དུས་འཁོར་དཀའ་འགྲེལ།

དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གྱི་དཀའ་བའི་གནས་རྣམས་འགྲེལ་པ་སྲས་དྷརྨེ་ཤྭ་རས་མཛད་པ།

སྲས་དྷརྨེ་ཤྭ་ར།

གཙུག་གི་ནོར་བུ་བཞི་པའི་འོད་ཅན་བློ་ཡི་མུན་སེལ་བླ་མ་དཔལ། །རང་བྱུང་རྒྱལ་བའི་སྙིང་པོ་མཐའ་བྲལ་ཆོས་ཉིད་དབུ་མ་མཆོག །སྒྲ་རྣམས་རྒྱུར་གྱུར་གཞོམ་མེད་གྲི་གུག་དབྱིབས་ཅན་གཡོ་བའི་ལུས། །སྟོང་གཟུགས་རྣམ་བཅུ་པྲ་ཏི་སེ་ན་དང་འདྲ་གཟུགས་མིན་གཟུགས། །དེ་བརྟེན་དག་པའི་ཡེ་ཤེས་སྐུ་ནི་ཐིག་ལེ་མི་འཕོ་ཉིད། །གཞན་དོན་སྐུ་གཉིས་སྤྲུལ་མཛད་འབྱུང་བའི་ཚོགས་བཅས་གུས་བཏུད་དེ། །

སྦྲང་བུའི་མཆུ་ཡིས་རྡོ་རྗེ་འབིགས་འདོད་བདག་གི་བློ་ལྡན་གྱི། ། བཞད་གད་རྟེན་གྱུར་མོད་ཀྱི་བླ་མའི་མཐུ་ཡིས་དྲན་གྱུར་བསམ། །དགེ་བློའི་ནོར་ཅན་འགའ་ཡིས་འདིར་བརྟགས་འཕྲིག་རྙེད་སྲིད་ནའང་ལེགས། །དོན་འཐོར་ཚིག་མང་བརྟག་དཀའི་གཞུང་ལས་བཟློག་པས་དོན་ཟློས་མེད། ། བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པའི་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་༼དཔལ་དུས་ཀྱི་འཁོར་ལོ་༽འདིར། །ཡིད་ཆེས་པར་དཀའ་བའི་རྡོ་རྗེའི་ཚིག་བསྡུས་ན་རྣམ་པ་ལྔར་གསུངས་ཏེ། ལྟ་བ་གཏན་ལ་འབེབས་པའི་དུས་སུ་དབུ་མ་པ་རྣམས་ཀྱི་སྟོང་པ་ནི་ཆད་པའི་སྟོང་པ་ཉིད་ཀྱི་ཕྱོགས་སུ་འགྱུར་ལ། འདིར་ནི་བེམས་པོ་མ་ཡིན་པའི་སྟོང་པ་ཉིད་དུ་བརྗོད་པ་དང༌། རྒྱུའི་རྒྱུད་གཏན་ལ་འབེབས་པའི་སྐབས་སུ། གཞི་སེམས་ཀྱི་ངོ་བོ་རང་བཞིན་གྱིས་དག་པ་ཡིན་ཀྱང༌། འཁོར་བའི་བདེ་སྡུག་གནས་སྐབས་ཐ་དད་པར་སྣང་བ་ནི། གློ་བུར་བའི་སྒྲིབ་པར་གསུངས་ལ། དེ་ཉིད་ཀྱང་འཕོ་བའི་བག་ཆགས་རྩ་བའི་རྒྱུ་ཉིད་དུ་བརྗོད་པ་དང༌། ཐབས་ཀྱི་རྒྱུད་གཏན་ལ་འབེབས་པའི་སྐབས་སུ། ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་རྒྱུད་ལ་གནོད་པ་ཐེངས་པའི་སྣང་བ་དུ་བ་ལ་སོགས་པ་སྟོང་པ་ཉིད་ཀྱི་གཟུགས་པྲ་ཏི་སེ་ན་ལྟ་བུ། ཉིན་མཚན་གཅིག་བསྒོམས་པ་ནས་བརྩམས་ཏེ། མངོན་སུམ་དུ་མཐོང་བ་ཉིད་དུ་བརྗོད་པ་དང༌། ཐབས་ཀྱི་རྒྱུད་གཏན་ལ་འབེབས་པའི་སྐབས་སུ་བདག་གི་དོན་གྱི་སྐུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་མི་འཕོ་བའི་བདེ་བས་ཕུག་པའི་སེམས་མཆོག་ཏུ་མི་འགྱུར་བའི་བདེ་བ་རྒྱུན་ཆད་པ་མེད་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་ཉིད་དུ་བརྗོད་པ་དང༌། འབྲས་བུའི་རྒྱུད་གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བའི་རྐྱེན། ལྷན་ཅིག་སྐྱེས་པའི་སྐུ་ལ་སྒྲིབ་པ་ཅུང་ཟད་གཅིག་གཟུང་ནས། དེས་སྐུ་གཉིས་པོ་སྤྲོས་ཤིང་གཞན་དོན་རྫོགས་པ་ཉིད་དུ་བརྗོད་དོ།། །།

ལྟ་བ་གཏན་ལ་དབབ་པ་ཡིད་ཆེས་པར་དཀའ་བའི་གནས་རྡོ་རྗེའི་ཚིག་དང་པོ།

འདི་ལྟ་བུའི་ཡིད་ཆེས་པ་དཀའ་བའི་གནས་ནི། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། རྟོག་གེའི་ཡུལ་མ་ཡིན་པ་དང༌། ངེས་པའི་དོན་སྟོན་པའི་ལུང་དང༌། བླ་མ་བརྒྱུད་རིམ་ཅན་གྱི་ཞལ་ལ་རག་ལས་པ་ཉིད་དང༌། རྣལ་འབྱོར་པ་རྣམས་ཀྱིས་མངོན་སུམ་བཞི་ཚད་མས་ངེས་པ་དང༌། ཕལ་པ་དང་ཐུན་མོང་མ་ཡིན་པ་ཉིད་དུ་གསུངས་ཏེ། ཇི་སྐད་དུ། བཤད་པའི་རྒྱུད་དགོངས་པ་ལུང་སྟོན་ལས། རྣལ་འབྱོར་བྱིས་པའི་ཡུལ་མིན་ཞིང༌། །རྟོག་གེ་པ་ཡིས་མི་ཤེས་སོ། །ཞེས་གསུངས་ལ། འཕགས་པ་ལྷའི་ཞལ་ནས་ཀྱང༌། མ་རུངས་ཕྱི་མའི་དུས་སུ་ནི། །ལུང་ཟབ་མན་ངག་མི་བསྟེན་པར། །འཐད་སྒྲུབ་རིགས་པ་གཙོར་བྱེད་པ། །རང་རང་གྲུབ་མཐའ་དམ་པར་འཛིན། །སྦས་དོན་ཙམ་གྱིས་ཆོག་བྱེད་ཅིང༌། །མཐར་ཐུག་ལྟ་བ་ཟབ་མོ་ལ། །མི་མོས་སླར་ཡང་སུན་འབྱིན་བྱེད། །དེས་ནི་བདག་གཞན་དོན་བརླག་འགྱུར། །ཞེས་པ་དང༌། ཡང་གསུངས་པ། དེ་བཞིན་གཉིས་དང་མི་ལྡན་པའི། ། རིགས་པའི་གླང་ཆེན་རང་ཡན་གྱིས། །གཉིས་ལྡན་རིགས་པ་སུན་འབྱིན་ཞིང༌། །གཉིས་པོ་ཉིད་ཀྱང་འཇོམས་པར་བྱེད། །དེ་ནི་གསང་སྔགས་ལམ་མིན་ཏེ། །བདག་གཞན་གསང་བའི་དོན་བརླག་བྱེད། །སེང་གེའི་གཟུགས་ཅན་ང་རྒྱལ་གྱིས། །ཝ་ཡི་ཚིག་གིས་ཟབ་མོ་ཡི། །མཉམ་ཉིད་གང་ཡང་མ་ཡིན་པའི། །སྟོང་ཉིད་ལྟ་བ་སུན་འབྱིན་འཇོམས། །རིན་ཆེན་རྫབ་ཏུ་བསྣུབས་གྱུར་ཀྱང༌། །འོད་དང་ཡོན་ཏན་རང་སྣང་བཞིན། །མཐར་ཐུག་ལྟ་དམན་རྫབ་བསྣུབས་ཀྱང༌། །རྩལ་ཆེན་བློ་ལ་འབར་ཞིང་སྣང༌། །མུར་འཛིན་དམན་དང་རྩོད་དུས་སུ། །འཐད་སྒྲུབ་རིགས་པ་གཉིས་གཙོ་སྟེ། །འཇིག་རྟེན་གྲགས་ཏེ་གཙོར་བྱེད་པས། །གོང་མའི་ལུང་དག་མི་ཚད་ཀྱང༌། །གསང་སྔགས་མཐར་ཐུག་ལྟ་དུས་སུ། །ཡིད་དང་དབང་པོའི་མངོན་སུམ་དང༌། །རྗེས་སུ་དཔག་པ་མི་ཚད་དེ། །ལུང་ཟབ་མན་ངག་ཚད་མར་བྱ། །ཞེས་བཤད་པ་དང༌། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་ཀྱང༌། འདིར་ཡིད་ཆེས་པ་རྣམ་པ་གསུམ་གསུངས་ཏེ། གང་ཞེ་ན། རྒྱུད་ལ་ཡིད་ཆེས་པ་དང༌། བླ་མ་ལ་ཡིད་ཆེས་པ་དང༌། རང་ལ་ཡིད་ཆེས་པའོ། །ཞེས་གསུངས་ལ། ཡིད་ཆེས་པ་ནི། ཐེ་ཙོམ་མི་ཟ་བ་སྟེ། དེ་ཉིད་ངེས་པའི་ཤེས་པ་ཡིན་པས་ཚད་མ་ཉིད་དུ་གྲུབ་པོ། རང་ལ་ཡིད་ཆེས་པ་ཇི་ལྟར་འགྱུར་ཞེ་ན། བརྗོད་དེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས། ཇི་སྐད་དུ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་དེ་ཡང་རྣམ་པ་བཞི་སྟེ། དབང་པོའི་མངོན་སུམ་དང༌། ཡིད་ཀྱི་མངོན་སུམ་དང༌། རྣལ་འབྱོར་གྱི་མངོན་སུམ་དང༌། རང་རིག་པའི་མངོན་སུམ་མོ། །ཞེས་གསུངས་པས། སྔ་མ་གཉིས་ནི་སྟོང་པ་ཉིད་ཀྱི་གཟུགས་ཀྱི་ཡུལ་ཅན་ཐུན་མོང་མ་ཡིན་པ་ཉིད་དུ་སྟོན་ལ། ཕྱི་མ་གཉིས་ནི་ངེས་དོན་གྱི་ལྟ་བ་དང་ལམ་གྱི་ཡུལ་ཅན་ནོ། །ཅི། དེ་ཉིད་ཚད་མའི་བསྟན་བཅོས་ལས། འདོད་པའི་རང་གི་མཚན་ཉིད་འཇལ་པའི་ཡུལ་ཅན་བཞི་པོ་ཉིད་ཡིན་པས། དེའི་ཡུལ་ཐུན་མོང་བ་འདི་ཉིད་ཡིན་ནོ༎ ཞེ་ན་མ་ཡིན་ཏེ། དེ་ཉིད་ཀྱིས། ཡང་གསུངས་པ། ཡེ་ཤེས་དེ་ཉིད་ནི་ཉེ་བར་བསྟན་པར་བྱེད་པ་དང༌། རབ་ཏུ་འཇུག་པར་བྱེད་པ་དང༌། ཐོབ་པར་བྱེད་པ་དང༌། ཉམས་སུ་མྱོང་བའི་མཚན་ཉིད་དོ༎ ཞེས་གསུངས་པས། ཡེ་ཤེས་ཀྱི་ཡུལ་ཅན་ཉིད་དུ་བསྟན་ཏོ། །སྨྲས་པ། འཕགས་པ་ལྷ་ཡིས་བཤད་པ་ལས་ནི། མངོན་སུམ་གཉིས་དང་རྗེས་སུ་དཔག་པ་སྔགས་ལ་ཚད་མར་བཀག་པ་ཡིན་པས། དེ་དང་འགལ་ཞེ་ན། མི་འགལ་ཏེ། གཞུང་དེ་ནི་ཕལ་པ་རྣམས་ཀྱིས་ཚུར་རོལ་མཐོང་བའི་དུས་ཀྱི་དབང་པོའི་ཤེས་པའི་ཡུལ་ཡིན་པ་ཉིད་དུ་ངེས་ལ། བྱང་ཆུབ་སེམས་དཔའི་དགོངས་པ་ནི། རྣལ་འབྱོར་པ་ལམ་ལ་ཞུགས་པ་སློབ་བཞིན་པའི་མངོན་སུམ་དུ་འགྱུར་པ་ལ་གསུངས་ཏེ། ཇི་སྐད་དུ། འཇིག་རྟེན་མགོན་པོས། རྣལ་འབྱོར་གྱི་ཡེ་ཤེས་རང་རིག་པ་དབང་པོ་མཆོག་གིས་རྟོག་པར་བྱ། ཞེས་གསུངས་པས། རྩ་བའི་རྒྱུད་འབུམ་ཕྲག་ལྔ་པ་ལས་ཀྱང༌། རང་རིག་པ་ཡི་མངོན་སུམ་ནི། །རྣལ་འབྱོར་རྣམས་ལ་འགྱུར་བ་སྟེ། །རྫོགས་པའི་རིམ་པའི་ཡེ་ཤེས་ནི། །སངས་རྒྱས་བྱ་བ་བྱེད་མཆོག་ཡིན། །ཞེས་པས། བྱེ་བྲག་ཕྱེད་པར་གསུངས་སོ། །ཅི། དུ་བ་ལ་སོགས་པའི་རྟགས་ཀྱི་རྟགས་ཅན་ལྐོག་ཏུ་གྱུར་པ་གཅིག་སྒྲུབ་པ་མ་ཡིན་ནམ། དེས་ན་འདིར་ཡང་རྗེས་སུ་དཔག་པ་ཚད་མ་ཉིད་དུ་བརྗོད་དོ། །ཞེ་ན། བདེན་དུ་ཆུག་ཀྱང༌། འདིར་ནི་འཇིག་རྟེན་ལ་གྲགས་པ་བཞིན་རྟགས་ཀྱིས་མཚོན་ནས། ལམ་དངོས་ལྐོག་ཏུ་གྱུར་པ་ཞིག་སྒྲུབ་པ་མ་ཡིན་གྱི། སེམས་ཀྱི་ངོ་བོ་ལ་ལམ་གྱི་གཞིར་རྒྱུད་ལ་ཤར་བའི་དབང་གིས། ལམ་གྱི་འགལ་ཟླའི་རྩ་བ་དག་པས་དུ་བ་ལ་སོགས་པ་ལྟ་བུ་ཤུགས་ལས་འབྱུང་ལ། དེ་ལྟ་བུ་དེ་སངས་རྒྱས་ཀྱི་བར་དུ་རྒྱུན་མི་འཆད་པར་སྒོམ་པར་གསུངས་ཏེ། རྩ་བའི་རྒྱུད་ལས་ཇི་སྐད་དུ། མིག་གཉིས་མ་ཕྱེ་མ་བཙུམས་པར། །གང་ཞིག་སྟོང་པར་མ་བརྟགས་པ། །རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །གཟུགས་ཏེ་རྟག་ཏུ་བསྒོམས་པར་བྱ། །ཞེས་གསུངས་པས། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པའི་མདོར་བསྡུས་ལས། འཇིག་རྟེན་མགོན་པོས་ཀྱང༌། རང་གི་སེམས་ཀྱི་སྣང་བ་ཙམ་ཕྱག་རྒྱ་ཆེན་པོ་འདི་ནི། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བསྒོམ་པར་བྱའོ། །ཞེས་གསལ་བར་གསུངས་པ་ནི། རྟགས་དེ་ལྟ་བུ་མཐོང་བའི་ཡུལ་ཅན་རྣམ་པར་མི་རྟོག་པ། རང་རིག་པའི་མཚན་ཉིད་ཅན་དེ་ཁོ་ན་བྱང་ཆུབ་སྙིང་པོའི་བར་དུ་བསྒོམ་པར་བྱ་བ་ཉིད་དུ་ཤེས་པར་བྱ་སྟེ། ཅིས་ཤེས་ན། དེ་བཟློག་ན་རྟགས་རྣམས་ཀྱང་བཟློག་པས་སོ། །དེས་ན་རྟགས་དང་རྟགས་འཛིན་དུས་གཅིག་ཏུ། རྣལ་འབྱོར་པ་ལ་རྟོག་པ་དང་བྲལ་ཞིང༌། མ་འཁྲུལ་པའི་མངོན་སུམ་དུ་འགྱུར་བའི་ཕྱིར། མངོན་སུམ་ཁོ་ན་ཚད་མ་ཡིན་པས། །བསྡུས་བའི་རྒྱུད་ཀྱི་ལེའུ་བཞི་པའི་ཚིགས་སུ་བཅད་པ་ཉིས་བརྒྱ་སུམ་ཅུ་རྩ་གཉིས་པ་ལས། མངོན་སུམ་མ་ཡིན་རྗེས་དཔག་ཤི་བའི་རོ་བཞིན། ཞེས་གསུངས་སོ། །དེ་ལྟ་བས་ན། རྒྱུད་ཀྱི་སྙིང་པོ་ལས། སྨིག་རྒྱུ་ལ་སོགས་རྟགས་གང་ཞིག །ལྐོག་ཏུ་གྱུར་པ་ལ་དགོངས་ཀྱིས། །མངོན་སུམ་གྲུབ་པའི་ནམ་མཁའ་ཆེ། །རྟགས་ཀྱི་དགོས་པ་ཅི་ཞིག་ཡོད། །ཅེས་པ་དང་མི་འགལ་བར་གྲུབ་པོ། །དེ་དག་གིས་ནི་བསྡུས་ནས་ཡིད་ཆེས་པར་དཀའ་བའི་རྡོ་རྗེའི་ཚིག་ལྔ་པོ་དེ། ལུང་དང་གདམས་ངག་དང༌། རང་གི་ཉམས་སུ་བླངས་པ་ལས་ཡིད་ཆེས་པར་འགྱུར་བ་ཉིད་དུ་ལུང་གིས་སྤྱིར་བསྒྲུབ་པ་ཅུང་ཟད་བསྟན་ནོ། །༼སྐབས་དང་པོ་འདིར། མདོ་སྡེ་དུ་མ་དང༌། རྒྱུད་དུ་མ་ལས། རྒྱལ་བའི་དབང་པོ་འདུས་མ་བྱས་པ། རང་རིག་པ། དོན་དམ་པ། རྟག་པ། སྟོང་པ་ཉིད་ཅེས་གསུངས་པ་དགག་པར་མི་ནུས་པའི་དོན་གོ་ལུགས་འདི་ལྟར། དེ་དག་ཐམས་ཅད་རྣམ་གྲངས་ཀྱིས་བརྟགས་པ། དོན་དམ་པ་ལ་སོགས་པ་ལྡོག་པ་མཐའ་དག་གིས་དོན་དམ་དུ་མི་འཐད་དེ། དབུ་མ་པའི་རྣམ་གྲངས་མ་ཡིན་པའི་བདེན་པ་རང་ལ་ཡང་ཀུན་རྫོབ་ལ་ལྟོས་ནས་གཞག་པ་དང༌། རིགས་པའི་ཡུལ་ཡིན་པས། ཀུན་རྫོབ་ཀྱང་ཡིན་ཞེས་སྟོན་ཏེ། སྐྲག་དངས་མི་དགོས་སོ། །༽ དེ་ལ་དང་པོ་ནི། འདིར་བེམས་པོ་མ་ཡིན་པའི་སྟོང་པ་ཉིད་ངེས་དོན་གྱི་དབུ་མར་བསྒྲུབ་པ་དང༌། དེ་ལ་སྒྲོ་འདོགས་སྤང་བ་གཉིས་ལས། དང་པོ་༼སྒྲོ་འདོགས་སྤང་བ་༽ནི། དགག་ཕྱོགས་དང༌། སྒྲུབ་ཕྱོགས་ཀྱི་རིགས་དབྱེ་བའི་སྒོ་ནས། སེམས་དང་སེམས་མ་ཡིན་པའི་སེམས་བསྒྲུབ་པ་རྒྱས་པར་བསྟན་པ་ལ། འདིར་གཙོ་བོར་སྒྲོ་འདོགས་པ་སྤང་པའི་སྒོ་ནས་བརྗོད་དེ། འདིར་སྨས་པ། ནང་གི་ལེའུ་ལས། རང་གཞན་གྱི་ལྟ་བ་གཏན་ལ་དབབ་པའི་སྐབས་སུ། སེམས་ཙམ་མན་ཆད་བཀགས་པས། དབུ་མའི་གྲུབ་མཐའ་ཞལ་གྱིས་བཞེས་པ་མ་ཡིན་ནམ། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ལ་སོགས་པ། རྡོ་རྗེ་ཐེག་པའི་བདག་པོར་གྱུར་པ་དག་ཀྱང་དེ་བཞིན་བཞེད་ན། ཅིའི་ཕྱིར་དབུ་མ་པའི་ལྟ་བ་ཆད་པ་ཉིད་དུ་འགྱུར་ཞེ་ན། བདེན་ཏེ། འདིར་སེམས་ཅན་གྱི་བསམ་པའི་དབང་གིས་གྲུབ་པའི་མཐའ་དུ་མ་ཉིད་དུ་འགྱུར་བར་ནང་གི་ལེའུ་ལས་བསྟན་ཙམ་ན། དབུ་མའི་དོན་ཡང་རྣམ་པ་གཉིས་ཏེ། ངེས་པའི་དོན་གྱི་དབུ་མ་དང༌། དྲང་པའི་དོན་གྱི་དབུ་མའོ། ། དེ་ལ་དང་པོ་ནི། དེ་བཞིན་གཤེགས་པའི་སྙིང་པོ་སྟེ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་ལམ་དབུ་མ་མཐའ་གཉིས་དང་བྲལ་བ་ཡིན་པར་རིག་པར་བྱའོ། །ཡང་དག་པའི་དོན་བསྟན་པ་ལ། བྱིས་པ་མ་རབས་དག་ཐེ་ཙོམ་བྱེད་དོ༎ ཞེས་གསུངས་སོ། །ངེས་པའི་དོན་ཡིན་པར་ཅིས་ཤེས་ཞེ་ན། ༼ནམ་མཁའི་དཔེ་འདི་མ་དག་པའི་གནས་སྐབས་ན། དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་འགྱུར་བ་མེད་པའི་ཆོས་ཉིད་དུ་བསྟན་པ་དེ་བརྗོད་པ་ཞེས་རྒྱུད་བླར་འབྱུང༌།༽ བཅོམ་ལྡན་འདས་ཀྱིས། རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། འདི་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་གསུངས་པས་སོ། །སྟོང་པ་ཉིད་ནི་ཆོས་ཉིད་དུ་འགྱུར་གྱི. དེ་ལས་གཞན་མ་ཡིན་པ་དེ་བས་ན། དེ་ལས་གཞན་ཆོས་ཉིད་མ་ཡིན་པ་ཅིས་ཤེས་ཞེ་ན། དེ་ཉིད་ཀྱི་དོན། འཕགས་པ་ཐོགས་མེད་ཀྱིས། རྒྱུད་བླ་མའི་འགྲེལ་བར། ཆོས་ཉིད་གང་ཡིན་པ་དེ་ཉིད་༼སྒྱུ་མ་༽ནི། འདིར་གང་གིས་དེ། དེ་༼རྒྱལ་བའི་སྙིང་པོ་༽ལྟ་བུ་ཁོ་ནར་༼ཆོས་ཉིད་༽འགྱུར་གྱི། གཞན་དུ་ནི་མི་འགྱུར་རོ། །ཞེས་བཤད་པ་དང༌། རྒྱུད་ཀྱི་སྙིང་པོ་ལས། ནམ་མཁའི་དེ་ཉིད་ཆོས་སྐུ་དང༌། །ཆོས་ཉིད་སྟོང་པ་ཉིད་དུ་འདོད། །དེ་ལ་བློ་ནི་རྩེ་གཅིག་གང༌། །སྤྱོད་པ་དེ་དང་ཐ་མི་དད། །དེ་ཉིད་ལྟ་བ་མཆོག་ཡིན་ཏེ། །ཡེ་ཤེས་གོ་འཕང་མཆོག་ཏུ་གསུངས། །ཞེས་གསུངས་པས་སོ། །སྟོང་པ་ཉིད་ནི་ཆོས་ཉིད་དུ་འགྱུར་གྱི། དེ་ལས་གཞན་མ་ཡིན་པ་དེ་བས་ན། འདི་སྟོང་པ་ཉིད་ཡིན་པར་ཅིས་ཤེས་ཞེ་ན། དཔལ་རྡོ་རྗེ་ཕྲེང་བ་ལས། དོན་དམ་པ་ནི་མི་ཤེས་ཤིང༌། །ཀུན་རྫོབ་སྒྲ་ཡི་མཛོད་འཛིན་པ། །ཡེ་ཤེས་མཆོག་ནི་མི་ཤེས་ཤིང༌། །རྟོག་གེས་སྟོང་ཉིད་སྨྲ་བར་བྱེད། །རྣལ་འབྱོར་བསམ་གཏན་རྣལ་འབྱོར་བས། །དེ་ནི་མཆོག་ཏུ་ཕྲ་བར་སྤྱོད། །སྟོང་ཉིད་ཡང་དག་ནམ་མཁའ་ཆེ། །ཤེས་དང་ཤེས་བྱ་རྣམ་པར་སྤང༌། །རྟོག་པའི་དྲ་བ་རྣམ་པར་བྲལ། །སྟོང་པ་ཉིད་ཀྱི་འཁོར་ལོ་བརྗོད། །ཅེས་གསུངས་པ་དང༌། འཕགས་པ་རྔ་བོ་ཆེའི་མདོ་ལས་ཀྱང༌། ༼འོད་སྲུངས་ཀྱིས་བཅོམ་ལྡན་འདས་ལ་༽གསོལ་པ། ཐེག་པ་ཆེན་པོ་ལའང་སྟོང་པ་ཉིད་ཀྱི་དོན་སྟོན་པ་མང་དུ་མཆིས་སོ། །བཀའ་སྩལཔ། དེ་ཐམས་ཅད་དགོངས་པ་ཅན་དུ་རིག་པར་བྱ་ལ། མདོ་འདི་ལྟ་བུ་ནི། དགོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །འོད་སྲུངས་ངས་སེམས་ཅན་མོས་པ་དུ་མ་ལ་དགོངས་པའི་དོན་སྣ་ཚོགས་ཀྱི་མདོ་བསྟན་པ་ལ། ཁ་ཅིག་དེ་བཞིན་གཤེགས་པ་རྟག་པའི་མདོ་འདི་ལྟ་བུ་བོར་ནས། སྟོང་པ་ཉིད་ཀྱི་ལེའུའི་མདོ་དག་ལ་སློབ་པར་བྱེད་ཅིང༌། ཞེས་གསུངས་སོ། །རྒྱུད་བླ་མའི་འགྲེལ་བ་ལས་ཀྱང༌། དེ་ལ་སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པའི་དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན། འདི་ལ་བསལ་བྱ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །དེའི་དོན་ནི། གང་གི་ཕྱིར་དེ་བཞིན་གཤེགས་པའི་ཁམས་འདི་ལ། བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ཉིད་འགའ་མེད་དེ། གློ་བུར་བའི་དྲི་མ་དང་བྲལ་བ་ནི། འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བས་ན་༼འཕགས་པ་དཔལ་ཕྲེང་གི་མདོ་ལས།༽ དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་(གང་གིས་སྟོན་ན་ཡོན་ཏན་)དབྱེ་བ་ཡོད་པ་དང་བྲལ། ཤེས་པ་༼དང་༽ ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་༼གོས་པར་འདོད་ན་སྒྲོ་འདོགས་པའི་མཐའ་སྟེ་༽ནི་སྟོང་པ་ཉིད་ཡིན་ལ། འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་གཞག་པར་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་བྱ་བའི་ཆོས་ཉིད་ནི་རང་བཞིན་ཡིན་༼སེམས་ཅན་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་ཁམས་ན་འགའ་ཡང་མེད་དེ། ཞེས་གསུངས་པས། རིགས་ཚོགས་སུ་རྟེན་འབྲེལ་དང༌། སྟོང་པ་ཉིད་དབུ་མའི་ལམ་དུ་དོན་གཅིག་པར་བཤད་དེ། འདི་ལ་ཇི་ལྟར་འཐད་ཅེ་ན། ཤིན་ཏུ་འཐད་དེ། ཕྱི་ནང་གི་རྟེན་འབྲེལ་ནི་སྣང་གི སྣང་ཆ་ལ་སོགས་པ་མེད་ལ། ནང་གི་དེ་ལས་ལོག་ན་སེམས་ཅན་མེད་པས། དེ་ལ་སྙིང་པོས་ཁྱབ་སྟེ། གཞན་མ་ཡིན་པ་དང༌། དེ་ཡོད་པས་ན་འགྲོ་ཀུན་ཞེས་པས། སྟོང་པ་ལས་སེམས་ཅན་བྱུང་བས། དེ་ལ་དེ་ལས་གཞན་མ་ཡིན་ནོ། །སྟོང་པ་ཉིད་གཟུགས་སོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །གཟུགས་སྟོང་པའོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །༽པའི་ཕྱིར་རོ། ། རྣམ་པར་དབྱེ་བ་མེད་པ་དང་བྲལ་བའི་ཤེས་པས་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་དག་གིས་མི་སྟོང་ངོ་ཞེས་གསུངས་སོ། །དེ་ལྟར་གང་ཞིག་གང་༼སྙིང་པོ་༽ན་༼གདོད་ནས་༽མེད་པ་དེ་ནི་དེས་སྟོང་ངོ་༼ཉོན་མོངས་པ་༽ཞེས་ཡང་དག་པར་རྗེས་སུ་མཐོང་ལ། ༼རྒྱལ་བའི་སྙིང་པོ་༽གང་ཞིག་དེ་ལས་ལྷག་པར་གྱུར་པ༼འི་ཡོན་ཏན་༽དེ་ནི། དེ་ལ་༼གདོད་ནས་༽རྟག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་སྒྲོ་༼སྙིང་པོ་ལ་ཉོན་མོངས་པས་དབེན་པ་ལ་མི་བདེན་པར་འཛིན་པ་དང༌། ཡོན་ཏན་གྱིས་མི་དབེན་པ་ལ་དབེན་པར་འཛིན་པ་གཉིས་ནི་ཉོན་མོངས་པ་དང་ཡེ་ཤེས་ལྷན་ཅིག་མི་གནས་པའི་འགལ་བ་མ་ཡིན་ནམ་ཞེས་སོ། །༽འདོགས་པ་དང༌། སྐུར་པ་འདེབས་པའི་མཐའ་ལས་གྲོལ་བའི་ཕྱིར། ཕྱིན་ཅི་མ་ལོག་པ་དང༌། སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏོ་ཞེས་བཤད་པས་སོ། །ཅི། སེམས་ཅན་གྱི་དུས་ན་ཉོན་མོངས་པའི་སྦུབས་དང་ལྷན་ཅིག་གནས་ན། ཇི་ལྟར་མི་གནོད་ཅེ་ན། རྒྱུད་ཀྱི་སྙིང་པོ་ལས། འདམ་ལས་ཨུཏྤལ་གོས་མིན་པ། །ཆུ་ཡིས་མཚོ་སྐྱེས་ཇི་བཞིན་ཏེ། །རླུང་གིས་རི་བོ་གཡོ་མི་འགྱུར། །རྩ་ཡིས་རྒྱ་མཚོ་འཁྲུགས་མིན་ཞིང༌། །ང་རྒྱལ་ལྡན་པའི་གླང་པོ་ཆེ། །པད་རྩའི་སྐུད་པས་འཆིང་མི་འགྱུར། །དེ་བཞིན་དེ་ཉིད་འོད་གསལ་བ། །ཐམས་ཅད་སྟོང་པ་ནམ་མཁའ་ཆེ། །བརྫུན་པའི་རྣམ་པར་རྟོག་པ་ཡིས། །ཇི་ལྟ་བུར་བ་གནོད་པར་འགྱུར། །ཞེས་གསུངས་པས། ༼སེམས་ཅན་ལ་༽ ལྷན་ཅིག་གནས་ཀྱང་མཚན་ཉིད་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་འགལ་བ་ཡིན་ནོ། ། ༼དེ་མི་འཐད་ཅེ་ན་༽དཔེར་ན་གདུག་པའི་སྦྲུལ་གྱི་མགོ་བོའི་རིན་པོ་ཆེས། སྦྲུལ་གྱི་གདུག་པ་ཟིལ་གྱིས་མི་ནོན་ཞིང༌། གདུག་པས་ཀྱང་ནོར་བུའི་མཐུ་ཡང་མི་འཇོམས་ལ། ནོར་བུའི་ཡོན་ཏན་ཐམས་ཅད་ཀྱང་མི་སྣང་མོད་ཀྱི། ནོར་བུ་དངོས་སྣང་བ་ལྟར། སེམས་ཀྱི་རིན་པོ་ཆེ་ཡང་དེ་དང་འདྲ་བས་ན། པཉྩི་ཀ་ལས། ལྷན་ཅིག་སྐྱེས་པའི་དཔེར་སྦྲུལ་དང༌། མགོ་ལ་གནས་པའི་རིན་པོ་ཆེས་བསྟན་ཏོ། ། དེ་ལྟ་བུ་དེ་དབུ་མ་མཚན་ཉིད་པར་བཞེད་༼དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་དཔེར་བརྗོད་པས་བསྟན་པ་འདི་ནི་སེམས་ཅན་གྱི་ཁམས་མ་ལུས་པ་ཐོགས་པ་མེད་པའི་སེམས་ཀུན་ནས་ཉོན་མོངས་པའི་ཆོས་བློ་བུར་བ་ཉིད་དང༌། ཐོགས་པ་མེད་པའི་སེམས་རྣམ་པར་བྱང་བའི་ཆོས་དང་ལྷན་ཅིག་སྐྱེས་པའི་རྣམ་པར་དབྱེ་བ་མེད་པ་ཉིད་དུ་བསྟན་ཏོ། །ཞེས་ཐོགས་མེད་ཀྱིས་བཤད་༽ཀྱི། ཅིག་ཤོས་ཡིན་པ་འགོག་པར་བྱེད་པའི་ཁྱད་པར་གྱི་ཚིག་གང་གིས་ཤེས་ཞེ་ན། དེ་ཡང་གཉིས་ཏེ། ཡེ་ཤེས་རྒྱུན་ཆད་པ་དང༌། མ་ཆད་པར་འདོད་པའི་ཚུལ་གཉིས་ལས། དང་པོའི་དབང་དུ་བྱས་ན། སྒྲུབ་ཐབས་ཀྱི་ལེའུའི་ཚིགས་བཅད་ཉིས་བརྒྱ་པ་ལས། སངས་རྒྱས་ཤེས་རབ་གང་ལའང་གནས་མིན་ཞེས་ནི་སངས་རྒྱས་པ་ཡི་ཚིག་སྟོན་འགྱུར། ཞེས་དང༌། དེ་དགག་པ་ནི། གཙོ་བོས་དེ་ཕྱིར་ལྷན་ཅིག་སྐྱེས་པའི་བདེ་སྐུ་སྔགས་ཀྱི་ཐེག་པར་བསྟན། ཞེས་པའི་དོན། པཉྩི་ཀ་ལས། གཟུང་འཛིན་ལ་སོགས་པ་ལས་འདས་པར་གྱུར་པའི་དངོས་པོ་ཐམས་ཅད་བེམས་པོའི་རང་བཞིན་དུ་འདོད་པ་རྣམས་ཀྱི་བསམ་པ་ནི། སངས་རྒྱས་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་ཤེས་པའི་ངོ་བོ་ཉིད་མེད་དེ། ཡོད་ན་ཤེས་བྱ་སྔོན་དུ་འགྲོ་བ་ནི་ཤེས་པ་ཡིན་ལ། ཤེས་པ་དང་ཤེས་བྱ་གཉིས་ནི་རྟོག་པ་ཡིན་གྱི། སྟོང་པ་ཉིད་མ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་ཤེས་རབ་དངོས་པོ་གང་ལའང་མི་གནས་ཞེས། ཕྱོགས་གཟུང་ནས་སྟོང་པ་ཉིད་དུ་སྒྲུབ་པར་བྱེད་དེ། དངོས་པོ་གང་དུ་ཡང་མ་གྲུབ་པའི་སྟོང་པ་ཉིད་ཀྱི་སྒོམ་པ་དེས། མི་འགྱུར་བའི་བདེ་བ་དང་བྲལ་བའི་བེམས་པོའི་རང་བཞིན་གྱི་སྟོང་པ་ཉིད་དུ་འགྱུར་བས། དེའི་ཕྱིར་གཙོ་བོས་ལྷན་ཅིག་སྐྱེས་སྐུ་སྔགས་ཀྱི་ཐེག་པར་བསྟན། ཞེས་གསུངས་སོ། །ལྷན་ཅིག་སྐྱེས་པ་ཡང་རྒྱུ་དང་ལམ་དང་འབྲས་བུའི་དབྱེ་བ་གསུམ་ཀ་ལ་འཇུག་གོ །དེ་བས་ན་སྐབས་འདིར་འབྲས་བུའི་ལྷན་ཅིག་སྐྱེས་པ་གཙོ་བོར་བསྟན་ཀྱང༌། ཤུགས་ལ་རྒྱུའི་ལྷན་ཅིག་སྐྱེས་པས་བསྒྲུབས་སོ། །ཡེ་ཤེས་རྒྱུན་མ་ཆད་པའི་གཞུང་ལུགས་ཀྱི། མེད་པར་བཀག་པ་ཙམ་གྱི་སྟོང་པ་ཉིད་དེ་འགོག་པར་བྱེད་པའི་གཞུང་ཡང༌། ༼མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས། རྡུལ་ཕྲ་རབ་ཀྱི། ཚོགས་ཀྱི་བདག་ཉིད་རྣམ་པར་དཔྱད་པས་སྟོང་པ་དང་ཞེས་པས།༽ རིགས་པས་རྣམ་པར་དཔྱད་པའི་སྟོང་པ་ཉིད་དང༌། ཆད་པའི་སྟོང་པ་ཉིད་རིང་དུ་བྱས་པ། ཞེས་ཡེ་ཤེས་ཀྱི་ལེའུ་༼མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་༽ལས་གསུངས་སོ། །དེ་ནི་ལམ་དུ་འདོད་པ་བཀག་པ་ལ་དགོངས་སོ་ཞེ་ན། མ་ཡིན་ཏེ། ཐུབ་པ་རྣམས་ཀྱི་དགོངས་པ་ནི། ལྟ་བ་སྤངས་པའི་ལམ་ལོགས་ན་མི་བཞེད་པས། དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་འདི་ཉིད་ལ། ནམ་མཁའ་ཆེན་པོའི་ལྟ་བ་གང༌། །དེ་ཉིད་ལམ་དང་འབྲས་བུ་སྟེ། །སངས་རྒྱས་གོ་འཕང་སྟེར་བྱེད་ཡིན། །ལྟ་བ་དེ་ཡིན་སྒོམ་པའང་དེ། །ཞེས་རྒྱུད་ཀྱི་སྙིང་པོ་ལས་གསུངས་པ་དང༌། རྒྱུད་བླ་མའི་འགྲེལ་པ་ལས་ཀྱང༌། དེ་ལ་གང་དག་སྟོང་པ་ཉིད་ཀྱི་དོན་གྱི་ཚུལ་འདི་ལས་ཕྱིར་རོལ་ཏུ་སེམས་རྣམ་པར་གཡེངས་ཤིང་འཕྲོ་བ་མཉམ་པར་མི་འཇོག་ཅིང༌། རྩེ་གཅིག་ཏུ་མི་འགྱུར་བ་དེས་ན། དེ་དག་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་ཞེས་བརྗོད་དོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་མེད་པར་ནི། རྣམ་པར་རྟོག་པ་མེད་པའི་དབྱིངས་རྟོགས་ཤིང་མངོན་དུ་བྱ་བར་མི་ནུས་སོ། ། འདི་ལ་དགོངས་ནས་གསུངས་པ་ནི། འཕགས་པ་དཔལ་འཕྲེང་གི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོའི་༼སེམས་ལ་ཡོད་པ་༽ཡེ་ཤེས་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེས་ཉོན་མོངས་པ་ཐམས་ཅད་ཀྱི་སྦུབས་སྤོང་བ་ལགས་སོ། །ཞེས་གསུངས་པས་སོ། ། འོ་ན་ལམ་དུ་འགྱུར་བ་ལ། དེ་ནི་མངོན་པར་རྟོགས་དགོས་ལ། སྔགས་ཀྱི་ཐེག་པ་ལས་ཀྱང༌། ད་ལྟ་ན་ཡང་སྣང་བར་གསུངས་པ་དང༌། མདོ་དང་བསྟན་བཅོས་དག་ཏུ་ས་བཅུ་པས་ཀྱང་ཕྱོགས་གཅིག་ལས་མི་རྟོགས་ཤིང༌། འཇིག་༼སོ་སོ་སྐྱེ་བོ་༽ཚོགས་ལ་ལྟ་བར་ལྟུང་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་བརྗཽོད་པ་དང་འགལ་བ་ཇི་ལྟར་སྤོང་ཞེ་ན། དེ་ནི་མདོ་སྔགས་གཉིས་ཀྱི་ཁྱད་པར་ཉིད་ཡིན་ཏེ། དེའི་དགོངས་པ་ཡང་མདོ་ལས་གསུངས་པ་ནི། ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ན་དེ་ཉིད་སྟོབས་ཆེ་བར་སྣང༌། དེའི་དབང་དུ་གྱུར་པས་རང་བཞིན་གྱིས་དག་པ་ཡིན་ཀྱང༌། སངས་རྒྱས་ཀྱི་གྲངས་སུ་མི་འགྲོ་བར་ནི། རྒྱུད་བླ་མའི་འགྲེལ་པ་ལས། ལོག་པ་ཉིད་ཀྱི་རྒྱུད་དུ་ངེས་པའི་སེམས་ཅན་ཐམས་ཅད་ལ་རང་བཞིན་ཁྱད་པར་མེད་པར་ཡོད་དུ་ཟིན་ཀྱང༌། གླཽ་བུར་གྱི་དྲི་མ་དང་བྲལ་བ་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། ཞེས་པས། དྲི་མ་ཡོད་པ་ཇི་སྲིད་དུ་མཐོང་ཡང་མ་མཐོང་བ་དང་འདྲ་སྟེ། མཐུ(འམ་ཡོན་ཏན་) མ་དམིགས་པའི་ཕྱིར་རོ། །ཞེས་དགོངས་ལ། སྔགས་ཀྱི་ཐེག་པར་ནི། ཉོན་མོངས་པ་འཁྲུགས་པའི་དུས་ན། མ་བསྒྲུབས་པར་༼འོད་གསལ་བར་༽འཆར་བའི་ལྡོག་པ་ངོས་གཟུང་བས་ལམ་དུ་རུང་བ་དེ་ལ་དགོངས་ནས། སྔར་ནོར་བུ་དང༌། སྦྲུལ་གྱི་དཔེས་བསྟན་ཏེ། དེ་ལྟར་རྒྱུད་བླ་མའི་འགྲེལ་པ་ལས། སེམས་གང་ཡིན་པ་ཉོན་མོངས་པ་དང་སྡུག་བསྔལ་མཐའ་ཡས་པ་དང་རྗེས་སུ་འབྲེལ་ཀྱང༌། རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་རྣམ་པར་འགྱུར་བ་གཞན་ལ་མི་བརྟེན་པ་དེའི་ཕྱིར། གསེར་བཟང་པོ་བཞིན་དུ་མི་འགྱུར་བའི་དོན་གྱིས་ན་དེ་བཞིན་ཉིད་ཅེས་བརྗོད་དོ། །ཞེས་གསུངས་སོ། །དེ་ལས་བཟློག་སྟེ། ཆ་ཙམ་ཡང་མི་མཐོང་༼ཞིང་མི་གསལ་༽བ་ཡིན་ན། འོད་གསལ་བ་མི་འགྱུར་བ་ཉིད་དུ་ཡང་མི་རིགས་༼འཕགས་པ་ཐོག་མེད་ཀྱིས། ཐམས་ཅད་དུ་སེམས་ངེས་པར་བརྟག་པ་དང༌། སེམས་ཡང་དག་པར་ཤེས་པ་ལ་ནི། ཆོས་ཉིད་ཉིད། རྟེན་པ་དང༌། ཆོས་ཉིད་ཉིད་རིགས་པ་ཡིན་ནོ། །ཞེས་པ་དང༌།༽ལ། འཕགས་པ་ལྷས། སེམས་ངེས་པར་གྲུབ་པར་སེམས་ལམ་དུ་བྱེད་པ་ལ་སོགས་པ་ཡང་བསྟན་རིགས་པར་འགྱུར་རོ། ། འོ་ན་དྲང་བ་དང༌། ངེས་དོན་གྱི་དབུ་མ་ཞེས་ཤེས་བྱེད་ཀྱི་ལུང་གང་གིས་ཤེས་ཞེ་ན། འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས། བཅོམ་ལྡན་འདས་ཀྱིས་ཡུལ་བཱ་རཱ་ཎཱ་སི་རི་དགས་རྒྱུ་བའི་ཚལ་དུ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། བདེན་པ་བཞིའི་རྣམ་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ལགས་པ་དེ་ནི། ངོ་མཚར་རྨད་དུ་བྱུང་བ་ལགས་མོད་ཀྱི། དེའི་ཚེ་ཡོངས་སུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་དེ་ནི་བླ་ན་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས་སྔོན་དུས་གཉིས་པའི་ཚེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང༌། སྐྱེ་བ་དང༌། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། འདི་ལྟར་མི་མངོན་པའི་རྣམ་པས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ལགས་པ་དེ་ནི། ཆེས་ངོ་མཚར་རྨད་དུ་གྱུར་པ་ལགས་མོད་ཀྱི། དེའི་ཚེ་ཆོས་ཀྱི་འཁོར་ལོ་ཡོངས་༼ད་རུང་ཐེག་པ་གཅིག་བསྟན་དུ་ཡོད་པས། ཐེག་པ་དང་པོ་འཇོམས་པས་༽སུ་བསྐོར་བ་དེ་ཡང༌། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས་དེང་དུས་གསུམ་པ་འདིར། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ལགས་པ་དེ་ནི་༼བར་མ་བཅས་ཀྱང་༽ཤིན་ཏུ་ངོ་མཚར་དུ་གྱུར་པ། ༼དེའི་གོང་ན་གཞན་མེད་པས་༽བླ་ན་མ་མཆིས་པ། ༼རྒྱལ་བའི་སྙིང་པོ་ཡོད་པར་བསྟན་པ་ཙམ་སྔགས་དང་མཐུན་པས།༽ངེས་པའི་དོན། ༼འོན་ཀྱང་ད་ལྟ་ནི་ཐམས་ཅད་དུ་མི་མཐོང་བར་འདོད་པས།༽རྩོད་པའི་གཞིར་གྱུར་པ་མ་ལ་ལགས་སོ། །ཞེས་གསུངས་པས། ༼སྔགས་ཀྱི་ཐེག་པས་གནོད་པ་ཡོད།༽དུས་བར་པའི་ཚེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་བརྒྱད་ཀྱི་འཁོར་ལོ་གསུངས་པའི་དོན། འགྲེལ་པ་དབུ་མར་འདོད་པའི་ལུགས་ནི། དྲང་དོན་ཡིན་པར་གསལ་བར་གསུངས་སོ། །དེ་ནི་སེམས་ཙམ་པའི་ལུགས་གཙོ་བོ་ཡིན་པས་དགོངས་པ་ཅན་ཡིན་ཏེ། ཁོ་བོ་ལ་རྩིས་སུ་མ་ཆེའོ། །༼མདོ་སྡེ་སྤྱོད་པའི་དབུ་མ་པས་འདོད་པའི་སྟོང་པ་ཉིད་དེ་༽ཞེ་ན་[མ་]ཡིན་ཏེ། རྒྱུད་ཀྱི་སྙིང་པོ་ལས། རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ཡི། །མིག་དང་གཟུགས་དང་རིགས་བདག་ཉིད། །སོ་སོ་ཡོད་ཀྱང་ངོ་བོ་ཉིད། །རང་བཞིན་སྟོང་པ་ཉིད་འདོད་པ། །འབའ་ཞིག་ཆད་པའི་ཕྱོགས་ཀྱི་ཕྱིར། །བསྟན་པ་དེ་ཡང་དྲང་དོན་ཡིན། །འདི་ནི་༼རྣལ་འབྱོར་སྤྱོད་པས་འདོད་པའི་སྟོང་པ་དེ་༽རྣམ་པར་ཤེས་ཙམ་སྟེ། །ཕྱི་རོལ་ཅུང་ཟད་གང་ཡང་མེད། །དེ་ཡང་རང་བཞིན་མེད་པ་སྟེ། ། རྣལ་འབྱོར་སྤྱོད་པའི་དབུ་མ་འོ། །དེ་ལྟར་དེ་ཡིས་འདོད་གྱུར་ན། །ཆད་ཕྱོགས་འདི་ལ་ཐེ་ཙོམ་མེད། །༼དྲང་དོན་དུ་༽ཅེས་མདོ་སྔགས་གཉིས་ཀར་གསུངས་པས་སོ། ། གལ་ཏེ་རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་ལ། དྲང་དོན་གྱི་དབུ་མར་བྱས་ན་དོན་གཉིས་ཏེ། བདེན་གཉིས་མེད་པར། ཀུན་རྫོབ་ཁོ་ནར་འགྱུར་ལ། དེ་ལྟ་ན་ཡང་དེས་མཚན་མ་ཟིལ་གྱིས་མི་ནོན་ཞིང༌། བྱང་ཆུབ་ཀྱི་དགེ་བའི་རྩ་བ་མི་སོགས་པར་གསུངས་པ་དང༌། དོན་དམ་པའི་བདེན་པ་དྲང་དོན་ཡིན་ལ། བརྫུན་པའི་ཆར་གཏོགས་པ་ཡིན་ལ། བརྫུན་པས་བརྫུན་པའི་ཆོས་ཉིད་མི་རུང་བས། ཀུན་རྫོབ་ལ་ཆོས་ཉིད་མེད་པར་འགྱུར་ལ། དེ་ལྟ་ན་ཡང་ཆོས་ཉིད་མེད་པའི་ཆོས་ཅན་ནི་རིགས་པ་དང་འགལ། ལུང་དང་ཡང་འགལ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་པ་མི་རིགས་པར་འགྱུར། ཞེ་ན། དེ་ལ་སྐྱོན་དང་པོ་མི་འབྱུང་སྟེ། འདི་ལྟར་དབུ་མ་ལ་དོན་དམ་བདེན་པ་འདོད་དམ་མི་འདོད། མི་འདོད་ན་སྐྱོན་དེ་ཁྱོད་རང་ལ་འོང་ལ། འདོད་ན་ངེས་དོན་གྱི་སྡོམ་པ་སེམས་ཀྱི་ངོ་བོ་འོད་གསལ་བ་ཉིད་ཡིན་ཞེས་ཁས་བླང་ངོ༌། ། དེ་ལྟར་ན་སེམས་ཙམ་པ་ལ་བརྗོད་པའི་སྐྱོན་འོང་བས། ཤིན་ཏུ་ཡང་མི་རིགས་ཞེ་ན། དོན་དམ་བདེན་པ་ཡིན་པ་ཙམ་གྱིས་གནོད་ན། ཁྱོད་རང་གི་དོན་དམ་པ་ལ་ཡང་མཚུངས་ཏེ། ཤིན་ཏུ་མི་རིགས་སོ། །ཁོ་བོའི་དེ་ནི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པས། གཅིག་དང་དུ་མའི་ཡོད་མེད་ཀྱི་བརྟག་པ་མི་འཇུག་ཅེ་ན། དེ་ཚོད་དུ་སེམས་ཀྱི་ངོ་བོ་འོད་གསལ་ཡང་སྤྲོས་པའི་མཐའ་ཐམས་ཅད་ཀྱིས་དབེན་པས་སྐྱོན་དེ་མེད་པ་ཁོ་ནའོ། །དེ་སྐད་ཟེར་ཡང་ཡོད་པའི་དངོས་པོར་དོན་གྱིས་ཁས་བླངས་པར་འགྱུར་རོ་ཞེ་ན། ཁྱེད་ཀྱང་མེད་དངོས་སུ་དོན་གྱིས་ཁས་བླངས་པས་མེད་པའི་མཐའ་བྲལ་དུ་མ་གྲུབ་པོ། །ཡོད་མཐའ་ཁེགས་པས་དེའི་ཟླ་མེད་པ་ཡང་ཤུགས་ལ་ཁེགས་པ་ཡིན་པས། མེད་དངོས་སུ་དོན་གྱིས་མ་གྲུབ་པོ་ཞེ་ན། སེམས་ཀྱི་ངོ་བོ་ཡང་[རྟོག་{བདོག་}པའི་དངོས་པོ་དང༌། ཁ་དོག་དབྱིབས་ཀྱི་ཆོས་སུ་ཀུན་རྫོབ་ཏུ་ཡང་མ་གྲུབ་ན། དོན་དམ་དུ་ལྟ་ཅི་སྨོས། དེས་ན་ཡོད་མཐའ་བདེན་ཏེ། ཡོད་པར་ཁས་བླངས་པ་མེད་དོ། །དེ་ནི་ལྡོག་པ་ཕྱོགས་གཅིག་ཙམ་བཅད་པའི་མཐའ་བྲལ་དུ་འགྱུར་ལ། དེ་འདོད་ན། བདག་རྟག་པ་ལ་ཡང་དེ་ཡོད་པས་མཐའ་བྲལ་དུ་ཐལ་ལོ། །ཞེ་ན། བདག་དེ་ཁོ་བོ་ལ་ཁྱོད་ཀྱིས་ཡོད་པར་སྒྲུབ་མི་ནུས་ལ། ནུས་སུ་ཆུག་ཀྱང་མཐའ་བྲལ་དུ་ཁས་བླངས་པ་མིང་ཙམ་དུ་འགྱུར་བ་དང༌། ཁྱེད་རང་གི་སྤྲོས་བྲལ་ཡང་ལྡོག་པ་མཐའ་དག་བཅད་པའི་ཆོས་མ་ཡིན་ལ། ཡིན་ན་ཡོད་མཐའ་བཀག་པས། ཀུན་རྫོབ་དང་རི་བོང་རྭ་ཡང་བཀག་པར་འགྱུར་ཏེ། དེ་འདོད་ན། ཧ་ཅང་ཐལ་ཆེས་པའི་སྐྱོན་ནོ། །དེ་བས་ན་ལྡོག་པ་མཐའ་དག་བཅད་པའི་མཐའ་བྲལ་མ་ཡིན་ནོ། །༼ཀུན་རྫོབ་ལ་གནས་ན་དོན་དམ་པའི་ཡུལ་འགོག་པས་༽གལ་ཏེ་དོན་དམ་དུ་ཡོད་ཀྱི་མཐའ་ཐམས་ཅད་འགོག་པའོ། །ཞེ་ན། དེ་ཚོད་དུ་ཁོ་བོ་ཡང་རྒྱལ་བའི་སྙིང་པོ་དེ་རྫས་སུ་ཡོད་པ་དང༌། རྟག་ཆད་དང༌། རྟོག་པའི་མཐའ་ཐམས་ཅད་ཀྱིས་དབེན་པའི་མཐའ་བྲལ་དུ་བསྒྲུབ་པ་ཁོ་ནའོ། ། གལ་ཏེ་དོན་དམ་པའི་འདོད་པའི་སྤྲོས་པ་བཅད་པ་ཙམ་ལ། དོན་དམ་བདེན་པ་ཞེས་བརྡར་བྱས་ཀྱི། ཡོངས་གཅོད་ལ་དོན་དམ་འདི་ལྟ་བུ་ཞེས་སྤུ་རིས་སུ་གྲུབ་པ་༼བསྟན་དུ་མེད་ཅིང་༽ཁས་ལེན་མེད་ཅེ་ན། ༼ཀུན་རྫོབ་ཀྱི་བདེན་པ་ལ་གནས་ནས་༽ ཁོ་བོ་ཡང་སྤྲོས་པ་མཐའ་དག་གིས་དབེན་པར་མཉམ་གཞག་དང་འབྲེལ་བའི་རང་རིག་མངོན་༼དེ་ཁོ་ན་ཉིད་མངོན་སུམ་གྱི་ཡུལ་མིན་ཞེ་ན། འོ་ན་གཞན་ལས་ཤེས་མིན་ཞི་བ་དང༌། ཞེས་བྱ་བ་ནི། གཞན་ལས་ཤེས་པ་མིན་པ་སྟེ། ལུང་མེད་པར་བདག་གིས་མངོན་སུམ་དུ་འགྱུར་ཞིང༌། བདག་ཉིད་ཀྱིས་རང་རིག་པར་བྱའོ་ཞེས་དབུ་མ་ཉིད་འདོད་པ་དང་འགལ་ལོ། །༽སུམ་གྱིས་གྲུབ་པ་ལ། དོན་དམ་བདེན་པ་ཞེས་བདག་ལྟ་བུའི་སྙད་འདོག་པ་པོས་དེ་སྐད་ཅེས་བྱའི། འོད་གསལ་རང་གིས་རང་ལ་ཇི་སྐད་དུ་བརྗོད་པར་མི་ནུས་སོ། །དེ་སྐད་དུ་ཡང༌། རྒྱུད་ཀྱི་སྙིང་པོ་ལས། ཀུན་རྫོབ་དང་ནི་དོན་དམ་ཞེས། །དབྱེ་བ་གང་ཡང་མི་དམིགས་ཤིང༌། །དེ་ཡང་མི་དམིགས་ངོ་བོ་ཉིད། །དེ་ནི་ངེས་པའི་དོན་བཤད་དོ། །ཞེས་གསུངས་པའོ། །འོན་ཀྱང་རྟོག་བཅས་ཀྱི་ཤེས་རབ་ཀྱིས་འདོགས་ན་དོན་དམ་ཞེས་བྱའི། ཀུན་རྫོབ་ཀྱི་རང་བཞིན་ཡིན་ན། འོག་ནས་སྟོན་པའི་ལུང་རིགས་ཀྱིས་གནོད་པ་འབྱུང་བས་སོ། །༼རབ་ཏུ་བྱེད་པ་བཅྭ་བརྒྱད་པ་ལས། དབུ་མ་པ་གཞན་གྱིས་བཏགས་པ་བཀག་པས། དེ་ཁོ་ན་རྟོགས་ན། དེ་ཁོ་ནའི་མཚན་ཉིད་བསྟན་དགོས་ལ། མི་སྟོན་ན་རང་གི་སྒྲུབ་ཕྱོགས་ངེས་པར་མི་འཇོག་པ། གཞན་འགོག་པ་ཙམ་ནི་ཅོ་འདྲི་བ་ཡིན་ཟེར་བ་ལ། གལ་ཏེ་དེ་ཁོ་ནའི་མཚན་ཉིད་བརྗོད་དུ་རུང་བ་གཅིག་ཡིན་བསྟན་ཡང་དགོས་ལ། བདེན་ན་དེ་ནི་བརྗོད་བྱ་མ་ཡིན་ནོ། །འོན་ཀྱང་ལས་དང་པོ་པ་དག་ལ། སོ་སོར་རྟོག་པའི་ཤེས་པ། རྟོག་བཅས་ཀྱིས་དེ་ལྟར་སྣང་བར་ངེས་པར་འདིར་བཤད་དེ། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་པས་མཉམ་ལངས་ཀྱི་སྟོང་ཉིད་ཀྱི་ཐ་སྙད་གཞན་ལ་སྒྲུབ་པ་དབུ་མ་པས་ཀྱང་ཁས་བླང་དགོས་སོ། །བརྟན་པ་ཐེར་ཟུག་པ་ནི། སྒྱུ་མ་ཙམ་དུ་ཡོད་པར་ཤེས་པར་བྱའོ། །ཞེས་པ་དང༌། ཡང་རིགས་ཀྱི་བུ། ཆོས་ཐམས་ཅད་ཀྱི་ནང་ནས་མྱ་ངན་ལས་འདས་པ་ལ་གཏོགས་པ་ཆོས་གཅིག་ཀྱང་རྟག་ཅེས་བྱ་བ་མེད་དེ། ཀུན་རྫོབ་ཏུ་འབྲས་བུ་ནི་རྟག་ཅེས་བྱ་སྟེ། ཞེས་པས་སོ། །༽ འོ་ན་སེམས་ཀུན་རྫོབ་པ་གང་ཞེ་ན། རྣམ་ཤེས་གསུམ་ལ་ཀུན་རྫོབ་ཅེས་གདགས་ཏེ། སྐད་ཅིག་མའི་བདག་ཉིད་གློ་བུར་བ་ཡིན་པས་སོ། །དེ་སྐད་དུ་ཡང༌། དགོངས་པ་བླ་ན་མེད་པ་ནས། ཕྱི་རོལ་མ་ཡིན་ནང་མ་ཡིན། །གཉིས་ཀའི་ནང་དུ་འགྱུར་བ་མིན། །རྟག་པ་མ་ཡིན་སྐད་ཅིག་མིན། །དེ་ནི་སོ་སོ་རང་རིག་ཡིན། །བྱང་ཆུབ་སེམས་ནི་རྡོ་རྗེ་འཛིན། །རྟོག་མེད་ནམ་མཁའ་དང་མཉམ་པ། །འདས་པ་དང་ནི་མ་འོངས་པ། །ད་ལྟར་བྱུང་བ་ཞེས་བྱ་བའི། །སངས་རྒྱས་སྐུ་ཡང་འབྱུང་འགྱུར་བ། །དོན་དམ་གཅིག་ནི་ཀུན་རྫོབ་ཡིན། །རིག་བྱེད་དུས་དཔག་མེད་པའི་བརྡ། །ཉི་ཟླ་རླུང་གི་གཟུགས་ཅན་ཏེ། །བཞི་བྱེད་གསུམ་པ་དག་ལས་འབྱུང༌། །ཞེས་གསུངས་པས་སོ། །དེ་ལྟར་སེམས་དང་སེམས་བྱུང་ཡུལ་དང་བཅས་པ་ཀུན་རྫོབ་ཡིན་ལ། དེ་མ་ཡིན་པའི་སེམས་ཀྱི་ངོ་བོ་ནི་དོན་དམ་པ་སྟེ། སེམས་ལ་བདེན་པ་གཉིས་རྣམས་པར་གནས་པ་ལུང་དང་འགལ་བའི་སྐྱོན་སྤངས་པས་སོ། །གལ་ཏེ། ཨཱརྱ་དེ་བས། ངེས་པར་ནི་སེམས་ནི་སྣང་བ་ཙམ་ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་[དོན་]དམ་པའི་བདེན་པ་འདྲ་བར་རེག་པར་དཀའ་འོ་ཞེས་པས། དེ་དོན་དམ་བདེན་པར་མི་འགྱུར་ཞེ་ན། ཁྱེད་འདོད་པ་རྣམ་གྲངས་མ་ཡིན་པའི་དོན་དམ་དུ་མི་འགྱུར་ན་ནི། འདོད་པ་ཁོ་ན་ཡིན་ལ། ངེས་དོན་གྱི་དོན་དམ་དུ་མི་འགྱུར་ན་ནི། ཁྱབ་པ་མི་འགྲུབ་པོ། །འོ་ན་འདྲ་བ་ཞེས་པའི་དོན་ཅི་ཞེ། དེ་ནི་ཕྱོགས་ཙམ་མཐུན་པའི་དཔེར་བྱས་ཀྱི. འོན་ཀྱང་སེམས་ཅན་དང་སངས་རྒྱས་པས་ཀྱང་ཁྱད་པར་ཆེ་སྟེ། འདི་ལྟར་དེ་ལས་ནི་འབྱུང་རུང་ཡིན་ལ། བེམས་པོའི་སྟོང་པ་ཉིད་ལས་བེམས་མིན་གྱི་སྟོང་པ་ཉིད་འབྱུང་མི་སྲིད་པས་སོ, །དེ་ལྟར་ཡང༌། རྒྱལ་བ་བྱམས་པས། འཇིག་རྟེན་འཇིག་རྟེན་འདས་པ་ན། །འདི་ལ་དཔེ་ནི་མི་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཞེས་པས་སོ། ། གལ་ཏེ་རྒྱལ་བའི་སྙིང་པོ་ལ་རྣམ་གྲངས་མ་ཡིན་པའི་བདེན་པས་ཁྱབ་བམ་མ་ཁྱབ། ཁྱབ་ན་དབུ་མ་དང་མཐུན་ལ། མ་ཁྱབ་ན་དེ་དངོས་པོའི་ཆོས་སུ་འགྱུར་ཞེ་ན། འོ་ན་ནམ་མཁའ་ལ་གྲུབ་པ་མེད་དེ། ཁྱབ་བམ་མ་ཁྱབ། ཁྱབ་ན་ནམ་མཁའ་ཀུན་རྫོབ་ཀྱི་ཆོས་སུ་འགྱུར་ལ། མ་ཁྱབ་ན་དངོས་པོར་འགྱུར་ཏེ་མཚུངས་སོ། །དེས་ན་ནམ་མཁའ་སྟོང་པ་ལ། སྟོང་པ་ཉིད་གཞན་གྱིས་ཁྱབ་པ་ཡང་མ་ཡིན་ལ། མ་ཁྱབ་པ་ཡང་མ་ཡིན་པས། རྒྱལ་བའི་ཡུམ་ལས། ནམ་མཁའ་ལ་ནི་སྐྱེ་བ་དང༌། འགག་པ་དང༌། གནས་པ་དང༌། གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་པ་བཞིན་དུ། ཐེག་པ་ཆེན་པོ་འདི་ཡང་དེ་དག་མི་དམིགས་པས། ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །ཐེག་པ་དེ་ཉིད་རྣམ་གྲངས་མ་ཡིན་པའི་བདེན་པ་ལ་གསུངས་པ་ཡིན་ཞེ་ན། དྲང་བའི་དོན་གྱི་གང་ཟག་འགའི་ཤེས་ངོས་དང་སྦྱར་ནས་དེ་ལ་ཡང་གསུངས་སུ་ཟད་ཀྱི། ངེས་པའི་དོན་གྱི་ཐེག་པ་གཅིག་པོ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ། འཕགས་པ་རྟོག་པ་ཆེན་པོ་ལ་སོགས་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་སྟོན་པའི་མདོ་ལས་གསུངས་ཏེ། ཆོས་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་རྟོགས་པར་འགྱུར་རོ། །ཆོས་ཉིད་མེད་པའི་ཆོས་ཅན་ཡང་མ་ཡིན་ཏེ། དེ་ལྟར་ན་འདོད་ཟློག་སུམ་ཅུ་རྩ་དྲུག་ནི་ཁམས་སུམ་ཅུ་རྩ་དྲུག་ཏུ་གནས་པར་གསུངས་ལ། དེའི་ཆོས་ཉིད་ནི་སེམས་འོད་གསལ་བ་སྟེ། དེས་དེ་ལ་ཁྱབ་པ་ནི། ནང་གི་ལེའུ་ལས། ཁམས་སུམ་ཅུ་རྩ་དྲུག་ནི་ཁྱབ་པར་བྱ་བ་ཡིན་ལ། ཁྱབ་པར་བྱེད་པ་པོ་སུམ་ཅུ་རྩ་བདུན་པར་གསུངས་པ་དང༌། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། སངས་རྒྱས་བྱོན་རུང་མ་བྱོན་རུང༌། སེམས་ཅན་ལ་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ནི། གྲོང་ཁྱེར་རྙིང་པའི་ལམ་ལྟ་བུར་ཞེས་གསུངས་སོ༎ འདི་ཉིད་ཁོ་ན་ཉིད་དང༌། དེ་བཞིན་ཉིད་དེ། རྒྱུད་ཀྱི་སྙིང་པོ་ལས།༼འཕགས་པ་ཐོགས་མེད་ཀྱིས་ཀྱང༌། དེ་ཁོ་ན་ཉིད་ནི་ཡེ་ཤེས་དམ་པའི་ཡུལ་མིན་པར་རྣམ་གཞག་བཅུས་གཏན་ལ་ཕབ།༽ དངོས་པོ་ཀུན་གྱི་དེ་ཉིད་ནི། །ཇི་བཞིན་གྲུབ་པའི་ངོ་བོ་ཉིད། རང་བཞིན་གྲུབ་པའི་ངོ་བོ་སྟེ། །རང་བཞིན་གྲུབ་པ་དེ་ཉིད་ནི། །སླར་ཡང་ལྡོག་པར་མི་འགྱུར་ཏེ། །དེ་ཉིད་ནམ་མཁའ་ཆེ་མཆོག་སྟེ། །ཆོས་ཀྱི་སྐུ་ནི་རྟེན་མེད་པ། །ཞེས་གསུངས་པས་སོ། །ཅི་ལྷ་སྦྱིན་ལྟ་བུའི་སེམས་ཀྱི་ངོ་བོས། ཆོས་ཐམས་ཅད་ཀྱི་ཆོས་ཉིད་བྱེད་དམ། རང་རང་གི་སེམས་ཀྱི་ངོ་བོས་བྱེད། སྔ་མ་ལྟར་ན་གཞན་གྱི་སེམས་ཀྱི་ངོ་བོ་ཆོས་ཉིད་མིན་པར་འགྱུར་ལ། ཕྱི་མ་ལྟར་ན་ཆོས་ཉིད། དུ་མར་འགྱུར་ཞེ་ན། འོ་ན་བུམ་པའི་ཆོས་ཉིད་དེས་ཀ་བ་ལ་སོགས་པའི་ཆོས་ཉིད་བྱེད་དམ་མི་བྱེད། བྱེད་ན་ཀ་བའི་ཆོས་ཉིད་དེ་ཆོས་ཉིད་མ་ཡིན་པར་འགྱུར་ལ། དེ་ལྟ་ན་བུམ་པའི་ཆོས་ཉིད་ཀྱིས་ཀྱང་ཆོས་ཉིད་རུང་བར་མི་འགྱུར་རོ། །བུམ་པའི་དེས་ནི་མི་བྱེད་ན་ཆོས་ཅན་དུ་མ་བཞིན། ཆོས་ཉིད་དུ་མའི་མཐའ་དང་མ་བྲལ་བར་འགྱུར་རོ། །དོན་དམ་པར་གྲུབ་མེད་དུ་ལྡོག་པ་གཅིག་པས་དུ་མར་སོང་བའི་སྐྱོན་མེད་ཅེ་ན། དེ་ཚོད་དུ་རྟོག་མེད་འོད་གསལ་དུ། སེམས་ཀྱི་ངོ་བོ་ཐམས་ཅད་དུ་ལྡོག་པ་གཅིག་པས། དུ་མའི་སྐྱོན་མེད་དེ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་པས། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་བཤད་པས་སོ། །འོ་ན་ཆོས་ཅན་དེ་རྟོག་བཅས་ཀྱི་སེམས་རྒྱུན་ལོག་པ་ན། ཆོས་ཉིད་ལྡོག་གམ་མི་ལྡོག ལྡོག་ན་ཡེ་ཤེས་རྒྱུན་ཆད་པར་འགྱུར། མི་ལྡོག་ན་དེའི་ཚེ་གང་གི་ཆོས་ཉིད་ཡིན་ཞེ་ན། དེའི་ཚེ་འཁྲུལ་སྣང་ཀུན་རྫོབ་པ་རྒྱུན་ཆད་པའི་དུས་སུ་ཆོས་ཉིད་ལྡོག་གམ་མི་ལྡོག ལྡོག་ན་ཆོས་ཉིད་རྒྱུན་ཆད་པས་མི་རྟག་པར་འགྱུར། མི་ལྡོག་ན་དེའི་ཚེ་གང་གི་ཆོས་ཉིད་ཡིན་ཏེ་མཚུངས་སོ། །དེ་བས་ན་བུམ་པ་ཉམས་ཀྱང༌། ནང་གི་ནམ་མཁའ་མི་ཉམས་པ་ལྟར། སངས་རྒྱས་པ་ན་འཁྲུལ་སྣང་རྒྱུ་དང་བཅས་པ་ལོག་ཀྱང༌། སེམས་ཉིད་འོད་གསལ་མི་ལྡོག་ལ། ཆོས་ཅན་མེད་པའི་ཆོས་ཉིད་ཀྱང་མི་འགལ་ཏེ། ཆོས་ཅན་ཁོ་ནའི་ངོས་ནས་ཆོས་ཉིད་ཀྱང་མི་འཇོམས་པས་སོ། །ཅི་ཞེ་ན། ཡུམ་ལས། ཆོས་ཉིད་མི་འགྱུར་བར་བསྟན་པའི་ལེའུ་ཞེས་པས། མི་འགྱུར་བའི་དོན་ཉིད་ཆོས་ཉིད་དོ། ། དེ་ལྟ་བས་ན་ཆོས་དང་ཆོས་ཅན་ཉིད་དེ་ཙམ་དུ་བས་སོ༎ གལ་ཏེ་མདོ་དུ་མ་ལས། སེམས་ནི་ཀུན་རྫོབ་པར་གསུངས་ཏེ། སྐད་ཅིག་མ་མི་རྟག་པར་རིག་ཅེ་ན། དེ་ནི་ཤེས་པ་ཚོགས་བརྒྱད་པོ་ལས་གསུངས་ཏེ། དེའི་རང་བཞིན་ཡིན་པས་སོ། །རྒྱལ་བའི་སྙིང་པོ་ལ་གསུངས་པ་མ་ཡིན་ཏེ། རྒྱས་པར་གཞན་དུ་བསྟན་པ་ལས་ཤེས་པར་བྱའོ། །གཞན་དུ་ན་འདི་ཀུན་རྫོབ་པ་ཡིན་ན་གནོད་པ་ཡོད་དེ། འདི་ལྟར་ཀུན་རྫོབ་མཚན་ཉིད་པའམ། བཏགས་པ་བ་ཡིན། སྔ་མ་ལྟར་ན། ཡང་དག་པའི་ཀུན་རྫོབ་བམ། ལོག་པའི་ཀུན་རྫོབ་ཡིན། དང་པོ་ནི་མི་རིགས་ཏེ། དེའི་མཚན་ཉིད་གསུམ་པོ་ཡོད་དུ་ཆུག་ཀྱང༌། རྒྱུ་རྐྱེན་གྱིས་བསྐྱེད་པ་དེ་འདི་ལ་མི་འཐད་དེ། འཐད་ན་འདུས་བྱས་སུ་འགྱུར་བ་ལས། དེའི་མཚན་ཉིད་གསུམ་དང་ལྡན་པས་ཕྱིན་ཅི་ལོག་བཞིའི་གཉེན་པོར་གསུངས་པ་དང་འགལ། རྒྱུ་མི་རྟག་པ་འདུས་བྱས་ལས་འབྲས་བུ་ཆོས་ཀྱི་སྐུ་རྟག་པ། གཙང་བ་དག་པའི་བདག་ཉིད་འབྱུང་པར་འགྱུར་ཏེ། དེ་འདོད་ན། སེམས་ཀྱི་རང་བཞིན་འདུས་མ་བྱས་པ་ལས། སངས་རྒྱས་འབྱུང་བར་གསུངས་པ་དང་འགལ་བ་དང༌། གཞན་ཡང་སྒྲིབ་པའི་དོན་གྱིས། ཀུན་རྫོབ་ཅེས་པའི་སྒྲའི་དོན་གྱིས་དེ་ལ་མ་ཁྱབ་པར་འགྱུར་ལ། ཁྱབ་ན་ཡང་སེམས་ཀྱི་ངོ་བོས་སྒྲིབ་ན་དེའི་ཚེ་མི་སྒྲིབ་པའི་དངོས་པོ་གང་ཡང་མེད་དོ། །ལོག་པའི་ཀུན་རྫོབ་ཏུ་འདོད་པ་ནི་མེད་ལ། ཡོད་ན་ཡང་སྤང་སླའོ། །བཏགས་པ་བ་ཡིན་ན་ཡང་རྒྱུ་མཚན་དང༌། དགོས་པ་ལས་འདྲ་བ་ཙམ་གྱི་སྒོ་ནས་རྒྱུ་མཚན་ཅུང་ཟད་རུང་ཡང༌། དེ་ཙམ་གྱིས་དེར་གཞག་པ་མི་འཐད། འཐད་ན་ཧ་ཅང་ཐལ་བ་དང༌། གང་ཟག་གི་ཤེས་ངོ་དང་སྦྱར་ནས་འདོགས་པ་ཡིན་ན་ཡང༌། བཏགས་པ་ནི་མིང་ཙམ་ཡིན་པས་ཇི་ལྟར་འདོགས་པ་ལ་ཡང་རག་གོ ། གཞན་ཡང་བཏགས་པ་བ་ཡིན་ན། དེ་དགོངས་པ་ཅན་དུ་གྲུབ་པོ། །གལ་ཏེ་སྣང་བ་ཇི་ལྟ་བ་ཀུན་རྫོབ་ཀྱི་མཚན་ཉིད་ཡིན་པས། དེ་ཡང་དེར་འགྱུར་ཞེ་ན། དེ་ལྟ་ན་ཁྱབ་ཆེས་པས་མ་ངེས་ལ། དེ་འདོད་ན་ཡང་སྐྱོན་འོག་ནས་སྟོན་ནོ། ། འོད་གསལ་ཡང་རང་སྣང་ཡིན་པས། ༼འོད་གསལ་ཡང་རང་སྣང་ཡིན།༽ དེ་བས་ན་སྣང་བ་ཙམ་ནི་ཀུན་རྫོབ་ཀྱི་མཚན་ཉིད་དུ་འདོད་ནའང་ཁྱབ་ཆེས་སོ། །དེ་ལྟར་སེམས་ཀྱི་ངོ་བོ་ཀུན་རྫོབ་པར་མ་གྲུབ་པ་དེའི་ཚེ་ཆོས་ཀྱི་སྐུ་ཡང་ཀུན་རྫོབ་པར་མི་རུང་སྟེ། མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཡང་གཞན་མ་ལགས་ལ། ཆོས་ཀྱི་སྐུ་ཡང་གཞན་མ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཆོས་ཀྱི་སྐུ་ལགས་སོ། །ཆོས་ཀྱི་སྐུ་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ལགས་སོ༎ ཞེས་གསུངས་སོ། །གལ་ཏེ་སེམས་ཀྱི་ངོ་བོ་ཉིད་ཀུན་རྫོབ་པ་ལས་ཆོས་ཀྱི་སྐུ་དོན་དམ་པ་འབྱུང་ན། རྒྱུ་འབྲས་མི་མཐུན་པར་འགྱུར་ཏེ། བཟློག་དཀའ་འོ། །གཞན་ཡང་པཉྩི་ཀ་ལས། འཇིག་རྟེན་ལས་འདས་པའི་མཚན་ཉིད་ཀྱི་དངོས་པོ་གྲུབ་པ་ནི་ལྟ་བ་སྟེ། རབ་ཏུ་མི་གནས་པའི་མཚན་ཉིད་བསྟན་པར་མཛད་པས་ལྟ་བ་ཞེས་བྱའོ། །ཞེས་པ་དང༌། དེ་ཉིད་ལས། མ་སྐྱེས་ཤིང་མ་འགགས་པ་ལས་ཐར་པར་འགྲོ་བ་ཡོད་དེ། སྐྱེ་བ་དང་འགག་པ་ལས་ཐར་པར་འགྲོ་བ་མེད་དོ། །ཞེས་བཤད་པ་དང༌། སེམས་ནི་སངས་རྒྱས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་ནས་མ་འཚོལ་ཅིག །ཅེས་པས། སེམས་ཀྱི་ངོ་བོ་ལས་ཐར་པ་འབྱུང་བར་བསྟན་ཏེ། དེ་ནི་དེའི་རང་བཞིན་ཡིན་པས་སོ། །དེ་བས་ན་ཀུན་རྫོབ་ལ་སྐྱེ་འགག་གིས་མ་ཁྱབ་པ་མེད་ལ། རྒྱལ་བའི་སྙིང་པོ་དང༌། ཆོས་ཀྱི་སྐུ་ལ་སྐྱེ་འགག་མེད་པས། འཕགས་པ་ཆོས་ཡང་དག་པར་བསྡུད་པ་ལས། མི་སྐྱེ་བ་ནི་དོན་དམ་པ་སྟེ། སྐྱེ་བ་ལ་སོགས་པ་ནི་ཡང་དག་པ་མི་ཡིན་པ་བརྫུན་པ་ལོག་པ་བསླུ་བའི་ཆོས་ཅན་ནོ། །དེ་བཞིན་གཤེགས་པ་ནི་མི་བརྫུན་པ་བདེན་པ་སྟེ། བདེན་པ་ཡང་དག་པ་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའོ། །ཞེས་གསུངས་སོ། །དེས་ནི་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ཀྱང་བརྫུན་པའི་དོན་གྱིས་ཀུན་རྫོབ་པ་ཡིན་ཞེས་བཞེད་པ་དག་ཀྱང་སྤང་ངོ༌། །འོ་ན་ཡུམ་ལས། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་གསུངས་པས་ཀུན་རྫོབ་པར་གྲུབ་ཅེ་ན། དེ་ལྟ་ཡང་དག་པར་རང་བཞིན་མེད་པ་ནི་དོན་དམ་པར་འདོད་ལ། དེའི་མཐུན་དཔེ་སྒྱུ་མ་བརྗོད་པས་དེ་ཡང་ཀུན་རྫོབ་པར་གྲུབ་ཅེས་བྱའོ། །དེ་ནི་ཡང་དག་པར་རང་བཞིན་མེད་པའི་ཆ་ནས་དཔེར་བྱས་ཞེ་ན། དེ་ཚོད་དུ་མྱ་ངན་ལས་འདས་པ་ཡང་གཟུང་འཛིན་ནམ། རྟོག་པ་མེད་པའི་དཔེར། ༼འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །འཁོར་བ་ལས་ལྟོས་ནས་གཞག་པ་ཀུན་རྫོབ་ཙམ་སྟེ།༽ སྒྱུ་མའི་སྐྱེས་བུ་གསུངས་ཏེ། སློན་དཔོན་ཟླ་བ་གྲགས་པས་བཤད་པ་༼རིག་པ་དྲུག་ཅུ་པའི་འགྲེལ་པར་༽ལས་ཤེས་པར་བྱའོ། །འོ་ན་སྣོད་བཅུད་དུ་སྣང་བ་འདི། རྣལ་འབྱོར་ཅན་གྱིས་ཇི་ལྟར་ལྟ་ཞེ་ན། འདི་[ནི་]ཡིད་འཁྲུལ་པའི་སྣང་བ་ཡིན་ལ། འོན་ཀྱང་འདི་ལ་དེ་ཡི་དགག་སྒྲུབ་མི་བྱ་སྟེ། རྒྱུད་ལས། སེམས་ཅན་སྣོད་ཀྱི་དབྱེ་བ་དང༌། །ཁམས་ཀྱི་དབྱེ་བས་ཕྱེ་བ་ཉིད། །གནས་པ་དེ་ནི་མི་དགག་སྟེ། །མཁས་པས་དེ་ནི་སྒྲུབ་མི་བྱ། །ཞེས་གསུངས་སོ། ། ཅིས་ཤེས་ན། སེམས་སུ་བསྡུས་པས་མི་འདུས་ལ། སྤངས་པས་མི་སྤོངས་བའི་ཕྱིར་རོ། །དེ་བས་ན་སྣང་ཚོད་འདི་ལ་དཔྱད་པར་མི་བྱ་སྟེ། སེམས་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་ན། དེ་བརྟགས་ཤིང་དཔྱད་ཀྱང་འཁྲུལ་འཛིན་གྱི་རྩ་བ་མི་ལྡོག་པས། སྣང་བ་འདི་གྱི་ནར་གཞག་སྟེ། སྣང་ཡང་མ་ཞེན་ན་མི་འཆིང་ལ། ཞེན་ན་དབུ་མ་ལ་ཞེན་ཀྱང་འཆིང་བས་སོ། །དེ་བས་ན་རང་སེམས་ལམ་དུ་སློང་ན། འཁྲུལ་པ་གློ་བུར་བ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་ན། འཁྲུལ་སྣང་རང་ལོག་ཏུ་འགྱུར་ཞིང༌། གཞན་སྣང་ལ་ཞིང་ཁམས་ཡོངས་སུ་དག་པར་འཆར་བར་གསུངས་སོ། ། གལ་ཏེ་དེ་ལྟ་བུའི་སེམས་ཀྱི་ངོ་བོ་ལམ་དུ་བྱེད་ན། བདེན་མཐོང་དུ་འགྱུར་ཞིང༌། དེ་འདོད་ན་ཡང་མཐོང་སྤང་འགག་པ་དང་ཡོན་ཏན་ཡོད་དགོས་ཞེ་ན། འོ་ན་ཕ་རོལ་དུ་ཕྱིན་པ་བཅུའི་ལུགས་ཀྱིས། ས་དང་པོའི་མཉམ་གཞག་ལ། སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་པར་ཡོད་དམ་མེད། ཡོད་ན་མཐོང་ལམ་ཐུག་མེད་དུ་འགྱུར་ལ། མེད་ན་སྒོམ་སྤང་འགག་ཅིང་རྒྱལ་བའི་ཡོན་ཏན་ཡོད་དགོས་སོ། །མཉམ་གཞག་རྟོགས་པ་ཁྱད་པར་མེད་ལ། དེ་ཡང༌། ངེས་འབྱེད་ཡན་ལག་མཐོང་བ་ཡི། །ལམ་དང་སྒོམ་པའི་ལམ་དང་ནི། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་བསྒོམ་པའི་ལམ། །ཞེས་བཤད་པས་སོ། །དེ་གོམས་པས་སྒོམ་སྤང་གི་དྲི་མ་རིམ་གྱིས་སྤོང་ཞིང༌། ཡོན་ཏན་ཡང་རིམ་གྱིས་འབྱུང་ཞེ་ན། དེ་ཚོད་དུ་སེམས་ཀྱི་ངོ་བོ་ལམ་དུ་བྱེད་པ་ལ་ཡང་ཡོད་དེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་གནས་ན། ཚེགས་ཆུང་ངུས་སྒྲིབ་པ་ཐམས་ཅད་སྤོང་བའི་ཏིང་ངེ་འཛིན་ཐོབ་ཅིང༌། ལོག་པར་ལྟ་བ་སྤངས་པ་དང༌། ཡང་དག་པའི་ལྟ་བ་རྟོགས་པ་ཁུང་དུ་ཆུད་པར་འགྱུར་རོ། །ཞེས་པ་ལ་སོགས་པ་གསུངས་སོ། ། དེ་བས་ན་བདེན་པ་མཐོང་བ་ཙམ་ལ་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པས་ཁྱབ་པའི་ངེས་པ་མེད་ལ། ཁྱབ་ངེས་ན་སངས་རྒྱས་ཀྱི་ཡོན་ཏན་མ་ཐོབ་ཀྱི་བར་དུ་བདེན་པ་ཅུང་ཟད་ཀྱང་མ་ཐོབ་པར་འགྱུར་ལ། དེ་ལྟ་ན་ཡང་དེ་ཚུན་ཆད་ཀྱི་མཚན་མའི་གཉེན་པོ་མེད་པར་འགྱུར་རོ། །གལ་ཏེ་སེམས་ཀྱི་ངོ་བོ་དུས་གསུམ་མི་འགྱུར་ན་རྟག་པར་འགྱུར་ལ། དེ་ལྟ་ན་མུ་སྟེགས་ཀྱི་བདག་ལྟ་དང་ཁྱད་ཅི་ཞེ་ན། འོ་ན་དོན་དམ་པར་གྲུབ་པ་མེད་དེ་ཡང་དུས་གསུམ་དུ་མི་འགྱུར་དགོས་ལ། འགྱུར་ན་དངོས་པོའི་ངོ་བོར་ལྡོག་པར་འགྱུར་བ་ལས། དེ་ལྟ་བུ་མི་རིགས་པས། དེ་ཡང་མུ་སྟེགས་པ་དང་ཁྱད་མེད་དུ་ཐལ་ལོ། །དེས་ན་༼འཁོར་འདས་གཉིས་ཀའི་གནས་སྐབས་སུ་ཁྱད་མེད་པས་༽རང་གི་རང་བཞིན་མི་འགྱུར་བ་ལ་རྟག་པ་ཞེས་(རྣམ་གྲངས་ཀྱིས་བཏགས་པར་)ཐ་སྙད་དུ་བཏགས་པ་ཙམ་མོ། ། གཞན་ཡང་ལུང་གིས་བསྒྲུབ་པ་ནི། འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོས་ཞུས་པ། བཅོམ་ལྡན་འདས་ཀྱིས་མདོ་གཞན་བརྗོད་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། རང་བཞིན་གྱིས་འོད་གསལ་བ། རྣམ་པར་དག་པ། ཐོག་མ་ནས་རྣམ་པར་དག་པ། མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་གོས་དྲི་མ་ཅན་གྱིས་དཀྲིས་པའི་རིན་པོ་ཆེ་ལྟར། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱིས་དཀྲིས་པ། དུས་གསུམ་གྱི་ཟིལ་གྱིས་ནོན་པ། ཡོངས་སུ་[རྟོགས་{བདོག་}པའི་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ། བརྟན་པ། ཐེར་ཟུག་པར་ནི་བརྗོད་ལ། འདི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་ན་མི་འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་དེ་དག་ཀྱང་རྟག་པ་དང༌། བྱེད་པ་དང༌། ཡོན་ཏན་མེད་པ་དང༌། ཁྱབ་པ། མི་འཇིགས་པའོ། །ཞེས་སྨྲ་བ་སྟོན་པར་བགྱིད་དོ། །བཀའ་བསྩལ་པ། དེ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ། སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། མྱ་ངན་ལས་འདས་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་རྒྱལ་བའི་སྙིང་པོ་བསྟན་པར་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་ཤིང་སྐྲག་པའི་གནས་སྤང་བའི་དོན་དུ། རྒྱལ་བའི་སྙིང་པོ་བསྟན་པས། རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ནོ་ཞེས་སོ། ། མདོའི་དགོངས་པ་དེ་ནི་བདག་མེད་ཀྱིས་འཇིགས་པའི་གང་ཟག་ལ། སྟོང་པ་ཉིད་སྤྲོས་བྲལ་ལ། དེ་སྐད་དུ་༼རྒྱལ་བའི་སྙིང་པོ་ཡིན་པར་༽དགོངས་བཤད་ཡིན་ཞེ་ན། མ་ཡིན་ཏེ། ༼དེས་ན་རྟག་ལྟ་དང་མཚུངས་པར་ཐལ་བའི་དཔེ་དང་གཏན་མ་གྲུབ་པོ། །འོ་ན་སྟོང་ཉིད་རྟག་ཅེས་བུ་བའི་དོན་ཏེ། ཇི་ཙམ་གྱིས་ན་རྟག་པའི་རྣམ་གྲངས་སུ་བྱ་ཞེ་ན། དེའི་དགོངས་པ་དང་པོར་དཔེ་དེ་ཉིད་མ་གྲུབ་པར་སྟོན་པ་ནི་༽འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། རྟག་པ་དང༌། བདག་དང༌། བདེ་བ་དང༌། དག་པ་དང་བཅས་པ་ལ་ཡང་དག་པའི་དོན་ཞེས་བགྱི་ན། མུ་སྟེགས་པ་རྣམས་ཀྱང༌། འདུ་བྱེད་རྟག་པའོ། །ཞེས་པ་ནས། བདག་ཡོད་པར་གྲུབ་པོ། །ཞེས་པའི་བར་དུ་སྨྲ་སྟེ། དེ་ལྟར་དེ་དག་ལ་ཡང༌། ཡང་དག་པའི་བདེན་པ་མཆིས་ཞེས་སྨྲའོ། །བཀའ་སྩལ་པ། དེ་དག་ནི་ཕྱིན་ཅི་ལོག་གིས་ཤིན་ཏུ་བསླད་ཀྱང༌། འདུ་བྱེད་ཐམས་ཅད་རྟག་ཅེས་སྨྲ་སྟེ། དེ་ནི་རྒྱུ་རྐྱེན་ལས་བྱུང་བ་མི་རྟག་པར་ཤེས་ཀྱི། ཇི་ཙམ་དུ་རྒྱུ་རྐྱེན་ལས་བྱུང་བ་ཐམས་ཅད་ནི་མི་རྟག་པར་ཤེས་པར་བྱའོ། །དེ་བས་ན་མུ་སྟེགས་ཅན་གྱི་ཆོས་ཐམས་ཅད་ནི་གཅིག་ཙམ་ཡང་རྐྱེན་ལས་མ་སྐྱེས་པ་མེད་དོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ནི་མ་སྐྱེས་པ། མི་འགོག་པ། འོང་བ་དང༌། སོང་བ་མ་ཡིན་པ། དུས་གསུམ་མ་ཡིན་པ། རྒྱུ་ལས་བྱས་པ་མ་ཡིན་པ། རྒྱུ་མེད་པ་ལས་བྱས་པ་མ་ཡིན་པ། དེ་བཞིན་དུ་སྦྱར་ཏེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དུ་གཏོགས་པ་མ་ཡིན་པས་རྟག་པ་ཞེས་བྱའོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ནི་དེ་བཞིན་གཤེགས་པའོ། །དེ་ནི་ཆོས་སོ། །ཆོས་ནི་རྟག་པའོ། །རིགས་ཀྱི་བུ་རྟག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་དགེ་འདུན་ནོ། །དགེ་འདུན་ནི་རྟག་པའོ། །མུ་སྟེགས་ཅན་དག་གིས་དེ་དག་མི་མཐོང་བས། དེ་དག་སྨྲ་བ་ཐམས་ཅད་ནི་བརྫུན་ཏེ། ཡང་དག་པའི་བདེན་པ་མེད་དོ། །ཞེས་གསུངས་པས་ཁྱད་པར་དུ་འཕགས་པར་ཤེས་པར་བྱའོ། ། འོ་ན་རྒྱལ་བའི་སྙིང་པོ་དེ་ནི་སོ་སོ་རང་གིས་རིག་པ་ཡིན་ལ། དེ་ཡང་དོན་དམ་པར་བདེན་པར་འདོད་ན། སེམས་ཙམ་པ་དང༌། ཁྱད་ཅིས་བྱེད་ཅེ་ན། འདི་འདུས་མ་བྱས་པ་དང༌། སྐད་ཅིག་མར་མི་གནས་པ་དང༌། གནས་འགྱུར་བའི་འགྱུར་བ་མེད་པ་དང༌། བག་ཆགས་ཀྱིས་གོས་པ་མེད་པ་དང༌། རྣམ་ཤེས་ཀྱི་བདག་ཉིད་མ་ཡིན་ལ། དེ་ཡང་ལོག་སྲེད་ཅན་ལ་ཡང་ཡོད་པར་འདོད་ཅིང༌། སེམས་ཙམ་པ་ནི། དེ་ལས་བཟློག་པར་འདོད་པས་སོ། །རྒྱུད་ཀྱི་སྙིང་པོ་ལས། རྣམ་བཅས་རྣམ་ཤེས་ལ་ཆགས་པས། །རྣམ་པ་ཡོངས་སུ་གཟུང་བའི་ཕྱིར། །དེ་རྣམས་བསྟན་པ་དེ་བཞིན་དུ། །ནམ་མཁའ་ཆེན་པོ་མཚོན་མི་ནུས། །རྣམ་ཤེས་རྣམ་ཤེས་ལ་ཆགས་པས། །རང་རིག་པ་ལ་བརྟེན་པའི་ཕྱིར། །ཕྱོགས་གཅིག་ཏུ་ནི་གནས་པ་ཡིན། །དེ་རྣམས་བསྟན་པ་དྲང་དོན་ཡིན། །སད་པ་དང་ནི་ཉལ་བ་དང༌། །དེ་བཞིན་འགྲོ་དང་གནས་པ དང༌། །སྤྱོད་པ་བཞིན་དུ་འདུག་པ་དང༌། །སྤྱོད་པ་ཀུན་ལ་སྤྱོད་ན་ཡང༌། །དངོས་པོའི་རང་བཞིན་རྟོགས་ཙམ་གྱིས། །ལྷན་སྐྱེས་ནམ་མཁའ་མཐོང་གྱུར་པ། །དེ་ནི་ངེས་པའི་དོན་བཤད་དེ། །ངོ་བོ་ཉིད་དུ་མཁའ་རང་བཞིན། །ཞེས་བསྟན་པས་ཁྱད་པར་དུ་བསྟན་ཏོ། ། ༼གཞན་ཡང༌། འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ཀུན་གཞིའི་རྣམ་པར་ཤེས་པ། རྒྱལ་བའི་སྙིང་པོ་ཞེས་གྲགས་པ། ཡིད་དང་ལྷན་ཅིག་པ་ནི་འཇུག་པའི་རྣམ་ཤེས་ཀྱི་བག་ཆགས་ཀྱི་སྐད་ཅིག་མ་ཡིན་ཏེ. ཟག་པ་མེད་པའི་བག་ཆགས་ཀྱིས་ནི་སྐད་ཅིག་མ་མ་ཡིན་ནོ། །བྱིས་པ་སོ་སོའི་སྐྱེ་བོ་སྐད་ཅིག་མར་སྨྲ་བ་ལ། ཆགས་པ་རྣམས་ཀྱིས་ནི་ཆོས་ཐམས་ཅད་སྐད་ཅིག་པ་དང༌། སྐད་ཅིག་པ་མ་ཡིན་པ་མི་རྟོགས་སོ། །དེ་མ་རྟོགས་པས་ཆད་པར་ལྟ་བས་འདུས་མ་བྱས་པའི་ཆོས་རྣམས་ཀྱང་འཇིག་པར་བྱེད་དེ། རྣམ་པར་ཤེས་པ་འདུས་པ་ལྔ་རྣམས་ནི། འཁོར་བ་པ་ཡང་མ་ཡིན། བདེ་སྡུག་མྱོང་བ་ཡང་མ་ཡིན། མྱ་ངན་ལས་འདས་པའི་རྒྱུ་ཡང་མ་ཡིན་ནོ། །རྒྱལ་བའི་སྙིང་པོ་དེ་ནི། བདེ་སྡུག་མྱོང་བའི་རྒྱུ་དང་བཅས་པ། བག་ཆགས་བཞི་དང་ལྡན་པར་འཇུག་ཅིང༌། ལྡོག་སྟེ། བྱིས་པ་སྐད་ཅིག་མར་ལྟ་བའི་རྟོག་པས་བསྒོས་པའི་བློ་ཅན་དག་གིས་མི་རྟོགས་སོ། །༽དེ་ལྟར་དབུ་མ་སེམས་ཙམ་མན་ཆད་ཀྱི་ལྟ་བ་ལས། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་ཐེག་པ་གཅིག་ཏུ་སྟོན་པའི་མདོ་སྡེ་དང༌། གསང་སྔགས་ཀྱི་ཚུལ་གྱིས་ལྟ་བ་བེམས་པོ་མ་ཡིན་པའི་སྟོང་པ་ཉིད་རབ་ཏུ་མི་གནས་པའི་དབུ་མ་ཆེན་པོ་ཁྱད་པར་དུ་བསྟན་པ་སྟེ། ཀྱེ་རྡོ་རྗེ་འབུམ་ཕྲག་ལྔ་པ་ལས། དབང་ཕྱུག་སོགས་ཀྱིས་བྱས་པ་ཡིས། །རིག་བྱེད་གྲུབ་མཐའི་སྦྱོར་བ་དང༌། །སངས་རྒྱས་པ་ཡི་རྒྱུད་སྔགས་ལས། །ཁྱད་ནི་སྟོང་པ་ཉིད་ལའོ། །ཞེས་པས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པ་དང༌། འབུམ་ཕྲག་ལྔ་པ་ལས། སངས་རྒྱས་པ་ཡི་བཞི་པ་སྟེ། །ཐུབ་པའི་གཞུང་ནི་ལྔ་པ་སྟེ༎ ཞེས་གསུངས་པ་དང༌། དཔལ་ཨནྡྲི་བྷཱུ་ཏིས་ཀྱང༌། དབུ་མའི་ལྟ་བས་ལྷན་ཅིག་སྐྱེས་པའི་དོན་མ་རྟོགས་པར་བསྟན་པ་ལ་སོགས་པ་ཐམས་ཅད་ལེགས་པར་གྲུབ་པོ། ། དེ་བས་ན་རྡོ་རྗེ་ཐེག་པའི་ལྟ་བ་ནི། བྱང་ཆུབ་སེམས་དཔས་གཏན་ལ་ཕབ་པ་བཞིན་དུ་ནན་ཏན་གྱིས་གཟུང་ནས། རིགས་པ་དང་ལུང་གིས་བསྒྲུབ་པ་རྒྱས་པར་བསྟན་ཏོ། །རྒྱལ་བའི་སྙིང་པོ་དེ་ཐོས་བསམ་གྱི་ཤེས་རབ་ཀྱིས་ཕིགས་པར་དཀའ་བའི་ཕྱིར་རྡོ་རྗེ་ལྟ་བུ་ཞེས་བཤད་པས། སྒོམ་བྱུང་གི་ཤེས་རབ་ཀྱིས་རྟོགས་པར་ཤུགས་ཀྱིས་གྲུབ་པོ། །དབུ་མའི་སྟོང་པ་ཉིད་དེ་ཡང་སྒོམ་པའི་ཤེས་རབ་ཀྱིས་རྟོགས་སོ། །ཞེ་ན། འོ་ན་དེ་སྣང་ནས་སམ། མི་སྣང་ནས་རྟོགས། དང་པོ་ལྟར་ན་དངོས་ཀྱི་ཡུལ་དུ་སྣང་ངམ། ཞེན་ཡུན་དུ་སྣང༌། སྔ་མ་ནི་མི་རིགས་ཏེ། རང་གི་མཚན་ཉིད་དུ་འགྱུར་ལ། དེ་ལྟ་ན་ཡང༌། སྐྱོན་ནི་གཉིས་ཏེ། མངོན་སུམ་དུ་གྲུབ་པས་རྟགས་ཀྱི་རྗེས་སུ་འབྲང་བ་དོན་མེད་པ་དང༌། དོན་དམ་བློའི་སྤྱོད་ཡུལ་དུ་མི་འགྱུར་བར་བཤད་པ་དང་འགལ་བའོ། །ཕྱི་མ་ལྟར་ན་སྤྱི་ལ་དམིགས་པ་མི་གསལ་བ་ཡིན་ལ། དེས་ན་སྟོང་པ་ཉིད་མ་རྟོགས་པ་ཡིན་ནོ། །འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བའོ། །ཞེས་གསུངས་པས་སོ། །མ་རྟོགས་པ་དེ་ཉིད་དོན་དམ་པའི་རྟོགས་པ་སྟེ། དེའི་ཡུལ་ཅན་ལམ་དུ་འགྱུར་[རོ་]ཞེ་ན། དེ་ནི་རྟོག་དཔྱོད་ཀྱི་ཤེས་རབ་ཀུན་རྫོབ་པ་ཡིན་པས། དེ་ཉིད་ལམ་དུ་བྱས་པར་འགྱུར་བ་དང༌། དེ་འདོད་ན་ཡང་དེས་མཚན་མ་ཟིལ་གྱིས་ནོན་པར་བཤད་པ་དང་འགལ་༼འཕགས་པ་ཟླ་བ་སྙིང་པོའི་ལེའུ་ལས། གཞན་ཡང་དོན་དམ་བློའི་སྤྱོད་ཡུལ་དུ་འགྱུར་ལ། དེ་འདོད་ན་ཡང༌། དོན་དམ་བློའི་སྤྱོད་ཡུལ་མིན་ཞེས་པ་དང་འགལ་༽ལོ། །འོ་ན་སློབ་དཔོན་ཀ་མ་ལ་ཤཱི་ལས། དབུ་མའི་དོན་བསྒོམ་པའི་རིམ་པ་གསུམ་མཛད་པའི་དོན་ཇི་ལྟ་བུ་ཞེ་ན། དེ་ནི་རིགས་པས་གཏན་ལ་ཕབ་པའི་དོན་སྟོན་པ་སྐད་དུ་བཤད་ཀྱང༌། དེ་བསྒོམ་པའི་ངོ་བོའམ་བསྒོམ་པའི་ཡུལ་དུ་འབྱུང་མི་སྲིད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དུ་ཡང་མི་འབྱུང་བར་བཤད་པའི་ཕྱིར་རོ། །དེ་ལྟར་ངེས་དོན་གྱི་དབུ་མ་བེམས་པོ་མ་ཡིན་པའི་སྟོང་པ་ཉིད་ཟབ་པ། རང་གི་མཚན་ཉིད་ཀྱི་ལྟ་བ་མངོན་སུམ་གྱི་ཚད་མས་ངེས་པ། བླ་མའི་རྐྱེན་གྱིས་སྒྲོ་འདོགས་ནང་ནས་ཆོད་པ། ལས་དང་པོ་པས་ཀྱང་ངོ་ཤེས་སུ་རུང་བ་ནི་རྡོ་རྗེ་ཐེག་པའི་ལྟ་བ་ཡིན་ལ། དྲང་བའི་དོན་གྱི་དབུ་མ་མི་ཟབ་པ་སྤྱིའི་མཚན་ཉིད་ཀྱི་ལྟ་བ། རྗེས་དཔག་ཚད་མས་ངེས་པ་ཙམ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྒྲོ་འདོགས་ཕྱི་ནས་གཅོད་པ། རྒྱལ་བའི་ཡེ་ཤེས་ཀྱི་ཡུལ་དུའང་མི་འགྱུར་བ་མཚན་ཉིད་ཐེག་པའི་ལྟ་བའོ། །དེ་གཉིས་ཀ་ཡང་མཐའ་བྲལ་དུ་བསྒྲུབ་པས། དབུ་མ་ཙམ་དུ་མཐུན་གྱི། ལམ་དུ་འགྱུར་བ་དང་མི་འགྱུར་བས། ངེས་དོན་དང་དྲང་དོན་ཞེས། བླ་མ་དམ་པའི་གསུང་གི་བདུད་རྩི་དྲི་མ་མེད་པ་ལས་ཐོས་སོ། །གཞན་དག་རང་རང་གི་ཚད་མ་གཉིས་པོས་ལྟ་བ་གྲུབ་ཅིང༌། དེ་ལས་ཀྱང་གཞན་གྱིས་མི་གནོད་པའི་སྒོ་ནས་དེར་ཤེས་པར་བྱའོ། །ཞེས་༼ངེས་དོན་རྟག་པ་བ་༽ཟེར་རོ། ། དེ་བས་ན་སློབ་དཔོན་ཟླ་བ་གྲགས་པས། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡིས། །ལྟ་ལས་ཅིས་ཀྱང་མ་ཡིན་ནོ། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོ་དང༌། །ལྟ་བས་གོ་འཕང་མཆོག་ཏུ་འགྲོ །ཞེས་བཤད་པའི་དོན་རྟོགས་པ་ལ་ནན་ཏན་གྱིས་འཇུག་དགོས་པ་ནི་ལམ་དབུ་མ་པ་ལའོ། །ལྟ་བ་གཏན་ལ་དབབ་པ་ཡིད་ཆེས་པར་དཀའ་བའི་གནས་རྡོ་རྗེའི་ཚིག་དང་པོ་བསྒྲུབ་པ་བསྟན་པའོ།། །།