དངོས་གྲུབ་འགུགས་པའི་ལྕགས་ཀྱུ།

བླ་མའི་རྣལ་འབྱོར་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ།

ཏཱ་ར་ནཱ་ཐ།

༄༅། །ཨོཾ་སྭཱ་སྟི། བླ་མའི་རྣལ་འབྱོར་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཡིད་མ་གཡེང་བར་འདི་ལྟར་བརྗོད་ཅིང་དོན་བསམ་པར་བྱ་སྟེ། ཆོས་རྣམ་ཐམས་ཅད་རང་གི་སེམས་སྣང་ཙམ། །རང་གི་སེམས་ཀྱང་གསལ་སྟོང་བརྗོད་དུ་མེད།། སྣང་བ་མ་འགགས་སྣ་ཚོགས་ཅི་ཤར་ཡང༌། །རང་རིག་སྐད་ཅིག་འདི་ལས་གཡོ་བ་མེད། ། ཨོཾ་ཤཱུ་ན་ཏ་ཛྙཱ་ན་བཛ་སྭ་བྷ་ཝ་ཨརྨ་ཀོཉ་ཧཾ། རང་སེམས་དག་པའི་སྣང་བ་འོག་མིན་ཞིང༌། །ཞིང་འདིའི་དབུས་སུ་གཞལ་མེད་ཁང་བ་མཛེས། །དེ་དབུས་སེང་ཁྲི་པདྨ་ཉི་ཟླའི་སྟེང༌། །དྲིན་ཅན་རྩ་བའི་བླ་མ་དམ་པ་བཞུགས། །གཟི་བརྗིད་དཔག་མེད་གསེར་གྱི་ལྷུན་པོ་འདྲ། །འོད་ཟེར་ཉི་མ་འབུམ་གྱི་མདངས་དང་ལྡན། །བདག་ལ་དགྱེས་པའི་ཞལ་རས་འཛུམ་དཀར་གཡོ། །སྟེང་གི་ཕྱོགས་ལ་བརྒྱུད་པའི་བླ་མ་རྣམས། །རྫུ་འཕྲུལ་བཀོད་པ་སྣ་ཚོགས་བཅས་པ་དང༌། །སྐུ་ཡི་མཐའ་སྐོར་ཕྱོགས་རྣམས་ཐམས་ཅད་དུ། །ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་སོགས། །ཡི་དམ་ལྷ་ཚོགས་ཐམས་ཅད་སྤྲིན་ལྟར་འཐིབས། །སངས་རྒྱས་བྱང་སེམས་ཕྱོགས་བཅུའི་མཁའ་དབྱིངས་ཁྱབ། །སྤྲུལ་བའི་དགྲ་བཅོམ་ས་གཞི་ཁྱབ་པ་དང༌།། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱང༌། །རང་རང་འཁོར་དང་རྫུ་འཕྲུལ་དཔག་མེད་བཅས། །བཀའ་ལ་ཉན་ཅིང་གསུང་བཞིན་སྒྲུབ་པའི་བཞུགས། །གང་ལ་གང་འདུལ་སྤྲུལ་བ་ཕོ་ཉའི་ཚོགས། །གློག་ལྟར་འཁྱུགས་ཤིང་བུ་ཡུག་འཚུབས་པ་བཞིན། །ས་དང་བར་སྣང་རི་ཀླུང་མེད་པར་ཁྱབ། །ཐམས་ཅད་སྐུ་ནི་བཀྲག་མདངས་འོད་དང་ལྡན། །གསུང་ནི་ཐེག་ཆེན་དམ་པའི་ཆོས་སྒྲ་སྒྲོག །ཐུགས་ནི་འོད་གསལ་བདེ་བ་ཆེན་པོའི་ངང༌། །མཛད་པ་འཕྲིན་ལས་མ་ངེས་ཅིར་ཡང་སྟོན། །ཀུན་ཀྱང་རྗེ་བཙུན་བླ་མའི་སྤྲུལ་བ་སྟེ། །གཞན་ཡང་འཁོར་འདས་སྣང་བ་མ་ལུས་པ། །མཚན་ལྡན་བླ་མའི་ཡེ་ཤེས་ཆོ་འཕྲུལ་ཙམ། །བདག་གི་ལུས་དང་ལོངས་སྤྱོད་ཅི་མཆིས་དང༌། །དུས་གསུམ་བསགས་པའི་དགེ་བ་ཅི་ཡོད་དང༌། །ཕྱོགས་བཅུའི་ཞིང་ན་བདག་པོས་མ་བཟུང་བའི། །མཆོད་པའི་བྱེ་བྲག་ཅི་སྙེད་མཆིས་པ་དང༌། །དགྲ་གཉེན་བར་མས་བསྡུས་པའི་སེམས་ཅན་ནི། །འགྲོ་དྲུག་ནམ་མཁའི་མཐའ་གཏུགས་ཇི་སྙེད་དང༌། །སྲིད་པ་གསུམ་གྱི་ལོངས་སྤྱོད་གང་མཆིས་དང༌། །བདག་གི་ཡིད་ཀྱིས་སྤྲུལ་དང་སྨོན་ལམ་མཐུས། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོར་བཅས། །དུས་གསུམ་ཕྱོགས་བཅུར་བྱུང་བ་ཐམས་ཅད་ཀྱི། །ཡེ་ཤེས་རང་སྣང་ལས་གྲུབ་མཆོད་པའི་ཚོགས། །གྲངས་མེད་ཚད་མེད་བསམ་གྱིས་མི་ཁྱབ་པ། །མཆོག་ཏུ་བརྗིད་བག་ཆགས་པའི་ཚུལ་དང་བཅས། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པ། །སྐྱེ་མེད་ཆོས་སྐུའི་ཆོ་འཕྲུལ་ཙམ་དུ་བསྒོམ། །སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ། །དམ་ཆོས་ཀུན་འདུས་ཆོས་རྗེ་རིན་པོ་ཆེ། །དགེ་འདུན་ཀུན་འདུས་འདྲེན་མཆོག་རིན་པོ་ཆེ། །བླ་མ་ཀུན་འདུས་གཅིག་ཆོག་རྒྱལ་པོ་ཁྱོད། །ཡི་དམ་ཐམས་ཅད་ཁྱོད་ཀྱི་སྐུ་ལ་ཚང། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཕོ་ཉར་སྤྲུལ།། རྡོ་རྗེ་འཆང་ཆེན་ཁྱེད་ལ་གསོལ་བ་འདེབས། །མོས་པའི་བུ་ལ་ད་ལྟར་བྱིན་གྱིས་རློབས། །སྡུག་པོ་བཀོད་པའི་ཞིང་དུ་རྡོ་རྗེ་འཆང༌། །དྲག་པོ་འདུལ་ཚེ་ཧེ་རུ་ཀ་དཔལ་སྐུ། །ཆགས་བྲལ་རྣམས་ལ་ཤཱཀྱ་ཐུབ་པར་བསྟན།། དཀའ་ཐུབ་ཅན་ལ་དྲང་སྲོང་ཚུལ་འཛིན་ཅིང༌། །ཐེག་གསུམ་ལམ་དུ་ཞུགས་པའི་སེམས་ཅན་ལ། །བྱང་སེམས་རང་རྒྱལ་ཉན་ཐོས་ཚུལ་དུ་སྟོན།། ཚངས་དང་ཁྱབ་འཇུག་འདོད་ལྷ་དབང་པོ་དང༌། །དབང་ཕྱུག་ལས་སོགས་ལྷ་ཡི་གཟུགས་སུའང་སྟོན། ཁ་ཅིག་དུ་ནི་རྒྱལ་སྲིད་སྤྱོད་ལ་དགྱེས།། གཞན་དུ་རིག་པའི་བརྟུལ་ཞུགས་སྤྱོད་པ་སྤྱད། །ལ་ལར་ངུག་སྨྲིག་འཛིན་པའི་གཟུགས་ཀྱང་འཆང༌། །གང་ལ་གང་འདུལ་སྐུ་ལ་གསོལ་བ་འདེབས།། སེམས་ཅན་ཀུན་གྱི་བསམ་པ་ཇི་བཞིན་དུ། ཁྱོད་ཀྱིས་བསྟན་པ་འདི་ཡང་བསམ་མི་ཁྱབ། །ཇི་ལྟར་མཁའ་ལ་སྤྲིན་དང་འཇའ་ཚོན་སོགས། །རྣམ་པ་སྣ་ཚོགས་གཟུགས་བརྙན་སྣང་ན་ཡང༌། །ནམ་མཁའ་ལས་བྱུང་ནམ་མཁའི་ངོ་བོ་དང༌། །ནམ་མཁའི་ངང་དུ་ཐིམ་པར་གྱུར་བ་བཞིན། །སྤྲོས་བྲལ་ཅི་ཡང་མ་ཡིན་ཆོས་ཀྱི་སྐུ། །འབད་རྩོལ་མེད་ཀྱང་ལྷུན་གྲུབ་འཕྲིན་ལས་ཅན། །གང་ལ་གང་འདུལ་མཛད་པ་སྤྱིར་བསྟན་ཡང༌། །རང་རིག་རང་གསལ་སྤྲོས་བྲལ་དབྱིངས་ཀྱི་ངང༌། །སྐྱེ་འགགས་མེད་ཅིང་འགྲོ་འོང་གནས་དང་བྲལ།  །དོན་དམ་སྐུ་ཅན་ཁྱེད་ལ་གསོལ་བ་འདེབས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ཞིང༌། །སྐྱབས་གནས་ཀུན་འདུས་ཁྱེད་ལ་སྐྱབས་སུ་མཆི། །མཆོད་པ་ཐམས་ཅད་དབྱེར་མེད་ངང་དུ་འབུལ།། རང་བཞིན་མེད་ཀྱང་སྡིག་ཀུན་མཐོལ་ལོ་བཤགས། །འཁོར་འདས་དགེ་བ་ཀུན་ལ་རྗེས་ཡི་རང༌། །གྲགས་སྟོང་བརྗོད་བྲལ་གསུང་ལ་ཆད་པ་མེད།། ཆོས་ཀྱི་སྐུ་ལ་སྐྱེ་འཆི་མི་མངའ་ཡང༌། །ཆོས་འཁོར་རྒྱུན་མི་འཆད་པར་བསྐོར་བ་དང༌། །འགྲོ་བའི་དོན་ལ་རྟག་ཏུ་བཞུགས་སུ་གསོལ། །ཐུགས་ཡིད་དབྱེར་མེད་དོན་དུ་བསྔོ་བར་བགྱི། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །རྗེ་བཙུན་སྒྲོལ་བའི་མགོན་པོ་ཁྱོད་ཉིད་ཀྱིས། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས་པ་དང༌། །དབང་བཞི་རྫོགས་པར་ད་ལྟ་བསྐུར་དུ་གསོལ། །ལུས་ལ་ལྷན་སྐྱེས་བདེ་ཆེན་བསྐྱེད་པ་དང༌། །ངག་ལ་རིགས་སྔགས་ནུས་པ་བརྟན་པ་དང༌། །སེམས་ལ་འོད་གསལ་ཡེ་ཤེས་འཆར་བ་རུ། །མཚན་ལྡན་བླ་མས་ད་ལྟར་བྱིན་གྱིས་རློབས། ། བླ་མའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་ལས། །འོད་ཟེར་བྱུང་ནས་བདག་གི་གནས་བཞིར་ཐིམ། །སྐུ་གསུངས་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས། །བྱིན་གྱིས་རླབས་ཤིང་དབང་བཞི་ཐོབ་པར་གྱུར། །སླར་ཡང་བུམ་པའི་ཆུ་ཡིས་བུམ་དབང་བསྐུར། །བྱང་ཆུབ་སེམས་ཀྱིས་གསང་བའི་དབང་བསྐུར་ཞིང༌། །མཉམ་སྦྱོར་བདེ་བས་ཤེས་རབ་ཡེ་ཤེས་དང༌། །འཛིན་མཻད་ཕྱག་ཆེན་བཞི་བའི་དབང་ཡང་བསྐུར། ། རེ་ས་གཞན་ན་མེད་དོ་ཆོས་ཀྱི་རྗེ། །སྐྱབས་གནས་གཞན་ན་མེད་དོ་རིན་པོ་ཆེ། །ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་ཅིང༌། །འབྲལ་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །བླ་མ་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ། །རྩ་འཁོར་བཞི་བོ་གང་བས་དབང་བཞི་ཐོབ། །བླ་མ་རང་སེམས་དབྱེར་མེད་ཆོས་སྐུའི་ངང༌། །རྩ་བྲལ་ལྷུན་གྲུབ་ཆེན་པོའི་ངང་དུ་བཞག ། སྐྱེ་བ་ཀུན་ཏུ་ཡང་དག༌སོགས་བརྗོད།  ཅེས་པ་འདི་ནི་མཆོག་ཏུ་གྱུར་བའི་བླ་མའི་རྣལ་འབྱོར་དེ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་ཐེ་ཚོམ་མེད་དོ། །རྒྱལ་ཁམས་པ་ཏཱརནཱཐས་རང་ལོ་ཉེར་དགུ་པ་ལ་དཔལ་བཟང་ལྡན་དུ་བྲིས་པའོ། །སརྦམངྒལཾ།།