པའི་རྟག་བརྟན་པར་མ་ལྷ་སའི་པར་ཁང་དུ་བཞུགས་པ་དེའི་པར་ཡིག་དང་། དེའི་ངོ་བཤུས་ཤིག་རྒྱ་གར་དུ་འབྱོར་བ་ཤེས་རིག་ལས་ཁུངས་ནས་དཔར་བསྐྲུན་བྱས་པ་དེ་གཉིས་ལ་ཞིབ་མཇལ་བྱེད་མྱོང་བས། འདིའི་དཀར་ཆག་གི་མཚན་བྱང་དང་། དེའི་མཆོད་བརྗོད། དེའི་མཇུག་བྱང་། ཆོས་ཚན་གྱི་གྲངས་དང་། ཨང་ཡིག་འགོད་ཚུལ་སོགས་ལ་བལྟས་ན། གཟུངས་བསྡུས་འདི་རྟག་བརྟན་གཟུངས་བསྡུས་ཇི་མ་ཇི་བཞིན་དུ་འདུག་མོད།

      དེ་ཙམ་གྱིས་ཆོག་པར་མ་བཟུང་བར་གཟུངས་བསྡུས་ཀྱི་མཇུག་ལ་བལྟས་ཚེ། “འཛད་མེད་ཆོས་སྦྱིན་སྤེལ་བའི་བསོད་ནམས་ཀྱིས།།” ཞེས་པ་ནས། “སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག། ཏའི་ཆིང་ཡུང་ཅེང་རྒྱལ་པོ་ལོ་དགུ་ཟླ་བ་ཡར་ཚེས་ལ།། ལྷག་བསམ་དམ་པ་ཁལ་ཁ་གཡོན་རི་ནས།། བློ་བཟང་བསམ་འགྲུབ་ཞེས་བྱའི་མིང་ཅན་གྱིས།། སྤར་དུ་བསྒྲུབས་པའི་དགེ་བའི་འགྲོ་བ་ཀུན།། རྣམ་མཁྱེན་བདེ་ཆེན་ས་ལ་འགོད་པར་ཤོག།5” ཅེས་པར་བྱང་སྨོན་ཚིགས་སུ་པར་དུ་སྒྲུབ་མཁན་སུ་ཡིན་དང་། དུས་ཚོད་བཅས་ཁ་གསལ་བཀོད་འདུག་པས། རྟག་བརྟན་གཟུངས་བསྡུས་ཇི་བཞིན་སོག་ཡུལ་རང་ནས་པར་དུ་བསྒྲུབས་པ་ཞིག་ཡིན་པ་ཐག་ཆོད་བྱུང་།

      ཏའི་ཆིང་ཡུང་ཅེང་རྒྱལ་པོ་ Yongzhen Dynasty ནི་ཆིན་གོང་མ་ཁིང་ཤིས་ Kangxi ཀྱི་བུ་གསུམ་པ་ཡིན། ཕྱི་ལོ་ ༡༧༢༢ ལོར་གོང་མའི་ཁྲིར་བཞུགས་པ་ཡིན་པས་ཁོང་གི་ཁྲི་ལོ་དགུ་བ་ནི་ཕྱི་ལོ་ ༡༧༣༡ ལ་ཁེལ་ཡོད། དེས་ན་རྟག་བརྟན་གཟུངས་བསྡུས་འདི་པར་དུ་བསྒྲུབས་ནས་དེ་རིང་བར་མི་ལོ་ ༢༩༢ འདས།

      ཡིད་སྐྱོ་བ་ཞིག་ལ། འདིའི་ནང་དུ་ཡང་གྲུབ་མཐའ་གསར་བརྗེ་རིང་ལུགས་པས་འདྲེ་ལག་བསྐྱངས་འདུག་པ་ནི། གཟུངས་བསྡུས་འདིའི་ཤོག་ཨང་(ཁ བཅུ་གཅིག)ཚེ་མདོའི་མཇུག་ཏུ། “འདི་ལ་འགྱུར་ཁྱད་ཕྲན་བུ་ཡོང་གི་འདུག་ནའང་། འདིར་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་ལ་ཊཱི་ཀ་མཛད་པའི་དགོངས་པ་དང་མཐུན་པ་ཉིད་དཔལ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བསྒྲུབས་པ་ལགས་སོ།།6” ཞེས་དང་། གོང་དུ་བཤད་པའི་འཇམ་དཔལ་མཚན་བརྗོད་ཀྱི་མཆོག་ལྷ་གཉིས་ཀྱིས་གསལ་བོར་མཚོན་ཐུབ།

      དེ་ལྟ་ན་ཡང་། གཟུངས་བསྡུས་འདི་ནི་རྟག་བརྟན་པར་མ་གཞིར་བཟུང་ནས་སོག་ཡུལ་རང་ནས་པར་དུ་བསྒྲུབས་ཅིང་། དེའི་དཀར་ཆག་སྒྲིག་སྟངས་དང་། ཁ་ཡིག་འགོད་སྟངས། ཆོས་ཚན་གྱི་གྲངས་ཀ་བཅས་རྟག་བརྟན་གཟུངས་བསྡུས་ཇི་བཞིན་བཀོད་ཡོད་པ་མ་ཟད། དེ་བས་ཀྱང་“དཔལ་རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་གྱི་ཆོས་གྲྭ་ཆེན་པོ་འདིར། གཟུངས་མདོ་ཕྲན་ཉེ་བར་མཁོ་བ་བསྡུས་པའི་གླེགས་བམ་མི་ཟད་པ་བྱུང་བ་པར་དུ་འཁོད་པ་ལ།7” ཞེས་པ་སོར་འཇོག་བྱས་ཡོད་པ་ནི། བསམ་བཞིན་བཞག་པ་ཡིན་མིན་མི་ཤེས་མོད། གང་ལྟར་གྲུབ་མཐའ་གསར་བརྗེ་ཡི་དྲག་རླུང་གིས་གསོད་མ་ཐུབ་པའི་ངེས་དོན་ཆོས་ཀྱི་སྒྲོན་མེ་ཞིག་ད་དུང་འོད་ལྷམ་མེར་ཡོད་པ་ནི་ཤིན་ཏུ་དགའ་འོས་པའི་དོན་དག་ཅིག་ཡིན་པ་སྨྲོས་ཅི་དགོས།

      དེང་སང་རྟག་བརྟན་གཟུངས་བསྡུས་སུ་གྲགས་པ། ཕྱི་ལོ་ ༡༩༡༧ ལོར་རྟག་བརྟན་གཟུངས་བསྡུས་ཤིང་པར་མའི་པར་གཞི་ངོ་མ་གཞི་རྩར་བྱས་ནས་ལྷ་སའི་པར་སྤྱི་ཁང་དུ་ཤིང་པར་གསར་བརྐོས་བྱས་པ་དེའི་དཀར་ཆག་གི་མཆོད་བརྗོད་ནང་དུ་ཡང་གོང་དུ་གསལ་བ་ལྟར། རྗེ་བཙུན་ཐམས་ཅད་མཁྱེན་པའི་མཚན་འཁོད་པའི་ཚིགས་བཅད་དེ་དང་། དེའི་མཇུག་བྱང་ནང་དུ་རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་ཇི་ལྟ་བ་བཞིན།

“དེ་ལྟར་བྱིན་རླབས་གཟི་འོད་འཕྲོ་བའི་གསུང་རབ་རིན་ཆེན་གཏེར།།
སྐལ་ལྡན་སྐྱེ་བོའི་བསོད་ནམས་དཔལ་དུ་མི་ཟད་ཁ་ཕྱེ་ནས།།
རང་གཞན་ཕན་བདེའི་དགའ་སྟོན་སྤེལ་བའི་ལྷག་བསམ་ཕུན་ཚོགས་ཅན།།
ཀུན་ཏུ་དགའ་བའི་བསྟན་པའི་རྒྱལ་མཚན་རབ་ཏུ་བརྟན་གྱུར་ཅིག།8”

ཅེས་རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐའི་ཕྱག་མཛོད་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་མཚན་གསལ་བོར་ཡོད་པའི་ཚིགས་བཅད་གཉིས་སོར་བཞག་བྱས་ཡོད་མོད། “དཔལ་རྟག་བརྟན་”ཞེས་པ་ཡོད་ཚད་“དཔལ་དགའ་ལྡན་ཕུན་ཚོགས་གླིང་9”ཞེས་རྟག་བརྟན་ཡོད་ཚད་མིག་ནང་གི་ཚེར་མ་བཞིན་དགའ་ལྡན་ཞེས་པར་བཙན་བསྒྱུར་བྱས་ཡོད་པ་མ་ཟད། མཚན་བརྗོད་ཀྱི་མཆོག་ལྷ་ཡང་བརྗེ་བསྒྱུར་བྱས་ཏེ། དེའི་ཁ་ཡིག་ཏུ། “སྲིད་གསུམ་མཁས་པའི་གཙུག་རྒྱན་པད་དཀར་འཆང་།10” ཞེས་སོགས་བཀོད་ཡོད།

      འོན་ཀྱང་གཟུངས་བསྡུས་དེའི་ནང་གི་བསྒྱུར་ཚིག་རྣམས་མ་གཏོགས་རྟག་བརྟན་གཟུངས་བསྡུས་ཇི་བཞིན་གསར་བརྐོས་བྱས་པ་ཡིན་ཚུལ་དང་། གཟུངས་བསྡུས་ཐོག་མར་ཕྱོགས་བསྒྲིགས་མཛད་མཁན་ཡང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཡིན་ཚུལ་སོགས་དེའི་བུ་དཔེ་རྒྱ་གར་ནས་བསྐྱར་དུ་པར་བསྐྲུན་བྱས་པ་དེའི་པར་སྐྲུན་གསལ་བཤད་དུ་བརྗོད་འདུག དེ་ཡང་“གཟུངས་བསྡུས་གླེགས་བམ་འདི་ཇོ་ནང་བ་ཏཱ་ར་ནཱ་ཐས་ཕྱོགས་སྒྲིག་མཛད། ཁོང་རབ་བྱུང་བཅུ་བའི་ཤིང་ཕག་ལོར་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་ལོར་སྐུ་མྱྱ་ངན་ལས་འདས། པར་གཞི་ངོ་མ་ཇོ་ནང་གདན་ས་རྟག་བརྟན་ཕུན་ཚོགས་གླིང་གི་ཤིང་པར་བུ་དཔེས་པར་རྩ་བྱས་ཏེ་ལྷ་སར་པར་སྤྱི་ཁང་གི་པར་ལས་རྣམ་པས་གསར་བརྐོས་གནང་།11” ཞེས་སོགས་གསལ་བོར་བཀོད་འདུག

      དེའི་ངོ་བཤུས་སམ་བུ་དཔེ་རྙིང་པ་ཞིག་རྒྱ་གར་དུ་འབྱོར་བ་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༡༩༩༤ ལོར་བསྐྱར་དཔར་བྱས་པ་དེའི་ནང་དུ་ཡང་། དཀར་ཆག་གི་མཆོད་བརྗོད་ནང་གི་རྗེ་བཙུན་ཐམས་ཅད་མཁྱེན་པའི་མཚན་དང་། མཇུག་བྱང་ནང་དུ་ཁོང་གི་ཕྱག་མཛོད་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་མཚན་ཡོད་པ་དེ་དག་རང་སོར་བཞག་ཡོད་མོད། “དཔལ་རྟག་བརྟན་”ཞེས་པ་“དཔལ་དགའ་ལྡན་ཕུན་ཚོགས་གླིང་12”ཞེས་བརྗེ་བསྒྱུར་བྱས་ཡོད་ཅིང་། མཚན་བརྗོད་ཀྱི་མཆོག་ལྷའི་ཁ་ཡིག་ཏུ། “གངས་ཅན་མགོན་གཅིག་ཐུབ་བསྟན་རྒྱ་མཚོའི་ཞབས།13” ཞེས་བྲིས་འདུག

      འོན་ཀྱང་དེའི་མཇུག་གི་པར་བྱང་སྨོན་ཚིག་གི་མཇུག་ཏུ། “ཅེས་པ་འདི་ནི་རབ་ཚེས་མེ་སྦྲུལ་ལོར་པར་པ་སྤྱི་ནས་རྟག་བརྟན་གཟུངས་བསྡུས་ཀྱི་བུ་དཔེ་འདི་བཞིན་སྤར་དུ་བསྒྲུབས་སྐབས་སྨོན་ཚིགས་བྲིས་དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བསྟན་པའི་རྒྱལ་མཚན་དུ་འབོད་པས་སུག་བྲིས་སུ་བགྱིས་པ་འདིས་ཀྱང་སྨོན་གནས་མཐའ་དག་ཆོས་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག14” ཅེས་རྟག་བརྟན་གཟུངས་བསྡུས་ཀྱི་བུ་དཔེ་བསྐྱར་དཔར་བྱས་ཚུལ་གསལ་བོར་འཁོད་ཡོད། འདི་དག་ནི་དེང་སང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལས་ཀྱང་གཏིང་ནག་པ་ཞིག་མ་རེད་དམ།

      གང་ལྟར་སོག་ཡུལ་དུ་བཞུགས་པའི་རྟག་བརྟན་གཟུངས་བསྡུས་འདི་ནི་ཤིང་པར་སྣ་རིང་། ཆོས་ཚན་ ཀ-ཕོ་བར་ ༡༣༥ ལྷག་དང་། ཉེ་བར་མཁོ་ཕྱིར་མཇུག་ཏུ་སྐག་ཟློག་དང་། སྡིག་སྒྲིབ་ཀུན་འཇོམས་སོགས་ཆོས་ཚན་ ༥ ལྷག་བཞུགས་ཚུལ་དཀར་ཆག་ཏུ་བཀོད་འདུག གླེགས་བམ་གྱི་རིང་ཚད་ལ་ཚོན་ ༡༨ ལྷག་དང་། ཞིང་ཚད་ལ་ཚོན་ ༥ ལྷག་ཡོད་པ། ཆོས་ཚན་གྱི་དབུ་ལྡེབ་ཁག་ཕུད་པའི་གཞུང་ཡིག་ཐིག་ཕྲེང་བདུན་ཅན། ཆོས་ཚན་ཕལ་མོ་ཆེར་དབུ་ལྡེབ་ཡོད་ཅིང་། འཇམ་དཔལ་མཚན་བརྗོད་དང་། འཕགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་དབུ་ལྡེབ་མཚལ་པར་ཅན། དཀར་ཆག་དང་མཇུག་གི་པར་བྱང་སྨོན་ཚིག་བཅས་བསྡོམས་པའི་ཤོག་ངོས་ ༨༣༠ བཞུགས།

      སྤྱིར་བཏང་རྟག་བརྟན་གཟུངས་བསྡུས་ཞེས་ཡོངས་སུ་གྲགས་པ་དེ་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ན་ཐཱས་(༡༥༧༥-༡༦༣༤)མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། <<གཟུངས་བསྡུས>>སམ། <<མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ་>>ཞེས་པའི་གླེགས་བམ་གསར་དུ་བསྒྲིགས་ཤིང་། དཔལ་རྟག་བརྟན་ཆོས་སྡེ་ཆེན་པོ་ངེས་དོན་དགའ་བའི་ཚུལ་དུ་མི་ཟད་པར་གྱི་ཕྱི་མོ་གཏེར་དུ་བསྒྲུབས་པ་ནས་བཟུང་། བོད་ཁམས་ཡོངས་ལ་ཁྱབ་པའི་གཟུངས་བསྡུས་སམ་<<རྟག་བརྟན་གཟུངས་བསྡུས་>>ཞེས་གྲགས་པ་དེ་བྱུང་བ་རེད།

      གླེགས་བམ་ཆེན་པོ་འདིའི་གཞུང་ཤིང་ལ་ཤོག་ངོས་ ༡༦༣༨ དང་། དཀར་ཆག་ལ་ ༩ བསྡོམས་པའི་ཤོག་ངོས་ ༡༦༤༧ ཡོད་ཅིང་། མདོ་ཕྲན་ ༥༤ དང་རྒྱུད་དུ་གཏོགས་པ་ ༡༠༦ བཅས་བསྡོམས་ཆོས་ཚན་ ༡༦༠ བཞུགས།

      དེ་ལྟ་ན་ཡང་། ཕྱི་ལོ་ ༡༦༥༠ ལོར་རྟག་བརྟན་ཆོས་སྡེ་ཆེན་པོར་གྲུབ་མཐའ་གསར་བརྗེས་ཀྱི་དྲག་པོའི་ལས་འགུལ་སྤེལ་སྐབས། རྟག་བརྟན་པར་ཁང་ཆེན་མོའི་གསུང་རབ་ཕལ་མོ་ཆེའི་པར་ཤིང་རྣམས་མེར་བསྲེགས་ཏེ་ཤིང་ཐལ་ཙམ་ལས་མ་ལྷག་པ་བྱས་ཚུལ། རྒྱལ་བ་ལྔ་བའི་རང་རྣམ་ཏུ་ཀུ་ལའི་གོས་བཟང་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་ཀྱི་རྣམ་ཐར། བོད་ཀྱི་ལོ་རྒྱུས་པདྨ་ར་གའི་དོ་ཤལ། ཐེའུ་བཀཱན་གྲུབ་མཐའ་སོགས་འབྲེལ་ཡོད་ཡིག་ཆ་ཁག་ཏུ་གསལ་བ་ལྟར་ཡིན།

      རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས་བརྒྱུད་པའི་རྟག་བརྟན་གཟུངས་བསྡུས་ཀྱི་ཐུན་མིན་ལུང་རྒྱུན་ཡང་ཡོད་མོད། གོང་ཞུས་ལྟར་ཕྱི་ལོ་ ༡༦༥༠ ལོའི་གྲུབ་མཐའ་གསར་བརྗེས་ཀྱི་ལས་འགུལ་སྤེལ་རྗེས། ཇོ་ནང་ཕྱོགས་སུ་རྟག་བརྟན་གཟུངས་བསྡུས་སོགས་ཀྱི་ལུང་རྒྱུན་རེ་ཞིག་ཆད་པར་མངོན་ཡང་། དགེ་ལུགས་པའི་ནང་དུ་ད་ལྟའི་དུས་སུ་ཡང་རྟག་བརྟན་གཟུངས་བསྡུས་ཀྱི་ཆོས་ཚན་ཕལ་མོ་ཆེའི་ལུང་རྒྱུན་བཞུགས་ཡོད།

      དེ་ཡང་སྲིད་སྐྱོང་སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་(༡༨༧༤-༡༩༥༢)ཀྱི་<<གསན་ཡིག་ཏུ་>>“ཆེ་བའི་ཆེ་མཆོག སངས་རྒྱས་གཙོ་ལ། ཡོན་ཏན་མཆོག་མངའ་ཞེས་སོགས་ལེ་ཚན་གསུམ་བཅས་འདི་ཡན་རྟག་བརྟན་གཟུངས་བསྡུས་དང་། བཾ པར་བཀྲས་ལྷུན་གཟུངས་བསྡུས་ནས་གཟུངས་སྔགས་ཟབ་མོ་ཕྱོགས་གཅིག་ཏུ་བསྡུས་པ་ལ། ༡༩ ཀ རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། ཇོ་ནང་ཏཱ་ར་ནཱ་ཐ་འགྲོ་བའི་མགོན་པོ་ཀུན་དགའ་སྙིང་པོ། སྔོན་སྦྱང་རིན་ཆེན་རྒྱ་མཚོ། གྲུབ་དབང་སྙིང་པོ་དཔལ། འཇམ་དབྱངས་ངག་དབང་འཕྲིན་ལས། ཆོས་རྗེ་བཟང་པོ་དཔལ། འགྱུར་མེད་ཆོས་དབྱིངས་རང་གྲོལ། ཀུན་བཟང་ཆོས་འབྱོར། ཚེ་དབང་རྣམ་རྒྱལ། གྲུབ་དབང་བློ་བཟང་རྣམ་རྒྱལ། ལྷ་རྩེ་སྐལ་བཟང་མཁས་གྲུབ། རྗེ་ཡེ་ཤེས་རྡོ་རྗེ། རྗེ་བཙུན་བློ་བཟང་ཉི་མ། སྒྲུབ་ཁང་ཤར། རྗེ་བཙུན་འཇམ་དབྱངས་འཕྲིན་ལས། གྲུབ་དབང་བསྟན་འཛིན་དོན་འགྲུབ། རྗེ་བཀའ་འགྱུར་བ་བློ་བཟང་སྦྱིན་པ་དབལ་བཟང་པོ་དེས་བདག་ལའོ།།15”་ ཞེས་ཇོ་ནང་ཏཱ་ར་ནཱ་ཐ་ནས་བརྒྱུད་པའི་རྟག་བརྟན་གཟུངས་བསྡུས་ཀྱི་ལུང་རྒྱུན་ཁོང་ལ་བཞུགས་ཚུལ་གསལ་བར་བཤད་པ་མ་ཟད། གུང་ཐང་སྐུ་ཕྲེང་དྲུག་པ་དཀོན་མཆོག་བསྟན་པའི་དབང་ཕྱུག་(༡༩༢༦-༢༠༠༠)ཚང་གིས་ཀྱང་། ཇོ་ནང་ཏཱ་ར་ནཱ་ཐ་ནས་བརྒྱུད་པའི་རྟག་བརྟན་གཟུངས་བསྡུས་ཀྱི་ཆོས་ཚན་མང་ཆེ་བའི་ལུང་རྒྱུན་ཁོང་ལ་བཞུགས་ཚུལ་གདུགས་དཀར་བྱད་དཀྲོལ་གྱི་དབང་གནང་སྐབས་ཁྲོམ་བསྒྲགས་སུ་གསུངས་པ་ཁོ་བོས་དངོས་སུ་ཐོས།

      ད་དུང་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་མཆོག་གིས་ཀྱང་རྟག་བརྟན་གཟུངས་འདུས་ཀྱི་ལུང་རྒྱུན་སྤེལ་གནང་མཛད་ཚུལ། རང་རྣམ་དུ། “གཏོར་ཆེན་དང་རྟག་བརྟན་གཟུང་འདུས་ཀྱི་ལུང་ཕུལ།16” ཞེས་སོགས་གསུངས་པ་ལྟར་རོ།།

      ཁོ་བོར་མཚོན་ན། རྟག་བརྟན་གཟུངས་བསྡུས་ཀྱི་བུ་ཡིག་ཤིང་པར་མ་འདི་ནི་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་པ་རྙེད་དཀའ་རྙེད་པའི་མཆོག་ཡིན་པས། སོག་པོའི་ཨ་མ་སྒྲོལ་དཀར་ལགས་ཀྱི་ཆོག་མཆན་འོག ཚེས་ ༢༤-༢༥ བར་དེ་ཉིན་གྲངས་ཧྲིལ་བོ་གཉིས་རིང་བྱ་བ་གཞན་དག་མཚམས་བཞག་སྟེ། མགྲོན་ཁང་དུ་ཆད་ལྷག་མེད་པར་ཁ་པར་ནང་དུ་པར་བཏབ། གློག་ཀླད་ནང་དུ་བཞག་ནས་ལྡེབ་ཆད་ཡོད་མེད་ཞུ་དག་ཐེངས་གཅིག་བྱས་མཐར། “འདི་ལྟར་བགྱིས་པའི་རྣམ་དཀར་”སོགས་ཀྱིས་དགེ་བསྔོ་དང་། “ངེས་དོན་དབུ་མའི་ཤིང་རྟ་”སོགས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་མཛད་པ་དེ་དང་། “མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་”སོགས་༧རྒྱལ་དབང་ཐམས་ཅད་མཁྱེན་པས་མཛད་པའི་ཇོ་ནང་བསྟན་འབར་མ་གཉིས་ཀྱིས་མཐའ་བརྒྱན་ཏེ། ད་རེབ་ཀྱི་དམིགས་ཡུལ་དང་ལས་གཞི་ཡོངས་སུ་མཇུག་གྲུབ་པར་བྱས་སོ།།

ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༦ ཉིན། བེ་རི་བས།

ཟུར་མཆན།

1 རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། དཀར་ཆག གཅིག

2 རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། དཀར་ཆག གཉིས།

3 རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། དཀར་ཆག ལྡེབ་ཤར། གཅིག

4 རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། ཀ གཅིག

5 རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། མི བདུན་བྱོན།

6 རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། ཁ བཅུ་གཅིག

7 རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། དཀར་ཆག གཉིས།

8 རྟག་བརྟན་གཟུངས་བསྡུས་ལྷ་སའི་པར་མ། དཀར་ཆག ལྔ།

9 རྟག་བརྟན་གཟུངས་བསྡུས་ལྷ་སའི་པར་མ། དཀར་ཆག གཅིག

10 རྟག་བརྟན་གཟུངས་བསྡུས་ལྷ་སའི་པར་མ། ཀ གཅིག

11 མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ། ལྡིལ་ལི། དབུ་ཤོག་ནང་མ།

12 མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ། ལྡིལ་ལི། དཀར་ཆག

13 མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ། ལྡིལ་ལི། ཀ ༡ གཅིག

14 མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ། ལྡིལ་ལི། ཕོ ༨༡༩ དྲུག་བྱོན།

15 སྟག་བྲག་གསན་ཡིག་མུན་སེལ་སྒྲོན་མེ་ལས། བརྒྱུད་པ་ཟམ་མ་ཆད་པ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་རྒྱུན་ལུང་གི་སྐོར། པར་མ།  252a-252b

16 ཏཱའི་སི་ཏུར་འབོད་པ་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་རང་ཚུལ་དྲངས་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང་། ཤིང་པར། ལྡི་ལི། 138a

 

དྲྭ་གནས་གཞན་དུ་བཀོད་པ།

བོད་ཀྱི་དུས་བབ།

ཁ་བརྡ།