ཇོ་ནང་རྒྱལ་བའི་རི་ཁྲོད་ཀྱི་གནས་བཤད།

ཇོ་ནང་རྒྱལ་བའི་རི་ཁྲོད་ཀྱི་གནས་བཤད།

ཏཱ་ར་ནཱ་ཐཱ།

༄༅། ཨོཾ་སྭ་སྟི། །རྡོ་རྗེ་འཆང་དབང་དཔལ་ལྡན་དུས་འཁོར་དང༌། །ཟླ་བཟང་འཇམ་དཔལ་གྲགས་པ་པད་དཀར་སོགས། །ཆོས་རྒྱལ་རིག་ལྡན་སྤྲུལ་པའི་སྐུ་རྣམས་དང༌། །དུས་འཁོར་ཞབས་དང་ཟླ་བ་མགོན་པོ་དང༌། །རིགས་ལྡན་རྣམ་འཕྲུལ་ཆོས་རྗེ་ཡབ་སྲས་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གུས་པའི་འདུད། །བདག་ཅག་འདིར་ཚོགས་སྐལ་ལྡན་གདུལ་བྱ་ལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩ་དུ་གསོལ། །འདིར་ཞིང་ཁམས་མཆོག་ཏུ་གྱུར་པ་མི་མཇེད་འཇིག་རྟེན་གྱི་ཁམས།  གླིང་ཁྱད་པར་ཅན་བདུན་པ་ལས་ཀྱི་ས། དུམ་བུ་བླ་ན་མེད་པ་འཛམ་གླིང་ལྷོའི་ཕྱོགས། རྒྱལ་ཁམས་ངོ་མཚར་ཅན་བུ་རྒྱལ་བོད་ཀྱི་ཡུལ། དུས་གསུམ་རྒྱལ་བ་ཀུན་གྱི་ཞིང་ཁམས། རྒྱལ་སྲས་བྱང་སེམས་ཀུན་གྱི་མཛད་པའི་སྤྱོད་ཡུལ། གསང་སྔགས་འཛིན་པ་ཀུན་གྱི་གནས་མཆོག་དམ་པ། གངས་ཅན་ལྗོངས་འདིའི་ལྟེ་བ་སའི་ཐིག་ལེ།

རི་བོ་སྟོང་ཕྲག་དུ་མའི་དབུས་ན་མངོན་པར་འཕགས་པ།  ས་འཛིན་དབང་པོ་ནགས་རྒྱལ་དཔལ་གྱི་རི།  རུ་ལག་གཡས་རུའི་སོ་མཚམས། ཕྱི་ལྟར་ན་སངས་རྒྱས་ཀུན་གྱི་ཟབ་མོའི་ཆོས་སྒྲ་སྒྲོགས་པའི་གནས་བྱ་རྒོད་ཕུང་པོའི་རི།  ནང་ལྟར་ན་འཕགས་པ་སྤྱན་རས་གཟིགས་ཀྱི་ཕོ་བྲང་དམ་པ་རི་བོ་པོ་ཊ་ལ།  གསང་བ་ལྟར་ན་རྡོ་རྗེ་ཐེག་པའི་ངེས་གསང་འབྱུང་ཞིང་དར་བའི་གནས་བྱང་ཕྱོགས་ཤམ་བྷ་ལ།  དེ་ཁོ་མ་ཉིད་ལྟར་ན་དཔལ་ལྡན་འབྲས་སྤུང་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དོན་དམ་ཡེ་ཤེས་སངས་རྒྱས་སེང་གེའི་ཁྲིར་བཞུགས་ཨེ་ཝཾ་ཟུང་འཇུག་གི་ངོ་བོ།  སྒྲུབ་གནས་བྱེ་བ་ཕྲག་བརྒྱའི་དབུས་ན། ལྷུན་པོ་ལྟར་མངོན་པར་མཐོ་བའི་ཞིང༌། གྲགས་པ་ཉི་ཟླ་ལྟར་གསལ་བ། རི་ཁྲོད་ཆེན་པོ་ཇོ་ནང་ཞེས་ཡོངས་སུ་གྲགས་པ་འདིའི་གནས་ཀྱི་ཆེ་བའི་དབང་དུ་བྱས་ན།  ས་གཞི་ལ་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་དང༌། སྐྱེས་བུ་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཆེ་བ་དང༌། སྒྲུབ་བརྒྱུད་ཆུ་བོའི་གཞུང་ལྟར་རྒྱུན་མཆད་ཅིང་དར་བའི་གཟི་བརྗིད་དཔལ་དང་ལྡན་པའོ།།

 

དང་པོ་ས་ལ་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་གྱི་ཆེ་བ།

དང་པོ་ས་ལ་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་ནི། གངས་ཅན་མནྡྷ་ར་དང་ལྷུན་པོ་སོགས། །ལྷ་དང་དྲང་སྲོང་རིག་འཛིན་བགྲང་ཡས་ཀྱིས། །ཉེ་བར་བསྟན་པའི་རི་ཡི་རྒྱལ་པོ་རྣམས། །ཕྱོགས་འདིར་གཅིག་ཏུ་འདུས་པ་ལྟ་བུར་ཡོད། །ཕུགས་བཞིའི་རི་རྣམས་རྩེ་མོ་ཤིན་ཏུ་མཐོ། །རྩ་བ་བརྟན་ཅིང་དབྱིབས་ལེགས་ལྷུན་སྡུག་ཆགས། །ངོས་རྣམས་སྨན་ལྗོངས་ཉམས་དགའ་ཡངས་པ་དང༌། །ཟླ་བ་ཆུ་ཤེལ་ཨིན་དྲ་ནཱི་ལ་སོགས། །ནོར་བུའི་ཕུང་པོ་བརྩེགས་འདྲའི་བྲག་རི་མཛེས། །རི་བོའི་སུལ་རྣམས་ནགས་ཚལ་སྣ་ཚོགས་དང༌། །ལྗོན་ཤིང་དུ་མས་རྣམ་པར་བརྒྱན་པ་ཡོད། །ཟླ་བ་དྲུག་ཏུ་མེ་ཏོག་སྣ་ཚོགས་བཀྲ། །བཞི་བརྒྱ་རྩ་བཞིའི་ནད་ཀུན་སེལ་བྱེད་པ། །སྨན་མཆོག་རྣམ་པ་སྣ་ཚོགས་དུ་མ་ཡི། ། དྲི་ཞིམ་ངད་ཀྱིས་ཕྱོགས་ཀུན་ཁྱབ་པ་དང༌། །རྣམ་པ་སྣ་ཚོགས་འབྲས་བུ་ཆགས་པ་ནི། །འཆི་མེད་དབང་པོ་མཆོད་སྦྱིན་བརྒྱ་པ་འམ། །མི་འམ་ཅི་ཡི་རྒྱལ་པོ་ལྗོན་པ་ནི། །འཁོར་བཅས་རོལ་ཞིང་རྩེ་བའི་སྐྱེད་ཚལ་འདྲ། །རི་བོའི་མགུལ་ནས་ཆར་སྤྲིན་གསར་པ་འཁྲིགས། །བདུད་རྩིའི་ཆར་ཟིམ་རྒྱུན་མི་འཆད་པར་འབབ། །མཐོང་བས་ཡིད་འཕྲོག་ཐོས་ན་ཉམས་དགའ་ཞིང༌། །བསྡད་པ་ཙམ་གྱིས་ཏིང་འཛིན་ངང་གིས་སྐྱེ།། ཀླུ་ཡི་རྒྱལ་པོ་རྒྱ་མཚོའི་རྩེ་ས་འདྲ། །འབབ་ཆུ་སྣ་ཚོགས་ལྷུང་ལྷུང་སྒྲ་འབྱིན་ཅིང༌། །རི་དྭགས་དུ་མ་བག་ཕབ་བདེ་བར་རྒྱུ། །འདབ་ཆགས་སྣ་ཚོགས་སྙན་པའི་ཅ་ཅོ་སྒྲོག །རྟ་བདུན་རྒྱལ་པོ་ལྷོ་ཡི་ཁྱིམ་གནས་པའི། །ཟླ་བ་དྲུག་ཏུ་རི་དང་རི་བོའི་སུལ། །རི་དྲུང་རི་ཡི་ཤོད་ཀྱི་ངོགས་རྣམས་སུ། །རྨད་བྱུང་ཡ་མཚན་ཁ་དོག་སྣ་ཚོགས་འཆར། །སྔོན་ནི་གསེར་དང་བྱི་རུའི་འཕྲེང་བ་སྤེལ། །དགུན་དུས་རི་དབང་རྒྱས་པའི་རྩེ་མོ་རྣམས། །བཅོ་ལྔའི་ཟླ་བ་ཉ་རྒྱས་ལྟ་བུར་འགྱུར། །ཡན་ལག་བརྒྱད་ལྡན་འབབ་ཆུ་དུ་མ་ཅན། །རི་མཐོ་ས་གཙང་རིག་པ་ཤིན་ཏུ་དངས། ། ལུ་ཧི་ཏ་ཞེས་ཆུ་ཀླུང་ཚངས་པའི་བུ། །འབབ་ཆུའི་རྒྱལ་པོ་བྱང་གི་ཕྱོགས་སུ་རྒྱུ། །རྒྱལ་བའི་ཞལ་མཐོང་གྲུབ་པའི་དམ་ལ་གནས། །་འདྲེན་པའི་བསྟན་པ་གཅེས་པར་སྐྱོང་བ་ཡི། །ལྷ་མོ་མཐུ་ལྡན་ནག་སྨན་རྒྱལ་མོ་ནི། །ལྷ་སྨན་འབུམ་གྱི་ཚོགས་དང་ལྷན་ཅིག་ཏུ། །དགའ་བས་རོལ་ཞིང་ལྷ་སྲིན་སྡེ་བརྒྱད་ལ། །དབང་བསྒྱུར་རྫུ་འཕྲུལ་ཆེན་པོས་སྐྱོང་བའི་གནས། །རི་རྒྱལ་འདི་ཡི་རི་འདབས་ཁོར་ཡུག་ན། །གྲུབ་པའི་གནས་དང་ལྷཁང་གཙུག་ལག་ཁང༌། །ཆོས་གྲྭ་བརྒྱ་ཕྲག་དུ་མས་བསྐོར་ཏེ་གནས། །དེ་ལས་ཁྱད་པར་གནས་མཆོག་དམ་པ་འདི། །ས་གཞི་ཨེ་ཡིག་ཆོས་ཀྱི་འབྱུང་གནས་འདྲ། །མཁའ་ལ་རང་བྱུང་འཁོར་ལོ་རྩིབས་བརྒྱད་དབྱིབས། །རི་རྣམས་པདྨ་འདབ་མརྒྱས་པ་འདྲ། །ནུབ་བྱང་དཔལ་གྱི་རི་བོ་སྡོ་འབོར་སྐྱོང༌། །མཐོ་ཞིང་བརྗིད་ཆགས་རི་རྒྱུད་དུ་མས་བསྐོར། །ཕྱི་རོལ་རྒྱལ་ཁམས་གཞན་ནས་བལྟས་པའི་ཚེ། །ས་ལས་རྡོ་རྗེ་རྩེ་ལྔ་ལྟ་བུར་འཕགས། །གནས་འདི་འི་ནང་གི་གང་ནས་བལྟས་གྱུར་ཀྱང༌། །འཁོར་ལོས་བསྒྱུར་རྒྱལ་གདན་ལ་བཞུགས་པ་འདྲ། །བྱང་ཤར་ཕྱོགས་ན་རྟ་མཆོག་རིན་ཆེན་དང༌། །དེ་འི་དྲུང་ན་དམག་དཔོན་རིན་པོ་ཆེ། །དཔའ་བོའི་ཚོགས་ཀྱིས་བསྐོར་བ་འདྲ་བ་ཡོད། །བྱང་གི་ཕྱོགས་ན་ཉེ་བར་བརྟེན་པ་ནི། །བྲག་རིའི་འཕྲེང་བ་འཁོར་ལོ་རིན་ཆེན་འདྲ། །དེ་འོག་ཡང་རྫོང་ཞེས་གྲགས་བྲག་རི་ནི། །བློན་པོ་རིན་ཆེན་གཙོ་ལ་གུས་པས་འདུད། །ནོར་བུ་རིན་ཆེན་འདྲ་བའི་བྲག་རི་ནི། །ནུབ་བྱང་ཕྱོགས་གནས་རི་དེའི་ངོས་ལ་ནི། །འདབ་ཆགས་དབང་པོ་དུམ་དགའ་བའི་རོལ། །གྲུབ་པའི་གནས་མཆོག་དུ་མས་བརྒྱན་པ་ཡོད། །ལྷོ་ཡི་ཕྱོགས་ན་ཡིད་འོང་རི་ཡི་དབྱིབས། །བཙུན་མོ་རིན་ཆེན་མངོན་དུ་ཕྱོགས་པ་འདྲ། །ནུབ་ཕྱོགས་ར་ནི་གླང་་ཆེན་ཉལ་བ་བཞིན། །མདུན་རི་ལྷུན་ཆགས་སྨན་ལྗོངས་རྒྱས་པ་ནི། །འབྲུ་ཡིཕུང་པོ་ལྟ་བུར་དབྱིབས་ལེགས་ཤིང༌། །གནོད་སྦྱིན་དབང་པོ་གཏེར་གྱི་བདག་པོའི་གཙོ། །འཕགས་པ་ཛམ་བྷ་ལཡི་དབྱིབས་སུ་ཡོད། །ཕུ་ནི་གཟེང་མཐོ་ལྕགས་རི་ལྟ་བུས་བསྐོར། །མདའ་ནི་མ་ཤོར་ཕྱག་རྒྱ་ལྟ་བུར་བསྣོལ། །ཤར་རིའི་ངོས་ལ་བཀྲ་ཤིས་དཔལ་བེ་དང༌། །གནས་ལུགས་མཚོན་པ་ཨ་ཡིག་གསལ་བར་དོད། །གཡོན་ཕྱོགས་དངུལ་གྱི་ཕྱེ་མས་གཡོགས་འདྲ་བའི། །རི་པོ་དར་ཡོལ་ལྟ་བུས་མཛེས་པར་བྱས། །དོན་དམ་ཨེ་ལ་ཝཾ་ཡིག་བཞུགས་པ་ལྟར། །གནས་ཀྱི་ལྟེ་བར་མཐོང་གྲོལ་ཆེན་པོ་ནི། །ཕྱོགས་བཅུ་དུས་གསུམ་བཞུགས་པའི་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་ཀུན་གྱི་ངོ་བོ་ཉིད། །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་ནི། །རྨང་ནི་ས་གཞི་ལྟ་བུར་རྒྱ་ཆེ་ཞིང༌། །རྩེ་མོ་སྐྱེ་མེད་གནས་ལ་རེག་པ་སྙམ། །དཀོད་ལེགས་རྣམ་པར་རྒྱལ་བའི་ཁང་བཟང་འདྲ། །སངས་རྒྱས་རྣམ་པར་སྣང་མཛད་བཞུགས་པའི་གནས། །གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ། །རབ་འབྱམས་རྒྱ་མཚོ་ཞེས་བྱའི་ཞིང་ཁམས་དང༌། །འོད་དཔག་མེད་ཀྱི་གནས་མཆོག་བདེ་བ་ཅན། །མི་འཁྲུགས་ཞིང་ཁམས་མངོན་དགའ་ལ་སོགས་དང༌། །འདོད་པའི་ཁམས་ཀྱི་མཆོག་རབ་དགའ་ལྡན་དང༌། །གཟུགས་ཁམས་རྩེ་མོ་དབང་ཕྱུག་ཆེན་པོའི་ཞིང༌། །མཁའ་ཁྱབ་འོག་མིན་སྟུག་པོ་བཀོད་པ་སོགས། །ཀུན་འདུས་བདག་ཉིད་མཆོད་རྟེན་དཔལ་ཡོན་ཅན། །སྐུ་གཟུགས་གཞལ་དུ་མེད་པས་གང་བ་བཞུགས། །མཐའ་སྐོར་ཁོ་ར་ཁོར་ཡུག་ཕྱོགས་ཀུན་ཏུ། ། གཙུག་ལག་ཁང་དང་སྒྲུབ་གནས་བགྲང་ཡས་ཡོད། །དབུས་ནི་ཧེ་རུ་ཀ་དཔལ་དུས་འཁོར་སོགས། །འཁོར་ལོའི་དབང་ཕྱུག་རྣམས་ཀྱི་དཀྱིལ་འཁོར་དང༌། །ཕྱི་རོལ་ཕྱོགས་མཚམས་དུར་ཁྲོད་ཆེན་པོ་བརྒྱད། །དྲོ་རྗེ་ཅན་གྱི་དཀྱིལ་འཁོར་ཟབ་མོ་དང༌། རྒྱ་ཆེའི་དཀྱིལ་འཁོར་ངོ་མཚར་རྨད་དུ་བྱུང༌། །

གནས་མཆོག་དམ་པ་འདིར་ནི་སུ་བསྡ་ཀྱང༌། །ཆགས་སྡང་ལ་སོགས་ཉོན་མོངས་ངང་གིས་སངས། ། དགེ་བའི་ཆོས་རྣམས་གོང་ནས་གོང་དུ་འཕེལ། །གཉིད་རྨུགས་སལ་ཞིང་རིགས་པ་དངས་པའི་གནས། །ཞེན་ཆགས་སེལ་ཞིང་ངེས་འབྱུང་འཕེལ་བའི་གནས། །གནོད་སེམས་འབྲི་ཞིང་སྙིང་རྗེ་རྒྱས་པའི་གནས། །རྣམ་གཡེངས་སྤངས་ཞིང་ཞི་གནས་བརྟན་པའི་གནས། །ལོག་རྟོག་མི་འབྱུང་ལྷག་མཐོང་ངང་གིས་སྐྱེས། །གནས་མཆོག་འདི་དང་མཚུངས་པ་གཞན་ཡོད་མིན། །ཕྱོགས་འཛིན་ཅན་གྱིས་བསྔགས་པ་བརྗོད་པ་དང༌། །ཐེ་རང་འགོང་པོས་གྲགས་པ་བསྒྲགས་པ་དང༌། །དབང་སྡུད་ནོར་སྒྲུབ་ལ་སོགས་རྟེན་འབྲེལ་ཀྱིས། །འདུ་འཚོགས་ཅན་དང་གྲགས་པ་ཆེ་བ་འགར། །རྨོངས་པའི་འགྲོ་རྣམས་ཆུ་ལྟར་རྒྱུག་པ་ལ། །ཞིང་མཆོག་དམ་པར་འཁྲུལ་དང་འདི་མི་མཚུངས། ། གཞན་དུ་ལོ་དང་ཟླ་བར་བསྒོམས་པ་བས། །གནས་མཆོག་འདིར་ནི་ཞག་དང་ཟ་མ་ཙམ། །བསྒོམས་པའི་ཕན་ཡོན་ལྷག་པར་ཆེ་བ་ཡིན། །གཞན་དུ་དགེ་སྦྱོར་འབད་དེ་བསྒོམས་པ་བས། །སྡིག་ལས་སྤངས་ཆོས་དང་བླ་མ་ལ། །མོས་གུས་བྱས་ནས་གནས་འདིར་ཉལ་བ་ཡང༌། །བླ་མེད་བྱང་ཆུབ་་མཆོག་ལ་ཉེ་བ་ཡིན། །ཉ་པ་གདོལ་པ་རི་དྭགས་རྔོན་པ་དང༌། །མཚམས་མེད་བྱེད་པ་ལ་སོགས་སྡིག་ཅན་ཡང༌། །གནས་འདི་བསྐོར་ཞིང་སྒྲུབ་ཆུ་འཐུང་པ་དང༌། །ཁྲུས་བྱས་ཕྱག་དང་སྐོར་བས་མཆོད་པ་ཕུལ། །དེ་ཡིས་སྡིག་པ་དག་ནས་ལྷ་ཡུལ་སྐྱེས། །སྐྱེ་བོ་གཞན་དག་སྨོས་ཀྱང་ཅི་ཞིག་དགོས། །གནས་མཆོག་འདི་ནི་མཐོང་བ་དོན་ལྡན་ཡིན། །དེ་ལྟར་ན་མཚན་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པའི་གནས་མཆོག་འདི་ནི། །རྒྱལ་བ་ཤཱཀྱ་སེང་གེ་ལ་སོགས་པ་སྔར་བྱོན་པའི་སངས་རྒྱས་ཐམས་ཅདཀྱིས་བྱིན་གྱིས་བརླབས། །འཕགས་པ་སྤྱན་རས་གཟིགས་ཀྱི་བཞུགས་གནས་སུ་སྩལ་བ་ལགས། །

གཉིས་པ་སྐྱེས་བུ་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཆེ་བ།

གཉིས་པ་སྐྱེས་བུ་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཆེ་བ་ནི། གནས་འདི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང༌། སྒོས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་མཆོག་ཏུ་གདོད་ནས་གྲུབ་པ་ཡིན་པ་ལས། བསྟན་པ་འདི་ལ་མིའི་སྐྱེ་བ་ཉེ་བར་གཟུང་བའི་ཚུལ་བསྟན་པའི་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཚུལ་ནི། སློབདཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་སྤྲུཔའི་སྐུ་དེ་ཉིད་ཀྱིས། བརྟན་མ་བཅུ་གཉིས་ཀྱི་གནས་རྣམས་སུ་བྱོན་ཞིང༌། ཁྱད་པར་ནགས་རྒྱལ་གྱི་རི་ལ་ལན་མང་དུ་ཕེབས་པ་དང༌། ཡང་དགོས་གནས་འདིར་ཞག་བདུན་བཞུགས་པར་གྲགས་ཤིང༌། ཕུག་ཆེན་གོང་མ་དང་ཕུག་པ་གོང་འོག་རྣམས་སུ་ཕྱགས་ཕེབས། དེ་རྗེས་སུ་རིག་པ་འཛིན་པའི་སལ་བཞུགས་པ། སྣུབས་ཆེན་ནམ་མཁའི་སྙིང་པོ་དང༌། དམ་འབྲེ་ཀླུའི་རྒྱལ་མཚན་དང༌། སྣ་ནམ་བ་ཚུལ་ཁྲིམས་འབྱུང་གནས་ལ་སོགས་པས་ཀྱང་སྒྲུབ་གནས་སུ་མཛད་ཅིང༌། བོད་དབུས་གཙང་གི་ཕྱོགས་འདིར་གསང་སྔགས་བརྒྱུད་ཀྱི་བསྟན་པ་དར་བར་མཛད་པ་ལ་ཐོག་མར་བཀའ་དྲིན་ཆེ་བ་སྒྲ་སྒྱུར་གྱི་རྒྱལ་པོ་འབྲོག་མི་ལོ་ཙཱ་པའི་སློབ་མ། མོ་གྲུབ་པ་ཐོབ་པ་བཞིའི་གཙོ་མོ། བཟང་སྒོམ་དཀོན་མཆོག་ཞེས་བྱ་བས། ཐོག་མར་ནགས་རྒྱལ་གྱི་ཤར་མགུལ་དུ་ཅུང་ཟད་བཞུགས༌། དེ་ནས་གནས་འདིར་བྱོན་ཏེ་ཡུན་རིང་བར་བཞུགས་ཤིང༌། མམཐར་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་ཡིན། བཞུགས་གནས་ད་ལྟ་ཡང་ཡོད་པ་འདི་ལགས། དེ་རྗེས་སུ་ལོ་བརྒྱད་ཅུ་སྐོར་སོང་བ་ནམ་ཅིག་སངས་རྒྱས་རི་མས་གནས་འདིར་ཕྱགས་ཕེབས། ཡུན་རིང་དུ་བཞུགས་ཤིང་བཀའ་གདམས་དང་རྫོག་ཆེན་གྱི་སྒྲུབ་གྲྭ་བསྐྱངས་བར་གདའ། བཞུགས་གནས་དང་ཆོས་གྲྭ་ད་ལྟ་ཡང་ཡོད་པ་འདི་ལགས། དེ་ཉིད་ཀྱི་སྒྲུབ་གྲྭ་མ་སྟོངས་པའི་རྒྱུན་ལ། མི་རིང་བར་དཔལ་ལྡན་གྲུབ་ཐོབ་འདར་ཕྱར་རིན་ཆེན་བཟང་པོ་ཕེབས་ཏེ། ཐོག་མར་ཚོགས་པ་མ་བསྐྱངས། སྒྲུབ་པ་ཁོ་ན་མཛད་ཅིང་བཟུགས། ཕུག་ཆེན་འོག་མར་བདག་མེད་ལྷ་མོ་བཅོ་ལྔ་དང་འཁོར་ལོ་བདེ་མཆོག་སོགས་ཞལ་གཟིགས། ཕུག་ཆེན་གོང་མར་སློབ་དཔོན་པདྨ་འབྱུང་གནས་དངོས་སུ་ཞལ་མཇལ་ཏེ། པདྨ་དབང་ཆེན་གྱི་ཆོས་སྐོར་མཐའ་ཡས་པའི་བདག་པོར་བསྐོས། ནུས་མཐུ་ཐོགས་པ་མེད་ཅིང་བྱིན་རླབས་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་གྲུབ་ཐོབ་རྩོད་མེད་དུ་གྱུར་པ་ཡིན་པར་གདའ། དེ་སྐབས་གསང་འདུས་རིམ་ལྔ་གཙོ་བོར་གྱུར་པའི་གསར་རྙིང་གཉིས་འདུས་ཀྱི་སྒྲུབ་གྲྭ་མཛད། གྲུབ་ཐོབ་ཉིད་ཀྱིས་མིའི་བླམ་གཞན་ལ་མགསན་ཡང༌། སེམས་འགྲེལ་སྐོར་གསུམ་ལ་གཟིགས་ཀྱིན་དོན་ཐུགས་ཉམས་སུ་བཞེས་པས། སྦྱོར་བ་ཡན་ལག་དྲུག་པའི་ཉམས་རྟོགས་མཐར་ཕྱིན་པ་མངའ་བར་འདུག དེ་རྗེས་མི་རིང་བར་སྔར་གྱི་སྒྲུབ་གྲའི་རྒྱུན་མ་སྟོངས་པ་ལ། རིགས་ལྡན་སྤྲུལ་པའི་སྐུ་མཁས་བཙུན་བཟང་པོའི་མཐར་ཐུག་རྟགས་མངོན་གྱུར་གྱི་གྲུབ་ཐོབ་ཆེན་པོ་ཞང་ཀུན་སྤངས་ཐུགས་རྗེས་བརྩོན་འགྲུས། མཚན་གྱི་ཁྱད་པར་གཞན་ཀུན་སྤངས་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བས་ཕེབས་པ་ཡིན་ཏེ། དེ་ཡང་ཆོས་རྗེ་ཀུན་སྤངས་ཆེན་པོ་དེ་ཉིད། སེ་མཁར་ཆུང་ན་བཞུགས་པའི་དུས། གྲུབ་ཐོབ་སེ་སྟོན་ཀུན་རིག་གི་སྐུའི་སྐྱེ་བ་ཡིན་པ་ཡང་ཐུགས་ཀྱིས་དྲན། གཞི་བདག་རྙིང་པ་རྣམས་ཀྱིས་ཀྱང་ངོ་ཤེས་རྒྱུད་ཀྱི་སྙིང་པོ་མཛད་པའི་ཐོག་མར་དགྱེས་པའི་གཟིགས་ལྟས་ཀྱང་བྱུང༌། བརྟན་མ་བཅུ་གཉིས་ཀྱི་གཙོ་མོ། ནགས་སྨན་རྒྱལ་མོས་ཇོ་ནང་དུ་སྤྱན་འདྲེན་པའི་ཞུ་བ་ཡང་ཡང་ཕུལ། དེ་ལ་ད་ལྟ་དུས་ལ་ཅུང་ཟད་མ་བབ་པས་དརེས་མི་འཚལ། ལོ་གསུམ་ནས་འོང་ཞེས་ཞལ་གྱིས་བཞེས། དེ་བར་དུ་ལྷ་ས་ཡེར་བ་སོགས་དབུས་ཕྱོགས་སུ་འགྲོ་དོན་ཆེར་མཛད། །སྔར་གྱི་ཕྱི་ནང་གི་རྟེན་འབྲེལ་འཛོམ་པ་ལས། ལོ་གསུམ་གྱི་མཚམས་དེ་ནས་སྤྱི་བྲག་ནགས་གསུམ་གྱི་མཁན་སློབ་དགེ་འདུན་ཐམས་ཅད་མགྲིན་གཅིག་པས་ནན་ཏན་དུ་གསོལ་བ་བཏབ་པ་ལ་བརྟེན་ནས། གནས་མཆོག་དམ་པར་འདིར་ཕྱགས་ཕེབས། །དེ་ཙམ་ན་གནས་འདིའི་རྒྱུན་བཞུགས་སྒྲུབ་པ་པོ་སུམ་ཅུ་ཙམ་ཡོད་པར་གྲགས། །ཐོགས་མ་ལོ་གཅིག་སེང་རྫོང་དུ་བཞུགས། དེ་ནས་འཁྱོགས་པའི་མཚན་གྱི་གདན་དྲངས། འཁྱོག་པོར་གཟིམས་ཁང་མཁའ་སྤྱོད་བདེ་ལྡན་དུ། ཐོག་མཐའ་བར་གསུམ་དུ་དགེ་བའི་མཚན་མ་བརྙེས་ནས་རྒྱུད་ཀྱི་སྙིང་པོ་རྩ་འགྲེལ་ཚར་བར་མཛད། རྣལ་འབྱོར་ཡན་ལག་དྲུག་པའི་སྙན་རྒྱུད་ཡི་གེར་བཀོད་པའི་ཐོག་མ་འཁྲིད་ཡིག་ཆེན་པོ་ཡང་མཛད། དེ་རྗེས་སྐུ་ཚེའི་སྨད་ལ་སྒྲུབ་གནས་སྐྱིད་ཕུག་བདེ་ལྡན་དུ་གདན་ཕབ་པར་གདའ། དེ་སྐབས་ཕྱོགས་བཅུ་ནས་འདུས་པའི་ཆོས་མཛད་སྒྲུབ་པ་ཕོ་མོ་ཚོགས་པ་ཉུང་དུས་ཀྱང་དྲུག་བརྒྱ་རེ་རྟག་ཏུ་འདུས་ཤིང༌། དེ་ནས་བརྩམས་ཏེ་ད་ལྟའི་བར་དུ་རྒྱུད་ཡམས་ཅད་ཀྱི་ངེས་གསང་ཟབ་ལམ་རྡོ་རྗེ་རྣལ་འབྱོར་ཡན་ལག་དྲུག་པ་གཙོ་བོར་གྱུར་པའི་སྒྲུབ་གྲྭ་རྒྱུན་མ་ཆད་ཅིང༌། དར་ཞིང་་རྒྱས་པར་གྱུར་པ་ལེགས་ཏེ། །ཆོས་རྗེ་ཀུན་སྤངས་ཆེན་པོས་གནས་འདིར་ལོ་ཉི་ཤུ་རྩ་གཅིག་ཙམ་བཞུགས། དེ་ནས་བྱང་སེམས་རྒྱབ་ཡེ་ཤེས་ཀྱིས་ལོ་བརྒྱད། མཁས་བཙུན་ཡོན་ཏན་རྒྱ་མཚོས་ལོ་བདུན་རྣམས་གདན་ས་མཛཔ་རྣམས་ལ་འང་སྒྲུབ་བརྒྱུད་ཇེ་འཕེལ་ཇེ་འཕེལ་དུ་གྱུར། དེ་རྗེས་རིགས་ལྡན་སྤྲུལ་སྐུ་ཆེན་པོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། མདོ་རྒྱུད་རྒྱ་མཚོའི་གླེགས་བམ་གཅིག་གྱུར། ངུར་སྨིག་འཛིན་པ་ཀུན་གྱི་ཁྱུ་མཆོག རྒྱ་ཆེན་བྱང་ཆུབ་སེམས་ཀྱི་མངའ་བདག མཐའ་བྲལ་ངེས་དོན་བསྟན་པའི་བདག་པོ། རྟགས་དང་ཡོན་ཏན་མཐའ་དག་མ་སྤས་མངོན་དུ་གྱུར་པའི། གྲུབ་ཐོབ་ཀྱི་འཁོར་ལོས་བསྒྱུར་པ་ཆེན་པོ། ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་མཚན་བརྗོད་པར་དཀའ་བ་ཤེར་རབ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱིས། ལོ་བཅོ་ལྔ་འམ་བཅུ་གསུམགྱི་བར་དུ་གདན་སར་བཞུགས་དུས། སྐབས་དེ་ཉིད་དང་མ་འོངས་པའི་སེམས་ཅན་མཐོང་ཐོས་དྲན་རེག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་གདབ་པའི་ཕྱིར་དུ། མཐོང་གྲོལ་གྱི་སྐུ་འབུམ་ཆེན་པོ་བཞེངས། བཤད་སྒྲུབ་མཐའ་དག་གི་སྒོ་ནས་མདོ་རྒྱུད་ཀྱི་བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་མཛད། དེ་རྗེས་ཐུགས་སྲས་དམ་པ་སྒྲ་སྒྱུར་ལོ་ཙ་བ་ཆེན་པོ་བློ་གྲོས་དཔལ་བཟང་པོ་རྒྱལ་ཚབ་དུ་མངའ་གསོལ་ནས་ལོ་ངོ་བཅོ་ལྔ་གདན་སར་བཞུགས་པ་དང༌། དེ་རྗེས་མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་ལོ་དྲུག་གདན་ས་མཛད། དེ་རྗེས་ལོ་གསུམ་ཙམ་ནས་མཁས་གྲུབ་དཀོན་མཆོག་རྒྱལ་མཚན་གདན་སར་མངའ་གསོལ་མཛད་དེ། དེ་རྣམས་ཀྱི་རིང་ལ་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཉིད་གནས་མཆོག་དམ་པ་འདི་ཉིད་དུ་བཤད་སྒྲུབ་ཀྱི་རྒྱལ་མཚན་འཛིན་པ་དང༌། ཕྱོགས་བཞིའི་རི་ཁྲོད་སྣ་ཚོགས་སུ་སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་བ་དང༌། ཆོས་སྡེ་དང་གྲྭ་བ་ཐ་དད་པ་རྣམས་སུ་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་བར་མཛད། དེ་ལྟར་ཀུན་མཁྱེན་ཆེན་པོ་འདིའི་སྐུ་ཐོག་ལ་ཚོགས་པ་ཉུང་དུས་སུ་ཡང་སྟོང་ཕྲག་གཉིས་རེ་འཚོགས། མང་བ་ལ་ཚོད་བཟུང་དུ་མེད། ནམ་ཞག་རྒྱུན་དུ་འདག་སྦྱར་མཚམས་བཅད་པ་རང་ཡང་སྟོང་ཕྲག་རེ་མི་འཆད་པ་འབྱུང༌། གནས་འདིར་འཚོགས་ཕྱིན་དགེ་སྦྱོར་གྱི་སྣེ་མི་ཟིན་པ་ཡེ་མི་ཡོང༌། སེམས་འབྲེལ་སྐོར་གསུམ་དང༌། བྱམས་ཆོས་སྡེ་ལྔ་དང༌། བསླབ་བསྡུས་སྤྱོད་འཇུག་སོགས་གཞུང་ལུགས་ཀྱི་འཆད་ཉན་དང༌། དབང་སྒྲུབ་མཆོད་ལག་ལེན་མན་ངག་སྒོ་ཐམས་ཅད་ནས་སྤེལ་བས། བཤད་ཉན་གྱི་ཟུར་ཆོས་པ་ཡང་ལྔ་བཅུ་ཙམ་རེ་རྟག་ཏུ་བཞུགས། མདོར་ན་ངེས་དོན་གྱི་བསྟན་པ་ནམ་ལངས་བ་དང་ཉི་མ་ཤར་བ་བཞིན་དུ་གྱུར་པས། སྔོན་ཆོས་རྗེ་ཀུན་སྤང་ཆེན་པོས་གནས་འདིར་ཕ་ལས་བུ་ལྷག བུ་ལས་ཚ་ལྷག ཚ་ལས་ཡང་ཚ་ལྷག་པ་འབྱུང་ཞེས་དང༌། ད་ལྟ་བཟང་ལྡན་བར་མར་ཆོས་འཆད། མ་འོངས་པ་ན་མཆོད་རྟེན་བཞེངས་ཅེས་ལུང་བསྟན་པ་ཐོག་ཏུ་བབ་པ་དེར་གདའ། དེ་ནས་སླར་ཡང་མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་ལོ་བཅོ་ལྔའི་བར་གདན་ས་མཛད་པ་དང༌། དེ་རྗེས་རི་མ་ཅན་དུ་ཀུན་མཁྱེན་བྱང་ཆུབ་སེང་གེ མཁས་མཆོག་ཉ་དབོན་ཆེན་པོ་ཀུན་དགའ་དཔལ། མཁན་ཆེན་རྒྱལ་བ་ཇོ་བཟང༌། རྒྱལ་སྲས་ཆོས་དཔལ་མགོན་པོ། འདྲེན་མཆོག་ཤེས་རབ་བཟང་པོ། འཇམ་དབྱངས་དཀོན་མཆོག་བཟང་པོ། མཁས་བཙུན་ཆོས་དཔལ་བཟང་པོ། འཇིམས་ཆེན་དཀོན་མཆོག་རྒྱལ་མཚན། འཇིམས་ཆེན་བསོད་ནམས་རྒྱལ་མཚན། རྒྱལ་བ་ནམ་མཁའ་ཆོས་སྐྱོང་སྟེ། དེ་ཡན་ཆད་མདོ་སྔགས་མཐའ་དག་དཔལ་ཇོ་ནང་བ་ཁོ་ནའི་དཀའ་སྲོལ་འདྲེས་མེད་ཁོ་ན་ཡིན་ཅིང༌། གདན་རབས་དེ་ཐམས་ཅད་རིགས་ལྡན་གྱི་སྤྲུལ་པའི་སྐུ་ཡིན་པར་གྲགས་སོ། །དེ་རྗེས་ཀྱང་གདན་རབས་སུ་བྱོན་པ་ཐམས་ཅད་མཁས་བཙུན་བཟང་པོ་ཤ་སྟག་བྱོན་པ་ལེགས་ཏེ། འདྲེན་མཆོག་ནམ་མཁའི་མཚན་ཅན་གྱིས་རྗེས་སུ། བྱང་སེམས་དཔལ་ལྡན་རིན་ཆེན། མཚུངས་མེད་ཆོས་སྐྱོང་རྒྱལ་མཚན། སྒོ་རུམ་ཀུན་དགའ་ལེགས་པ། བསྟན་འཛིན་ནམ་མཁའ་བཟང་པོ། མཁས་པ་རིན་ཆེན་བཀྲ་ཤིས། རྗེ་བཙུན་ཀུན་དགའ་གྲོལ་མཆོག བསྟན་འཛིན་ཀུན་དགའ་དཔལ་བཟང་རྣམས་བྱོན། དེ་རྗེས་ད་ལྟའི་བླ་མ་དམ་པའོ། །གཞན་ཡང་གནས་འདིར་རི་ཁྲོད་སོ་སོའི་སྒྲུབ་གནས་སྐྱོང་བའི་སྒྲུབ་པ་མོ་དང་སྒྲུབ་ཆེན་གྲུབ་བརྙེས་མང་པོ་དང༌། ཟུར་ཆོས་ཀྱི་སློབ་དཔོན་དང༌། རྡོར་འཛིན་མཛད་པ་སོགས་མཁས་གྲུབ་དུ་མ་ཞིག་བྱོན་པ་ལགས་ན་འང༌། མཐའ་ཡས་པར་བརྗོད་ཀྱི་ག་ལ་ལང༌། སྐབས་འདི་དག་ཏུ་སྤྲོ་ན། ཆོས་རྗེ་ཡབ་སྲས་ལ་སོགས་པ་བླ་མ་རྣམས་ཀྱི་ཆེ་བ་བརྗོད། རྣམ་ཐར་རྒྱས་བསྡུས་རྣམས་ནས་ཅི་རིག་པར་བླངས་འཚམ་པར་བཤད་དོ། །

གསུམ་པ་སྒྲུབ་བརྒྱུད་ཆུ་བོའི་གཞུང་ལྟར་རྒྱུན་མ་ཆད་པའི་ཆེ་བ།

གསུམ་པ། སྒྲུབ་བརྒྱུད་ཆུ་བོའི་གཞུང་ལྟར་རྒྱུན་མ་ཆད་ཅིང་དར་བའི་གཟི་བརྗིད་དཔལ་དང་ལྡན་པའི་ཡོན་ཏན་ནི། ཁ་བ་ཅན་འདི་ན་སྔོན་སྒྲུབ་གནས་བསམ་གྱིས་མི་ཁྱབ་པ་བྱོན་ཞིང༌། ད་ལྟར་ཡང་སྒྲུབ་གྲྭ་མང་དུ་ཡོད་མོད་ཀྱི། ། སྒྲུབ་གྲྭ་འདི་དང་པོར་ཚུགས་པ་དང་དུས་མཉམ་པའི་སྒྲུབ་གྲྭ་བཤད་གྲྭ་རྣམས་སྨོས་ཀྱང་ཅི་དགོས། འདི་དག་ལས་ཆེས་འཕྱི་བ་དུས་ཕྱིས་བཏབ་པ་རྣམས་ཀྱང༌། འགའ་ཞིག་ནི་རྩ་བ་ནས་སྟོངས། འགའ་ཞིག་ནི་གྲོང་ཡུལ་དང་སེར་ཁྱིམ་དུ་སོང༌། ཁ་ཅིག་སྔོན་གྱི་ཤུལ་དུ་ད་ལྟ་སྒྲུབ་གྲྭ་ཡོད་པ་འང་འདུག་མོད་ཀྱི། བར་སྐབས་སུ་སྟོངས་པའི་ཤུལ་ལ་གསར་འདེབས་བྱས་པ་དང༌། ཁ་ཅིག་སེར་ཁྱིམ་གྱི་ས་ནས་གཙང་མའི་གྲྭ་གསར་དུ་ཕྱེ་བ་དང༌། བར་སྐབས་སུ་སེར་ཁྱིམ་དུ་སོང་བ་རྣམས་ཕུད་ནས། དེའི་ཤུལ་དུ་གྲྭ་ཚང་ངམ་སྒྲུབ་གྲྭ་གསར་འཛུག་བྱས་པ་ཁོ་ན་ཡིན་གྱི། ལོ་སུམ་བརྒྱ་བཞི་བརྒྱ་ཙམ་དུ་གང་སྟོངས་དང་སེར་ཁྱིམ་ལ་སོགས་པས་བར་མ་ཆོད་པར། བླ་བརྒྱུད་ཆོས་བརྒྱུད་གཅིག་ཅིང༌། ཉམས་ལེན་གྱི་རྒྱུན་གཅིག་པའི་སྒྲུབ་བརྒྱུད་བར་མ་ཆད་པར་དར་བ་ནི། བོད་གངས་རིའི་ཁྲོད་ན་སྒྲུབ་གནས་དམ་པ་འདི་ཁོ་ན་ལས་གཞན་མེད། གནས་འདིར་ནི་མ་ཅིག་རི་མ་ནས་གཟུང་སྟེ། དེང་སང་གི་བར་དུ་སྒྲུབ་གྲྭ་རྒྱུན་མ་ཆད་པའི་དབང་དུ་བྱས་ནས། ལོ་ལྔ་བརྒྱ་ཙམ་སོང་ཞིང༌། ཆོས་རྗེ་ཀུན་སྤངས་ཆེན་པོ་ཕེབས་པ་ནས་ཆོས་བརྒྱུད་གཅིག་ཅིང༌། ཉམས་ལེན་གྱི་རྒྱུན་གཅིག་པའི་སྒྲུབ་བརྒྱུད་འདི་ཁོ་ན་ལ་འང༌། ད་ལྟ་ཡན་ཆད་དུ་ལོ་བཞི་བརྒྱ་ལྷག་ཙམ་སོང་ངོ༌། ། དེ་ལྟར་ན་གནས་གཅིག་ཏུ་ཚུགས་པའི་སྒྲུབ་བརྒྱུད་ལ་དཔལ་ཇོ་མོ་ནང་དང༌། གནས་གཅིག་ཏུ་ཚུགས་པའི་བཤད་གྲྭ་ལ་གསང་ནེའུ་ཐོག་བསྟན་པའི་རྒྱུན་གང་སྟོང་མེད་པར་གནས་ཡུན་རིང་བ་ཡིན། ཤེས་ལྡན་བློ་གཟུ་བོར་གནས་པ་རྣམས་ལ་གྲགས་ཤིང་ཕྱོགས་གཅིག་ནས་དོན་ལ་འང་གནས་པ་ཡིན་མོད་ཀྱི། འོན་ཀྱང་དཔལ་ལྡན་གསང་ཕུ་ན། ཕྱིས་འབྱུང་ལོ་ཉིས་བརྒྱ་ཚུན་ལ། ས་དགེ་སོ་སོའི་གྲུབ་མཐའ་འཛིན་པ་མ་གཏོགས། རྔོག་ལོ་ཡབ་སྲས་དང༌། ཕྱག་ཚང་ལ་སོགས་པ་གསང་ཕུ་བ་རང་ལུགས་ཀྱི་གརུབ་མཐའ་འཛིན་པ་མེད་ལ། གནས་མཆོག་འདི་ནི་ལྟ་གྲུབ་ཉམས་ལེན་གྱི་རྒྱུན་གཅིག་ཁོ་ནས་བྱིན་བརླབས་ཀྱི་རྒྱུན་ལ་བསྲེ་བསླད་མེད་པ་དང༌། གཞན་ཡང་ཚིག་བཤད་ཙམ་གྱི་རྒྱུན་མ་ཡིན་པར་སྒྲུབ་པ་ཉམས་ལེན་སྙིང་པོར་བྱེད་པའི་སྲོལ་ཀ་རྒྱུན་མ་ཆད་ཅིང༌། དུས་ཀྱི་ཐ་མ་འདི་ལྟ་བུར་ཡང་ལག་ལེན་དུ་ཐེབས་པའི་གྲ་ཡིན་པས་ན། །ཅིག་ཤོས་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་ཤིང༌། །ཆེས་ངོ་མཚར་རྨད་དུ་བྱུང་བ་ཡིན་ནོ། །སྒྲུབ་གནས་ཀྱི་རྒྱལ་བོ་དཔལ་ལྡན་ཇོ་མོ་ནང་འདིར་མཐོང་གྲོལ་ཆེན་མོ་གནས་ཀྱི་ལྟེ་བར་བྱས་པའི་མཐའ་སྐོར་གྱི་སྒྲུབ་གནས་བྱིན་རླབས་ཅན་རྣམས་ཅུང་ཟད་སྨོས་ན། རྒྱབ་རིའི་གཡོན་ཕྱོགས་ཉི་བསྟན་འདི་ལ། ཆོས་རྗེ་ཡབ་སྲས་བཞིས་བཞུགས་ཤིང་རྡོ་རྗེ་ཕག་མོའི་གནས་སྐྱིད་ཕུག་བདེ་ལྡན་འོད་གསལ་བྲ། དེའི་གཡས་ཕྱོགས་ན་རིན་པོ་ཆེ་ཤེས་རབ་འབུམ་པ་དང༌། མཁས་མཆོག་ཉ་དབོན་ཆེན་པོ་ཀུན་དགའ་དཔལ། རྒྱལ་སྲས་དངུལ་ཆུ་ཆོས་རྫོང་བའི་ཐུགས་སྲས་རྒྱ་མ་པ་ཡོན་ཏན་འོད་སོགས་སྐྱེས་བུ་དམ་པ་དུ་མས་བཞུགས་པའི་གནས་ཤུག་པ་གནམ་འཕྱད་བདེ་ཆེན་བྲག དེའི་སྟོད་ན་མཁས་གྲུབ་ཨོ་རྒྱན་དཀོན་མཆོག་གྲགས་པའི་བཞུགས་གནས་སྒྲུབ་ཁང་འདི་ལགས། སྤུང་བཀྲ་དབུ་རྒྱན་པ་ལས་ཅུང་ཟད་བགྲེས་པ་གཅིག་ཡིན། ཨོ་རྒྱན་དུ་ལོ་ལྔ་བཞུགས། གྲུབ་རྟགས་མངོན་གྱུར་བ་མངའ། ཆོས་རྗེ་ཀུན་སྤངས་ཆེན་པོའི་མཆེད་གྲོགས་གོངམ་ལགས་པར་གདའ། སྐྱིད་ཕུག་གི་གཡོན་ཕྱོགས་ཀྱི་བྲག་ན། མ་ཅིག་རི་མའི་ཆོས་གྲྭ་དང་བཞུགས་གནས། དེའི་གཡོན་ཕྱོགས་སུ་ཕུག་པ་ཆེན་པོ་གོང་འོག་གཉིས་ཡོད་པའི། གོང་མ་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཞུགས་གནས་དངོས་དེ་ཡིན་པར་གྲགས་ཤིང༌། ཕྱིས་གྲུབ་ཐོབ་འདར་ཕྱར་རིན་ཆེན་བཟང་པོས་ཡུན་རིང་དུ་བཞུགས། སློབ་དཔོན་པདྨ་འབྱུང་གནས་དང་མངོན་སུམ་དུ་མཇལ། རྟ་མགྲིན་ཡང་གསང་གི་ཆོས་སྐོར་མཐའ་དག་གི་བཀའ་བབས་བརྙེས་པ་དེར་གདའ། ཕུག་པ་འོག་མ་འདིར་གྲུབ་ཐོབའདར་ཕྱར་ཉིད་ཀྱིས་བདག་མེད་ལྷ་མོ་བཅོ་ལྔ་དང༌། འཁོར་ལོ་སྡོམ་པ་ལྷན་སྐྱེས་སོགས་ཀྱི་ཞལ་གཟིགས་ས་དེར་གདའ། ཕུག་པ་འདི་གཉིས་ཀར་དུ་གྲུབ་ཐོབ་དེས་ཡུན་རིང་དུ་བཞུགས་པའི་དེང་སང་འདར་ཕྱར་ཕུག་པ་གོང་འོག་ཏུ་གྲགས། སྐྱིད་ཕུག་གི་འོག་ན་ཨཱཿཁས་བཙུན་ཡོན་ཏན་རྒྱ་མཚོ་དང༌། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གཉིས་ཅར་གྱི་སློབ་མ་དགེ་སློང་བཀྲ་ཤིས་བཟང་པོ་ཞེས་བྱ་བ། མངོན་ཤེས་ཐོགས་མེད་དུ་མངའ། སྐུ་གཤེགས་དུས་བྱང་ཆུབ་ཀྱི་སེམས་སྤྱི་བོར་འཁྱིལ་བས་དབུ་གཙུག་ཏུ་གཙུག་ཏོར་གྱི་རྣམ་པ་ཤིན་ཏུ་རྒྱས་ཏེ་རྨོག་གི་ཁྱོན་ཙམ་བྱུང་བ། དེ་ལྟ་བུའི་བཞུགས་གནས་ཕུག་པ་དག༌། དེའི་འོག་ཕྱོགས་ན་ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ་ཉིད་འཛིན་པའི་ཉམས་རྟོགས་མཐར་ཕྱིན་པའི་ཚུལ་བསྟན་པ་རྡོ་རྗེ་གདན་ཞེས་བྱ་བའི་ཕུག་པ་དང༌། དྨ་གདན་ཞེས་བྱ་བའི་ཕུག་པ་གཉིས་ཡོད༌། དེའི་འོག་གཡོན་ངོས་བྲག་པདྨ་ཁ་འབུས་ལྟ་བུའི་རྩེ་ལ། ཆོས་རྗེ་ཀུན་སྤ་ངས་ཆེན་པོ་དང༌། བྱང་སེམས་རིན་པོ་ཆེ་ཅུང་ཟད་བཞུགས་ཤིང༌། མཁས་བཙུན་ཡོན་ཏན་རྒྱ་མཚོས་ཡུན་རིང་བཞུགས་པའི་གཟིམས་ཁང་བདེ་བ་ཅན་ཞེས་བྱ་བ་འདིར། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཀྱང་ཡུན་རིང་དུ་བཞུགས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས་དང་བཅས་པ་དང༌། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དྲེགས་པའི་ཚོགས་ཀྱིས་བསྐོར་བ་ཞལ་གཟིགས། བདེ་བ་ཅན་གྱི་སྨོན་ལམ་མཛད་པའི་ནུབ་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་བཀོད་པ་དངོས་སུ་གཟིགས་ཤིང༌། མཐོང་གྲོལ་གྱི་སྐུ་འབུམ་ཆེན་པོ་ལ་ལུས་ཀྱི་ལས་དང༌། རྒྱུ་ནོར་ལོངས་སྤྱོད་ཀྱི་འབྲེལ་བ་ཐོགས་ཚད་རང་གི་སྐལ་པ་དང་འཚམ་པར་སྐྱེ་བ་གཅིག་ནས་བརྩམས་ཏེ། སྐྱེ་བ་བདུན་ཚུན་ཆད་ལ་ཞིང་ཁམས་རྣམ་དག་བདེ་བ་ཅན་དུ་སྐྱེ་ལ། ཐེག་ཆེན་ཆོས་ཀྱི་དགའ་སྟོན་ལ་སྤྱོད་པར་འགྱུར་བའི་འཁྲུལ་མེད་ཀྱི་ལྟས་མངོན་སུམདུ་གཟིགས། །གནས་ཀྱི་མིང་བདེ་བ་ཅན་མཚན་དོན་དང་མཐུན་པ་ལགས། དེ་དག་གི་གཡོན་ངོས་ཕྱོགས་བློན་པོ་རིན་པོ་ཆེ་ཚོགས་པ་ལྟ་བུའི་བྲག་འདི་ལ། སྒྲུབ་གནས་དམ་པ་གསང་སྔགས་འཇིགས་མེད་སེང་གེ་རྫོང་ཞེས་བྱ་བ། ཆོས་རྗེ་ཀུན་སྤངས་ཀུན་ཏུ་བཟང་པོའི་རྣལ་འབྱོར་ཡན་ལག་དྲུག་པ་དང༌། དཔལ་དུས་ཀྱི་འཁོར་ལོས་བསྟན་པ་སྤེ་བའི་བར་དུ་དགེ་བའི་རྟག་དང་མཚན་མ་བྱུང་པའི་གནས་དེ་ལེགས། དེའི་འོག་ཏུ་རྟ་ར་གདོང་ཞེས་གྲགས་པ་འདི་ན། སྤུང་བཀྲ་ཨོ་རྒྱན་པའི་སློབ་མ་ཟླ་སེང་གིས་ཀྱང་ཅུང་ཟད་བཞུགས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སློབ་མ། གྲུབ་ཆེན་རྟ་ར་བ་ཞེས་བྱ་བ། ལྕེ་ཅུང་གི་བདུད་རྩི་ཁོ་ནས་ཚིམ་སྟེ། སྐུ་ཚེའི་སྨད་ལོ་ཉི་ཤུ་རྩ་ལྔའི་བར་དུ་མི་ཟས་བཟའ་བཏུང་གཞན་རྣམས་གསོལ་མི་དགོས་པ་ལྟ་ཅི་སྨོས། མཐའ་ན་ཆུ་སྙི་མ་བ་གང་ཙམ་ཡང་མ་གསོལ་བ། གང་ན་དང་ན་བཟའ་ལ་སོགས་པའི་སྤྲོས་པ་ཡེ་མི་དགོས་པ་དེས་བཞུགས་ཤིང༌། དེའི་སྟོད་བྲག་རི་ངོས་གཟར་པོའི་ཕུག་པ་ཆུང་ངུ་ཕལ་གྱིས་བགྲོད་དཀའ་བ་འདིར། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་སློབ་མ་གྲུབ་ཆེན་དབུས་པས་བཞུགས། གྲུབ་ཐོབ་དེ་ཡང་ཟླ་བ་ཕྱེད་ཙམ་མི་ཟས་ཡེ་གསོལ་མི་དགོས། ཐུགས་ཉམས་འུར་རེསཀྱི་སྐུ་འབུམ་ཆེན་མོའི་ཕྱི་ངོས་ནསབརྒྱུད་དེ་རྩེ་ལ་ཐལ་བྱུང་དུ་གཤེགས། ཆར་ཁེབས་ཀྱི་བྲེག་སྲོག་ལ་ཕྱག་ཡ་རེ་ཙམ་ཞབས་ཡ་རེ་ཙམ་བཞག་པའི་ངང་ནས་འཕགས་ཅིང་བསྐོར་བ་ལན་མང་དུ་མཛད། སླར་བུམ་ལྡེང་ཆེན་མོའི་སྟེང་དུ་འབེབས་ཀྱི་ཚུལ་དུ་རྡོ་རྗེ་སྐྱིལ་ཀྲུངས་ཕབས་པས་ཉམས་སད་འགྲོ་བ་ཞིག་ཡིན་པར་འདུག རྒྱབ་རིའི་གཡས་ཀྱི་ངོས་ལ་ཆོས་རྗེ་ཡབ་སྲས་ཐམས་ཅད་དག་བླ་མ་མཁའ་སྤྱོད་པ་ལ་སོགས་པ་མཁས་གྲུབ་དཔག་ཏུ་མེད་པའི་བཞུགས་གནས། མཁའ་སྤྱོད་ཟུང་འཇུག་རྡོ་རྗེའི་རྫོང་ཞེས་བྱ་བ། ད་ལྟ་འཁྱོག་པོའི་བྲག་ཅེས་ཟེར་བ་ཡང་དབེན་གནས་མཆོག་ངོ་མཚར་ཅན་འདི་བཞུགས། འདིར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནས་སྲོག་རྩོལ་གྱི་ཉམས་རྟོགས་རྒྱུད་ནས་བཤད་པ་བཞིན་མཐར་ཕྱིན་པའི་ཚུལ་བསྟན། དེའིགཡོན་དུ་བྲག་ཕུག་པདྨ་རཱ་ག་དང༌། གཡས་སུ་ཕག་མོའི་དུར་ཁྲོད་དོ། །གནས་མཆོག་དམ་པ་འདིར་ལྷོ་ནས་ཤར་གྱི་བར་མདུན་གྱི་རི་ལ། ཕུ་ན་རྫ་བྱེ་འུར་གྲགས་པ་འདི། ཆོས་རྗེ་ཀུན་སྤངས་ཆེན་པོ་དང༌། བྱང་སེམས་ཆེན་པོའི་སློབ་མ་མོ་གྲུབ་པ་ཐོབ་པ་ཞིང་བཙུན་མ་ཡོན་ཏན་མཚོས་བཞུགས་ཤིང༌། དེ་ནི་འཛིན་པའི་ཉམས་རྟོགས་མཐར་ཕྱིན། རྩིག་པ་ལ་ཐོགས་མེད་དུ་གཤེགས། མ་ཟོས་བཀྲེས་མེད་ཟོས་ཀྱང་འཇུ།། ཐུར་སེལ་མི་འཛག་བདེ་བ་རྒྱས།། ཞེས་སོགས་ཀྱི་ཡོན་ཏན་མངོན་གྱུར་དུ་མངའ། ཕུ་ཤར་ནུབ་ཀྱི་རི་རྩེ་ལ་ཕར་འཕུར་ཚུར་འཕུར་མཛད་པར་གྲགས་ཤིང༌། ལས་སྟོད་པ་དབང་རྒྱལ་གྱིས་ཀྱང་བསྟོད་བསྐུར་ཆེར་མཛད་པ་དེ་ཡིན། དེ་རྗེས་ཀུན་མཁྱེན་ཆེན་བོས་ཀྱང་ཅུང་ཟད་བཞུགས་ཤིང༌། ཞལ་སློབ་སྒྲུབ་པ་མོ་ཡེ་ཤེས་རྒྱན་ཞེས་བྱ་བ་མངོན་ཤེས་རྒྱ་ཆེ་ལ་བརྟན་པ་མངའ། ཕྱི་ནང་བར་གསུམ་འཕྲལ་ཡུན་ཐམས་ཅད་ཐོགས་མེད་དུ་མཁྱེན་པ་ཞིག་དང༌། སྒྲུབ་པ་མོ་ཞིང་བཙུན་མ་ཆོས་མཚོ་ཞེས་བྱ་བ། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་མངའ་བ་ནུས་མཐུ་ཆེན་པོས། དགེ་སློང་བཀྲ་ཤེས་བཟང་པོ་གཤེགས་ལ་ཁད་ཀྱི་དུས་སུ། དེའི་ཚེའི་ལྷག་མ་ལོ་བདུན་ཁྱེད་ལ་འབུལ། ཁྱེད་ཀྱི་ཚབ་དུ་ང་འགྲོ་གསུང་ནས་དེ་མ་ཐག་སྙུང་བ་མེད་པར་གཤེགས། དགེ་སློང་པ་འང་དེ་འཕྲལ་སྙུང་བག་དངས། ལོ་བདུན་བཞུགས་ཏེ། དེ་ལྟ་བུའི་གྲུབ་བརྙེས་ངོ་མཚར་ཅན་དེ་རྣམས་ཀྱིས་བཞུགས་པའི་གནས་ལེགས། འདིའི་གཡོན་ན་གཞོང་སྟོད་ཀྱི་དུར་ཁྲོད་དང༌། ཤརངོས་ཀྱི་ལུང་པ་ན། བྲོག་མིའི་སློབ་མ་མོ་གྲུབ་པ་ཐོབ་པ་པྲང་མོ་དཀོན་ནེའི་སྒྲུབ་གནས་རྣམས་བཞུགས་ཤིང༌། གཞན་ཡང་ཕྱིས་ཐེབས་པ་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སློབ་མ་སྒྲུབ་ཆེན་མ་འོད་གསལ་སྐྱིད་ཀྱི་སྒྲུབ་གནས་དང༌། སྒྲུབ་ཆེན་དབང་མོ་མཚོའི་སྒྲུབ་གནས། དེང་སང་རྫ་ཤར་ནུབ་ཏུ་གྲགས་པ་གཉིས། གཞན་ཡང་གླིང་བཞིར་གྲགས་པ། བདེ་ཆེན་བྱང་ཆུབ་གླིང༌། འོད་ཟེར་གླིང༌། ཁྲའུ་གླིང༌། བསམ་གཏན་གླིང་སྟེ། གླིང་བཞི་དང༌། དབུ་རྩེ་གཙུག་ལག་ཁང་དུ་མ་དང་བཅས་བཞུགས་པ་འདི་ལགས། དེ་དག་ནི་གམས་སྤྱིའི་བཤད་པ་མདོ་ཙམ་ལགས་ཏེ།

མཇུག་བྱང་།

ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཞིང་ཁམས་འདིར། །བརྩོན་འགྲུས་ལྡན་པས་རྩེ་གཅིག་འབད་གྱུར་ན། །མ་དག་རྣམ་སྨིན་ལུས་འདི་གནས་གྱུར་ནས། ། རྡོ་རྗེའི་སྐུ་མཆོག་ཚེ་འདི་ཉིད་ལ་འགྲུབ། །བརྩོན་པ་འབྲིང་པོའི་བར་དོར་སངས་རྒྱས་ཞིང༌། ། བརྩོན་འགྲུས་ཐ་མ་ཡིན་ཀྱང་ལམ་སྣ་ཟིན། །གནས་མཆོག་འདི་དང་ཆོས་བརྒྱུད་འདི་ཉིད་ལ། ། དམ་ཚིག་མ་ཉམས་སྡིག་ཆེན་མ་བསགས་ན། །འབད་རྩོས་མེད་ཀྱང་སྙོམས་ལས་དབང་གྱུར་ཀྱང༌། ། གནས་འདིར་བསྡད་པ་ཙམ་གྱིས་དགེ་སྦྱོར་སྐྱེ། ། ས་བཅུའི་བྱང་སེམས་རིགས་ལྡན་སྤྲུལ་པའི་སྐུ། ། དེ་དག་རྣམས་ཀྱི་བྱིན་རླབས་ངང་གིས་འཇུག །དད་པ་ཆེན་པོས་ཕྱག་མཆོད་བསྐོར་བ་དང༌། ། གསོལ་བ་བཏབ་ན་ཡིད་ཆེས་འཕྲལ་འཕྲལ་འབྱུང༌། །ལན་ཅིག་ནཇལ་བ་འང་བར་ཆད་ཀུན་ཞི་ཞིང༌། ། ལན་གསུམ་བསྐོར་བས་ངན་འགྲོའི་སྐྱེ་སྒོ་ཁེགས། །ལན་མང་མཇལ་ན་མཚམས་མེད་བྱས་པ་ཡང༌། ། རྣམ་པར་དག་ནས་བདེ་ཆེན་གནས་སུ་འགྲོ། །མཐོང་ཐོས་དྲན་རེག་ཐམས་ཅད་དོན་ལྡན་པའི། ། གནས་མཆོག་འདི་དང་མཚུངས་པ་འགའ་ཡང་མེད། །ཟུང་འཇུག་ཡེ་ཤེས་ཆེན་པོའི་ཕོ་བྲང་འདིར། ། དད་པ་བསྐྱེད་ཅིང་འབྲེལ་བ་འཇོག་པ་རྣམས། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །རྣམ་མཁྱེན་གོ་འཕངས་ཐོབ་པའི་དགེ་ལེགས་འཕེལ། །ཅེས་དགེ་སློང་ཀུན་དགའ་སྙིང་པོས་བྲིས། བཀྲ་ཤིས། དགེ་ལེགས་འཕེལ། སྲས་བཅས་རྒྱལ་བ་ཀུན་གྱིས་བྱིན་རླབས་པས། །དངོས་གྲུབ་ཐམས་ཅད་འབད་མེད་འབྱུང་བའི་གནས། །འདིར་ནི་མཁའ་མཉམ་སེམས་ཅན་དོན་ཕྱིར་དུ། །བདག་ཀྱང་སྒྲུབ་པའི་རྒྱལ་མཚན་འཛིན་པར་ཤོག །ཤུ་བྷཾ།