གཞན་སྟོང་དོགས་གཅོད་ངེས་དོན་གསལ་སྒྲོན།

གཞན་སྟོང་དབུ་མའི་དོགས་གཅོད་བསྡུས་པ་ངེས་དོན་གསལ་བའི་སྒྲོན་མེ།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

༄༅།། བླ་མ་དང་རྗེ་བཙུན་བྱམས་པ་མགོན་པོ་ལ་ཕྱག་འཚལ་ལོ།། དེ་ཡང་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་སྐྱེ་བོ་ཡོངས་ཀྱི་རྣམ་འདྲེན་གཅིག་པུར་གྱུར་བ།  མཁྱེན་བརྩེ་ནུས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་གང་གིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ལས་ཐ་མ་ལེགས་པར་རྣམ་པར་ཕྱེས་པའི་ཆོས་འཁོར་འདི་ནི་སྟོན་པ་ཉིད་ཀྱིས་ཀྱང་རྔ་བོ་ཆེའི་མདོ་སོགས་ལས་བསྔགས་པ་ཆེ་ཐང་དུ་བརྗོད།   མདོ་སྡེ་དྲང་ངེས་འབྱེད་པའི་དཔང་བོར་བཅོམ་ལྡན་འདས་རང་གིས་བསྐོས་པའི་འཕགས་པ་ཐོགས་མེད་ཞབས་ཀྱིས་ཀྱང་ངེས་པའི་དོན་དུ་བཞག་པའི་མདོ་སྡེ་ནི་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོ་དང༌།   རྔ་བོ་ཆེ་དང༌།   སོར་མོའི་ཕྲེང་བའི་མདོ་ལ་སོགས་པ་ཡིན་ལ།  དེ་རྣམས་ཀྱི་བརྗོད་བྱ་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་པའི་རང་བཞིན་རིག་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ལ་གངས་ཅན་གྱི་ལྗོངས་འདིར་དཔལ་ལྡན་ཇོ་ནང་བའི་མཁས་གྲུབ་གཉིས་ལྡན་གྱི་དམ་པ་རྣམས་ཀྱིས་གཞན་སྟོང་དབུ་མ་ཆེན་པོ་ཞེས་པའི་མཚན་གསོལ་ཞིང༌།   ལུང་དང་རིགས་པའི་ལམ་ནས་ཤིན་ཏུ་གསལ་བར་མཛད་དོ།།

དེ་ལ་ཁ་ཅིག་གིས་ནི་འདི་བོད་ཀྱིས་རང་བཟོ་ཡིན་པ་དང༌།  མུ་སྟེགས་པའི་ལུགས་ཡིན་སོགས་ཟེར་རོ།།  འོན་ཀྱང་གཟུ་བོར་གནས་པའི་བློས་རྣམ་པར་བརྟགས་ན་འདི་ལྟར་སྣང་སྟེ།   འདི་རང་བཟོ་ཡིན་ཞེས་པ་ནི་ཤིན་ཏུ་མི་འཐད་དེ།  དཔལ་ལྡན་ཇོ་ནང་པ་རྣམས་ཀྱིས་སྙིང་པོ་བསྟན་པའི་མདོ་རྣམས་དང༌།   རྒྱུད་བླ་རྩ་འགྲེལ།  ཆོས་དབྱིངས་བསྟོད་པ།   བླ་མེད་ཀྱི་རྒྱུད་སྡེ།  སེམས་འགྲེལ་སོགས་ནས་གསུངས་པ་རྣམས་ཇི་ལྟ་བ་བཞིན་དུ་བཀྲལ་འདུག་གི  དེ་རྣམས་ནས་གཏན་ནས་མ་བཤད་པའི་གཞན་སྟོང་ཞིག་གང་དུའང་བཤད་པ་མི་སྣང་བའི་ཕྱིར་རོ།།  གལ་ཏེ་མིང་གཞན་སྟོང་ཞེས་བཏགས་པ་ཙམ་གྱིས་རང་བཟོའི་གྲུབ་མཐའ་ཉིད་དུ་འགྱུར་འགྲོ་བར་སྨྲ་བ་ནི་ཧ་ཅང་ཐལ་ལོ།།  མུ་སྟེགས་པའི་ལུགས་སུ་སྨྲ་བ་ནི་དགོས་པའི་དབང་ངམ་གྱ་ཚོམ་དུ་སྨྲ་བ་སྟེ།  ཇོ་ནང་བའི་གཞན་སྟོང་དང་མུ་སྟེགས་པའི་བར་དུ་མ་ཟད་རང་སྡེ་རྣམ་རིག་པ་དག་དང་གཞན་སྟོང་དབུ་མའི་བར་གྱི་བར་ཐག་ཀྱང་གནམ་ས་ལས་རིང་བའི་ཕྱིར་རོ།།  དེས་ན་འདི་ལ་དོགས་པ་འགའ་ཞིག་སྤོངས་པ་ལ།   སྣང་ཕྱོགས་ཀྱི་དོགས་པ་སྤོངས་པ་དང༌།   སྟོང་ཕྱོགས་ཀྱི་དོགས་པ་སྤོངས་པ་དང༌།  བརྗོད་ཚུལ་མི་འཐད་པའི་དོགས་པ་སྤོངས་པའོ།།

 

དང་པོ་ནི།   སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཅན་ཡིན་ན།  ཁྱི་རྒན་རྒྱ་བོ་ཡང་མཚན་དང་དཔེ་བྱད་ལྡན་པའི་སངས་རྒྱས་ཡིན་པར་འགྱུར་བ་དང༌།  སངས་རྒྱས་དམྱལ་བར་འགྲོ་བར་ཐལ་བ་སོགས་ཀྱི་སྐྱོན་ཡོད་སྙམ་དུ་སེམས་ན།  གནས་ཚུལ་ལ་ཁྱི་རྒན་རྒྱ་བོར་མ་ཟད་ཐ་ན་གྲོག་སྤུར་ཡན་ཆད་སེམས་ཅན་ཐམས་ཅད་སངས་རྒྱས་མ་ཡིན་པ་གཅིག་ཀྱང་མེད་དེ།  སེམས་ཡོད་ན་སེམས་ཀྱི་རང་བཞིན་འོད་གསལ་བ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངོ་བོའང་འབྲལ་མེད་དུ་ཡོད་པས་ཁྱབ་པའི་ཕྱིར་རོ།།  དེས་ན་མཚན་དང་དཔེ་བྱད་ཡོད་པའང་ཤིན་ཏུ་འདོད་དོ།།  སྣང་ཚུལ་ལ་ནི་ཁྱི་རྒན་རྒྱ་བོར་མ་ཟད་འཁོར་ལོ་སྒྱུར་བའི་རྒྱལ་པོའང་སངས་རྒྱས་སུ་ཁས་མ་བླངས་བས་སངས་རྒྱས་ཀྱི་མཚན་དཔེ་ཡོད་པ་མ་ཡིན་ན་ཁྱི་རྒན་རྒྱ་བོ་ལ་ཡོད་དགོས་དོན་ག་ལ་ཡོད།   དེ་བཞིན་དུ་སྣང་ཚུལ་དུ་སེམས་ཅན་ཡིན་པ་དང་དེ་དམྱལ་བར་འགྲོ་བ་སོགས་ཡོད་ཀྱང༌།  དེའི་ཚེ་ན་སངས་རྒྱས་ཡིན་ཞེས་སུས་ཀྱང་ཁས་མ་བླངས།  གནས་ཚུལ་ལ་སངས་རྒྱས་ཡིན་པས་དེའི་དབང་དུ་བྱས་ཚེ་དམྱལ་བའང་སངས་རྒྱས་ཀྱི་ཞིང་ཁམས་ཡིན་པས་སངས་རྒྱས་དམྱལ་བར་ལྟུང་བའི་སྐྱོན་ག་ལ་ཡོད།   རང་ཅག་སོ་སྐྱེ་རྣམས་ཀྱི་མིག་ཤེས་སོགས་ཚད་མར་བྱས་ཏེ་སངས་རྒྱས་ཀྱི་བཀའ་སུན་འབྱིན་པར་བྱེད་ནུས་ན།  རང་ཅག་ལ་བདེན་གྲུབ་ཏུ་སྣང་བའི་རིགས་འཕགས་པ་རྣམས་ཀྱིས་བདེན་མེད་རྟོགས་པའི་ཤེས་རབ་ཀྱང་སུན་འབྱིན་ནུས་པར་འགྱུར་རོ།།  དེས་ན་དྲི་མ་མེད་པར་གྲགས་པས་ཞུས་པའི་མདོའི་གླེང་གཞི་ལས་གསུངས་པ་བཞིན་དུ་གནས་ཚུལ་ལ་དག་པ་ཡིན་ཡང་རང་ཅག་གིས་སྒྲིབ་པའི་དབང་གིས་མ་དག་པར་མཐོང་བར་ཤེས་པར་བྱ་སྟེ།   དེ་ཡང་མདོ་དེ་ཉིད་ལས།   རིགས་ཀྱི་བུ།  དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་འདོད་པས་རང་གི་སེམས་ཡོངས་སུ་སྦྱང་བ་ལ་ནན་ཏན་བྱའོ།།   དེ་ཅིའི་ཕྱིར་ཞེ་ན།  ཇི་ལྟ་བུར་བྱང་ཆུབ་སེམས་དཔའི་སེམས་ཡོངས་སུ་དག་པ་དེ་འདྲ་བར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་རོ།།  དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ།   གལ་ཏེ་ཇི་ལྟ་བུར་སེམས་ཡོངས་སུ་དག་པ་དེ་འདྲ་བར་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་ན།   བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན།   དེ་སེམས་ཡོངས་སུ་མ་དག་གམ། ཅི་ནས་སངས་རྒྱས་ཀྱི་ཞིང་འདི་ལྟ་བུར་ཡོངས་སུ་མ་དག་པར་སྣང་སྙམ་མོ།།   དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།  ཤཱ་རིའི་བུ།  འདི་ཇི་སྙམ་དུ་སེམས།  ཉི་མ་དང་ཟླ་བ་ཡོངས་སུ་མ་དག་གམ།  ཅི་ན་དམུས་ལོང་དག་གིས་མི་མཐོང༌།  གསོལ་བ།   བཅོམ་ལྡན་འདས།  དེ་ལྟར་མ་ལགས་སོ།།   དེ་ནི་དམུས་ལོང་གིས་ནོངས་ཀྱི་ཉི་མ་དང༌།  ཟླ་བས་ནི་མ་ནོངས་སོ།།   བཀའ་སྩལ་བ།  ཤཱ་རིའི་བུ།  དེ་བཞིན་དུ་སེམས་ཅན་ལ་ལས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་མི་མཐོང་བ་དེ་ནི་སེམས་ཅན་རྣམས་ཀྱི་མི་ཤེས་པས་ཉེས་ཀྱི་དེ་ལ་དེ་བཞིན་གཤེགས་པས་ཉེས་པ་ནི་མ་ཡིན་ནོ།།  ཤཱ་རིའི་བུ། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་མོད་ཀྱི་ཁྱོད་ཀྱིས་དེ་མི་མཐོང་ངོ༌།།   དེ་ནས་ཚངས་པ་རལ་པ་ཅན་གྱིས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།།   བཙུན་པ་ཤཱ་རིའི་བུ།   དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་གོ་ཞེས་མ་ཟེར་ཅིག  བཙུན་པ་ཤཱ་རིའི་བུ།   བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འདི་ལྟ་སྟེ།   དཔེར་ན།  བཙུན་པ་ཤཱ་རིའི་བུ།  གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གནས་ཀྱི་བཀོད་པ་བཞིན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་བཀོད་པའང་ཁོ་བོས་དེ་འདྲ་བ་མཐོང་ངོ༌།།   དེ་ནས་གནས་བརྟན་ཤཱ་རིའི་བུས་ཚངས་པ་རལ་པ་ཅན་ལ་འདི་སྐད་ཅེས་སྨྲས་སོ།།   ཚངས་པ།   ཁོ་བོས་ནི་ས་ཆེན་པོ་འདི་མཐོ་དམན་དང༌།   ཚེར་མ་དང༌།   གཡང་ས་དང༌།   རིའི་རྩེ་མོ་དང༌།   ངམ་གྲོག་དང༌།   འཇིམ་ངན་གྱིས་རབ་ཏུ་གང་བར་མཐོང་ངོ༌།།   ཚངས་པ་རལ་པ་ཅན་གྱིས་སྨྲས་པ།   འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་འདྲ་བར་ཡོངས་སུ་མ་དག་པར་མཐོང་བ་ནི།   བཙུན་པ་ཤཱ་རིའི་བུ།   སེམས་ལ་མཐོ་དམན་ཡོད་ཅིང་སངས་རྒྱས་ཀྱི་ཡེ་ཤེས་ལ་བསམ་པ་ཡོངས་སུ་མ་དག་པར་ངེས་སོ།།   གང་དག  བཙུན་པ་ཤཱ་རིའི་བུ།  སེམས་ཅན་ཐམས་ཅད་ལ་སེམས་མཉམ་ཞིང་སངས་རྒྱས་ཀྱི་ཡེ་ཤེས་ལ་བསམ་པ་ཡོངས་སུ་དག་པ་དེ་དག་གིས་ནི་སངས་རྒྱས་ཀྱི་ཞིང་འདི་ཡོངས་སུ་དག་པ་མཐོང་ངོ༌།།   དེ་ནས་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལ་ཞབས་ཀྱིས་མཐེ་བོས་བསྣུན་པ་དང༌།   སྣུན་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་དུ་མ་བརྩེགས་པ་དང༌།   རིན་པོ་ཆེ་བརྒྱ་སྟོང་དུ་མའི་ཚོགས་དག་རིན་པོ་ཆེ་བརྒྱ་སྟོང་དུ་མ་སོ་སོར་བཀོད་པར་གྱུར་བ་འདི་ལྟ་སྟེ།   དཔེར་ན།   དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པའི་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་ཆེན་མཐའ་ཡས་བཀོད་པ་བཞིན་དུ་འཇིག་རྟེན་གྱི་ཁམས་འདིའང་དེ་འདྲའོ།།   དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེའང་ངོ་མཚར་དུ་གྱུར་ཅིང་བདག་ཉིད་ཀྱང་རིན་པོ་ཆེའི་པདྨ་བཀོད་པའི་སྟན་ལ་འདུག་པ་སྙམ་བྱེད་དོ།།   དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ།  ཤཱ་རིའི་བུ།   ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་འདི་མཐོང་ངམ།   གསོལ་བ།   བཅོམ་ལྡན་འདས།  མཐོང་ལགས་སོ།།   སྔོན་མ་མཐོང་མ་ཐོས་པའི་བཀོད་པ་འདི་དག་དགའོ།།  བཀའ་སྩལ་བ།  ཤྭ་རིའི་བུ།   སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་མོད་ཀྱི་སེམས་ཅན་དམན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཞིང་དེ་ལྟ་བུར་ཉེས་པ་མང་པོའི་སྐྱོན་ཆགས་པར་སྟོན་ཏེ།   ཤཱ་རིའི་བུ།   འདི་ལྟ་སྟེ།   དཔེར་ན།  ལྷའི་བུ་རྣམས་རིན་པོ་ཆེའི་སྣོད་གཅིག་ཏུ་ཟས་ཟའང་བསོད་ནམས་ཇི་ལྟ་བུ་བསགས་པའི་བྱེ་བྲག་གིས་ལྷའི་ཟས་བདུད་རྩི་ཉེ་བར་གནས་པ་དེ་བཞིན་དུ།   ཤཱ་རིའི་བུ།   སེམས་ཅན་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྐྱེས་པ་དག་ཀྱང་སེམས་ཅན་ཇི་ལྟར་ཡོངས་སུ་དག་པ་བཞིན་དུ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་མཐོང་ངོ༌།།   ཞེས་གསུངས་སོ།།   དེ་ལྟ་ན་གནས་སྣང་མ་ཕྱེས་པའི་རྩོད་པ་འདི་དག་ནི་གནས་སྣང་ལེགས་པར་ཕྱེས་ཏེ་བཤད་ན་རང་ཞིག་ཏུ་འགྲོ་བ་ཤེས་སླ་བས་དོགས་པ་སྤང་མི་དཀའོ།།   དེས་མཚོན་ནས་དེ་རིགས་ཀྱི་རྩོད་པ་ཐམས་ཅད་ཀྱི་ལན་ཡང་ཤེས་པར་བྱའོ།།

གཉིས་པ་ནི།   ཡང་ཁ་ཅིག་གིས།   གཞན་སྟོང་སྨྲ་བ་རྣམས་ཀྱིས་བདེར་གཤེགས་སྙིང་པོ་བདེན་གྲུབ་ཏུ་ཁས་བླངས་བས་དངོས་སྨྲ་བ་ཡིན་སྙམ་པ་དང༌།   ཡང་ཁ་ཅིག་གིས།   བདག་ཁས་བླངས་པས་མུ་སྟེགས་པའི་ལུགས་ཡིན་སྙམ་དུ་སེམས་སོ།།   དེ་ལ་གཞན་སྟོང་དབུ་མ་ཆེན་པོའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཕྱི་རོལ་བ་ལ་གྲགས་པའི་བདག་དང་དངོས་སྨྲ་བའི་འདོད་པའི་བདེན་པར་གྲུབ་པའི་ཆོས་ནི་རྡུལ་ཕྲ་རབ་ཙམ་ཡང་ཁས་མ་བླངས་ལ།   ཆོས་དང་གང་ཟག་གི་བདག་མེད་གཉིས་ཀ་ཡོངས་སུ་རྫོགས་པ་ཁས་ལེན་པས་ཕྱི་རོལ་པ་དང་དངོས་སྨྲས་བའི་དྲི་ཙམ་ཡང་མི་བྲོ་བས་གཟུ་བོར་གནས་ལ་ལེགས་པར་བརྟགས་ཏེ་སྨྲ་བར་མཛད་དུ་གསོལ་ལོ།།   གལ་ཏེ་དེ་དག་གིས་བདེན་གྲུབ་ཁས་བླངས་ཏེ།   ཁོང་ཅག་གི་གཞུང་ན་བདེར་གཤེགས་སྙིང་པོ་བདེན་གྲུབ་ཡིན་པ་དང༌།   བདག་ཡོད་པར་དངོས་སུ་གསུངས་བའི་ཕྱིར་ཞེ་ན།   བདེན་གྲུབ་དང་བདག་གི་དོན་ཡོད་པའི་ཕྱིར་ཞེའམ་ཚིག་ཡོད་པའི་ཕྱིར་ཟེར།   དང་པོ་ལྟར་ན་མ་གྲུབ་སྟེ།  བདེན་གྲུབ་དང་བདག་ཅེས་པ་ཆོས་དང་གང་ཟག་གི་བདག་གཉིས་ལས་གཞན་པ་ཞིག་ནི་མི་སྲིད་ལ།   དེ་གཉིས་ཆར་ཡང་ཀུན་རྫོབ་ཀྱི་བདེན་པར་བཞག་སྟེ།  རང་གི་ངོ་བོ་ཕྲ་བ་ཙམ་ཡང་མ་གྲུབ་པར་རང་སྟོང་དུ་འདོད་པའི་ཕྱིར་རོ།།   དེས་ན་འཕགས་པ་ཀླུ་སྒྲུབ་ཀྱི་རིགས་ཚོགས་ཀྱི་རིགས་པའི་དགག་བྱ་ཡོངས་སུ་རྫོགས་པ་འདིར་མ་ཁེགས་པ་ཅུང་ཟད་ཀྱང་མེད་དེ།   བདག་གཉིས་ལས་ལྷག་པའི་རིགས་པའི་དགག་བྱ་ཞིག་སུའི་ལུགས་ལའང་ཡོད་མི་སྲིད་ལ།   དེ་གཉིས་ནི་འདིར་ཡང་ཕྲ་བ་ནས་བཀག་པའི་ཕྱིར་ཏེ།   དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་དབུ་མ་ངེས་དོན་རྒྱ་མཚོ་ལས།   ཆོས་ཉིད་ཟབ་མོ་ལ་ཤིན་ཏུ་མཉམ་པར་གཞག་པའི་སྐབས་སུ་ནི་ཡོད་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་དོར་ཞིང་སྨྲ་བསམ་བརྗོད་དུ་མེད་པ་ཡིན་ལ།   ཞེས་དང༌།  ལ་ཟློ་བ་མཉམ་གཞག་ཟབ་མོའི་སྐབས་སུ་ནི་རྟག་མི་རྟག་ལ་སོགས་པ་གང་དུའང་མ་སྤྲོས་པ་དགོས་ཏེ།  དབུ་མ་རྩ་ཤེར།   རྟག་དང་མི་རྟག་ལ་སོགས་བཞི།།   ཞི་བ་འདི་ལ་ག་ལ་ཡོད།།  མཐའ་དང་མཐའ་མེད་ལ་སོགས་བཞི།།  ཞི་བ་འདི་ལ་ག་ལ་ཡོད།།  ཅེས་པ་ལ་སོགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དགོས་ཚུལ་གསུངས་ཤིང༌།   ཞེས་དང༌།   གལ་ཏེ་བདེར་གཤེགས་སྙིང་པོ་དང་བདག་གི་དབྱིངས་རྣམ་གྲངས་ཡིན་ན་མུ་སྟེགས་བྱེད་ཀྱི་བདག་དང་ཁྱད་པར་མེད་པར་འགྱུར་ལ།   རྣམ་གྲངས་མ་ཡིན་ན་མིང་དེས་བསྟན་ཡང་མུ་སྟེགས་ཅན་བདག་ཏུ་མངོན་པར་ཞེན་པ་རྣམས་དྲངས་བར་མི་ནུས་སོ་ཞེ་ན།   སྐྱོན་མེད་དེ་རྣམ་གྲངས་ཡིན་ཡང་འདི་ནི་བདག་གཉིས་ཀྱིས་སྟོང་བའི་གཞི་དེ་བཞིན་ཉིད་ཀྱི་བདག་དང་དག་པའི་བདག་ལ་སོགས་པ་ཡིན་པའི་ཕྱིར་རོ།།   ཞེས་དང༌།   དཔལ་གསང་བ་འདུས་པ་ལས་ཀྱང༌།   སངས་རྒྱས་སྐལ་མཆོག་དག་པའི་བདག།  ཅེས་གསུངས་པ་སོགས་ཀྱི་ལུང་དྲངས་པའི་མཇུག་ཏུ།   དེ་དག་ལས་དོན་གཞན་དུ་གྱུར་བའི་བདག་ནི་ཐམས་ཅད་མཁྱེན་པས་མ་གསུངས་ཤིང༌།   ཁོ་བོ་ཅག་ཀྱང་མི་འདོད་ལ།   མིང་གཞན་ནི་ཤིན་ཏུ་མང་བར་གསུངས་བའི་ཕྱིར།   མིང་ཙམ་ལས་འཁྲུལ་བར་མི་བྱ་སྟེ།   དོན་ལ་རྟོན་པ་ཉིད་ལས་སོ།།   ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་ལྟར་ན་ནི་ཁྱབ་པ་མ་གྲུབ་སྟེ།   དེ་ལ་ཁྱབ་པ་ཡོད་ན་མདོ་རྒྱུད་ཀྱི་བཀའ་དང་བསྟན་བཅོས་ཤིན་ཏུ་མང་པོའང་དངོས་སྨྲ་བའམ་མུ་སྟེགས་པར་ཐལ་བ་བཟློག་ཏུ་མེད་པའི་ཕྱིར་རོ།།  འཕགས་པ་ཀླུ་སྒྲུབ་དང་མཉམ་མེད་ཇོ་བོ་རིན་པོ་ཆེའང་ཧྭ་ཤང་གི་གྲུབ་མཐའ་འཛིན་པར་འགྱུར་ཏེ།  ཀླུའི་སྐྱེ་མེད་རིན་པོ་ཆེའི་མཛོད་ལས།  ཅིར་ཡང་མི་རྟོག་སྟོང་པ་སྟེ།།   ཡིད་ལ་མི་བྱེད་སྐྱེ་འཆི་མེད།།  ཅེས་དང༌།   ཇོ་བོའི་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ཞེས་པ་ལས།   བར་དེར་ཤེས་པ་ཅི་ཡང་མ་ཡིན་ལ།   ཅིར་ཡང་མི་གནས་པ།   ཅིར་ཡང་མ་གྲུབ་པ།   ཅིའི་རྣམ་པར་ཡང་མ་སྐྱེས་པ།  སྤྲོས་པ་མ་ལུས་པ་ཉེ་བར་ཞི་བ་ཞེས་སོགས་དང༌།   དབུ་མའི་མན་ངག་བསྡུས་པ་ལས་ཀྱང༌།   སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག  ཅིར་ཡང་མི་འཛིན།  དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ།   ཞེས་སོགས་གསུངས་པའི་ཕྱིར་རོ།།  ཕྱི་རོལ་མུ་སྟེགས་པ་རྣམས་ཀྱང་ནང་པ་ཡིན་པར་འགྱུར་ཏེ། མཁན་ཆེན་ཞི་བ་འཚོའི་དབུ་མ་རྒྱན་དུ་ཕྱི་རོལ་པའི་གཞུང་དྲངས་པ་འདི་ལྟ་སྟེ། དེ་ཉིད་ལས། བདུད་རྩིའི་ཐིགས་པ་གསང་བ་ལས་བསྟན་པ།།  རྣམ་རིག་ཙམ་ནི་རྟག་ཏུ་རྣམ་པར་དག།  འདི་ལྟར་སངས་རྒྱས་རྟག་ཏུ་གྲོལ་པ་ཡིན།། བླང་དང་དོར་བ་མེད་ཅེས་རབ་བརྟགས་པ།། ཚངས་པ་མྱ་ངན་མེད་པར་རྟག་གནས་བྱོས།། ཤེའོ།། ཞག་ལྔ་པ་ནས་འབྱུང་བ། མིང་ཙམ་ལས་ནི་རབ་འདས་ཤིང༌།། དངོས་དང་དངོས་མེད་རྣམ་སྤངས་པ།། དབྱུང་དང་བསྡུ་ལས་ངེས་གྲོལ་བ།། དེ་ནི་ནོར་ལྷའི་བུ་ཞེས་བྱ།། དངོས་ལ་དངོས་ཉིད་ཡོད་མ་ཡིན།། དངོས་མེད་ལ་ཡང་དངོས་ཉིད་མིན།། དངོས་དང་དངོས་མེད་རྣམ་གྲོལ་བར།། གང་དེ་ཤེས་དེ་རིག་བྱེད་རིག། ཅེའོ།། ཡང་ཇི་སྐད་དུ། རིག་བྱེད་མཐའ་ལ་ངེས་རྣམས་ཀྱིས།། རྨི་ལམ་སྒྱུ་མ་ཅི་འདྲ་དང༌།། དྲི་ཟའི་གྲོང་ཁྱེར་ཅི་འདྲར་མཐོང༌།། དེ་ལྟར་འཇིག་རྟེན་འདི་དག་མཐོང༌།། འགོག་པ་མེད་ཅིང་སྐྱེ་བ་མེད།། བཅིངས་པ་མེད་ཅིང་སྒྲུབ་པ་མེད།། ཐར་འདོད་མེད་ཅིང་ཐར་བ་མེད།། འདི་ནི་དོན་དམ་ཉིད་ཡིན་ནོ།། ཆགས་དང་འཇིགས་དང་ཁྲོ་བྲལ་བ།། རིག་བྱེད་མཐར་ཕྱིན་ཐུབ་རྣམས་ཀྱིས།། སྤྲོས་པ་ཉེར་ཞི་གཉིས་མེད་པའི།། རྣམ་པར་མི་རྟོག་འདི་མཐོང་ངོ༌།། ཞེས་རྣམ་རིག་ཙམ་དང༌། དངོས་དང་དངོས་མེད་རྣམ་པར་སྤངས་པ་དང༌། སྐྱེ་འགག་དང་བཅིངས་གྲོལ་མེད་པ། སྤྲོས་པ་ཉེ་བར་ཞི་བ། འཇིག་རྟེན་འདི་དག་སྒྱུ་མ་དང་རྨི་ལམ་བཞིན་དུ་མཐོང་བར་སྨྲས་ཏེ། ཚིག་ཙམ་གྱི་དབང་དུ་ན་ནང་པ་ལའང་དེ་ལས་ལྷག་པ་སྨྲ་རྒྱུ་མེད་པའི་ཕྱིར་རོ།།

གསུམ་པ་ནི། གལ་ཏེ་བདེར་གཤེགས་སྙིང་པོའི་ངོ་བོ་སྟོང་ཉིད་ཡིན་པར་འདོད་ན། བདེན་གྲུབ་ཏུ་སྨྲ་མི་རིགས་ཏེ་འཁྲུལ་གཞི་ཡོད་པའི་ཕྱིར་རོ་ཞེ་ན། ལེགས་པར་མ་བརྟགས་པ་འགའ་ཞིག་ལ་འཁྲུལ་བ་སྐྱེད་པར་ཟད་མོད། བདེར་གཤེགས་སྙིང་པོ་བདེན་གྲུབ་ཏུ་གསུང་པ་པོ་ནི་བདེ་བར་གཤེགས་པ་ཉིད་ཡིན་ཏེ། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོ་ལས། དེ་ལྟར་སངས་རྒྱས་ཀྱི་རང་བཞིན་དེ་ནི་དངོས་པོ་རྣམ་པ་བདུན་དང་ལྡན་ཏེ། རྟག་པ་དང་བདག་དང་བདེ་བ་དང་ཡོངས་སུ་དག་པ་དང་ཡང་དག་པ་དང་བདེན་པ་དང་དགེ་བ་སྟེ་དེ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ།། ཞེས་དང༌། ཡང་དག་པར་ན་བདག་མེད་པ་མ་ཡིན་ཏེ། བདག་ཅེས་བྱ་བ་ནི་ཆོས་གང་བདེན་པ། ཡང་དག་པ། རྟག་པ། གནས་པ། བདག་པོར་གྱུར་པ། མི་འགྱུར་བ། མི་འཕོ་བ་དེ་ནི་བདག་ཅེས་བྱ་སྟེ། ཞེས་དང༌། རིགས་ཀྱི་བུ། བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ནོ།། ཞེས་བདེར་གཤེགས་སྙིང་པོ་དེ་བདག་ཡིན་པ་དང་དེ་ཡང་བདེན་པར་གྲུབ་པ་ཡིན་པར་ཡང་ཡང་གསུངས་པའི་ཕྱིར་རོ།། དེ་ལྟར་རིག་ཁམས་བདེ་བར་གཤེགས་པའི་སྙིང་པོ་རང་གི་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་ན་ཡང་འོད་གསལ་འདུས་མ་བྱས་པའིརང་གདངས་མ་འགགས་པའི་སྣང་ཆ་ཙམ་ལ་བདག་དང་བདེན་གྲུབ་ཅེས་པའི་མིང་བཏགས་ཏེ། སྟོན་པ་བཅོམ་ལྡན་འདས་ཉིད་ཀྱི་ཞལ་སྔ་ནས་ཇི་ལྟར་བཀའ་རྩལ་བ་དེ་ཁོ་ན་རྩལ་ཏུ་བཏོན་ནས་བཤད་པ་ཡིན་པས་འདི་ལ་བརྗོད་ཚུལ་མི་ལེགས་པའི་སྐྱོན་ཅི་ཡང་མེད་དོ།། དེར་མ་ཟད་བཤད་ཚུལ་འདི་ནི་ངེས་པར་དུ་དགོས་པ་ཞིག་སྟེ། གངས་ཅན་གྱི་ལྗོངས་འདིར་འཁོར་ལོ་བར་བ་ཤེར་ཕྱིན་གྱི་དགོངས་པ་རྩལ་ཏུ་བཏོན་ནས་འཆད་པ་མང་ཡང་འཁོར་ལོ་ཐ་མའི་དགོངས་པ་ནི་གྲུབ་མཐའ་སོ་སོའི་ལུགས་ལ་རྒྱུད་བླ་མའི་འགྲེལ་བ་རེ་ཙམ་ལས་ཆེར་མ་དམིགས་པས། ངེས་དོན་སྙིང་པོ་བསྟན་པའི་མདོ་རྣམས་ཀྱི་དགོངས་པ་ཇི་བཞིན་པ་རྩལ་དུ་བཏོན་ནས་རྒྱ་ཆེར་བཤད་པ་ནི་དཔལ་ལྡན་ཇོ་ནང་པ་ཁོ་ནར་སྣང་བས་ལུགས་འདི་ནི་ཁ་བ་རི་པའི་ཐུབ་བསྟན་གསེར་གྱི་ལྷུན་པོ་མཛེས་པར་བྱེད་པའི་ཕྲ་ཚོམ་དུ་ཤེས་པར་བྱའོ།། དེས་ན་ཇོ་ནང་པ་རྣམས་ཀྱིས་བསྡུས་ཚན་གྱི་རིགས་པ་ཙམ་ལ་གཡེངས་ནས་མི་འདུག་པར་ངེས་དོན་སྙིང་པོའི་བསྟན་པ་རིན་པོ་ཆེའི་གསལ་བྱེད་གཞན་སྟོང་དབུ་མ་ཆེན་པོའི་གྲུབ་མཐའ་ཉིད་འཛིན་སྐྱོང་སྤེལ་བ་ལ་འབད་པར་བྱེད་པ་ནི་གལ་ཆེ་བར་སྣང་ངོ༌།། ཚུལ་འདིར་སྔ་འགྱུར་རྙིང་མ་པའི་ལུགས་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང༌། རོང་ཟོམ་མ་ཧཱ་པཎྜི་ཏ་དང༌། འཇམ་པའི་དབྱངས་དངོས་མི་ཕམ་རྒྱ་མཚོ་སོགས་ནི་སྟོང་ཕྱོགས་ཁོ་ནའང་རྩལ་འདོན་མི་བྱེད། སྣང་ཕྱོགས་ཁོ་ནའང་རྩལ་འདོན་མི་མཛད་དེ། ངོ་བོ་སྟོང་པ་སྤྲོས་པའི་མཚན་མ་རྡུལ་ཙམ་ཡང་མི་དམིགས་པ་ཁས་ལེན་ཐམས་ཅད་དང་བྲལ་བ་དང༌། རང་མདངས་འགག་པ་མེད་པ་འོད་གསལ་འདུས་མ་བྱས་པ་གཉིས་ཟུང་འཇུག་མཉམ་པ་ཉིད་དུ་གཏན་ལ་འབེབས་པར་མཛད་དོ།། འཆད་ཚུལ་གང་ལྟར་ཡང་མཐར་ཐུག་ནི་དགོངས་པའི་ཞེ་ཕུག་གཅིག་ཏུ་འབབ་སྟེ། རིགས་དང་དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་མདོ་སྔགས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་དོན་གྱི་སླད་དུ་མཚན་ནས་སྨྲས་ཏེ། ཆོས་ཀྱི་རྗེ་ངག་དབང་བློ་གྲོས་མཚུངས་མེད་དཔལ་བཟང་པོ་གང་གི་ཞལ་སྔ་ནས་ཀྱིས། བདེར་གཤེགས་སྙིང་པོ་ཡི་བཞུགས་ཚུལ་མཐར་ཐུག། ཚད་མ་རྣམ་གཉིས་ཀྱིས་འཇལ་ཚུལ་ཤེས་ན།། སྟོང་དང་བདེན་གྲུབ་སོགས་གང་སྨྲས་ཆོག་གིས།། ས་དགེ་ཇོ་ནང་རྣམས་ཐུགས་མཐུན་མཛོད་ཅིག།  ཅེས་གསུངས་པ་ལྟར་དུ་ཤེས་པར་བྱའོ།།

ཞེས་པ་འདིའང་རིས་སུ་མ་ཆད་པའི་བསྟན་པ་རིན་པོ་ཆེ་ལ་དག་པའི་སྣང་བ་ཕྲན་ཙམ་ཐོབ་ཀྱང་ཆོས་དང་རང་རྒྱུད་ཅུང་ཟད་ཀྱང་མ་འདྲེས་པ་ཚུལ་ཁྲིམས་བློ་གྲོས་སུ་འབོད་པས་རབ་རྒྱན་ཆུ་ལུག་ལོའི་སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཉིན་གྲོང་ཁྱེར་པདྨ་ཅན་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག  །