སྦྱོར་དྲུག་བླ་བརྒྱུད་གསོལ་འདེབས།

ཟབ་ལམ་སྦྱོར་དྲུག་བླ་མ་བརྒྱུད་པའི་གསོལ་འདེབས།

ཏཱ་ར་ནཱ་ཐ།

ཀྱཻ་མ་སོམས་དང་གྲངས་མེད་བསྐལ་བ་རུ།། རྙེད་དཀའི་དལ་འབྱོར་ལན་གཅིག་ཐོབ་པ་འདི།། རབ་ཏུ་འཇིག་སླ་འཆི་སྐྱེན་བསམ་མི་ཁྱབ།། གཅེས་སྐྱོང་ལུས་འདི་དེ་རིང་ཉིན་འཆི་སྲིད།། མི་དགེ་ལོག་ལྗི་མཚམས་མེད་སྡུག་བསྔལ་རྒྱུ།། འཁོར་བའི་བྱ་བ་ཐམས་ཅད་སྤངས་བྱས་ནས།། ཅུང་ཟད་ལོང་ཡོད་དུས་འདིར་ལུས་ངག་ཡིད།། ཐར་བའི་ཕན་ཡོན་བསམ་ནས་ཆོས་བསྒྲུབ་འཚལ།།

དཔལ་ལྡན་རྩ་བའི་མ་རིན་པོ་ཆེ།། བདག་སོགས་སྤྱི་བོར་པདྨའི་གདན་བཞུགས་ནས།། བཀའ་དྲིན་ཆེན་པོས་སྒོ་ནས་རྗེས་བཟུང་སྟེ།། སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་བསྩལ་ཏུ་གསོལ།། ཆོས་འཁོར་གསུམ་གྱི་དགོང་པ་ཇི་བཞིན་མཁྱེན།། རྒྱུད་སྡེ་བཞི་ཡི་དེ་ཉིད་ཐུགས་སུ་ཆུད།། འགྲོ་བ་ཀུན་ལ་མ་ནོར་ལམ་སྟོན་པ།། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས།། རབ་རྒྱས་ཕན་བདེ་འབྱུང་གནས་རིན་པོ་ཆེ།། འགྲོ་བའི་སྐྱབས་གཅིག་སངས་རྒྱས་ཀུན་གྱི་དངོས།། ཁྱབ་བདག་ངོ་བོ་རྗེ་བཙུན་སྲིད་ཞིའི་མགོན།། ཀུན་དགའ་སྙིང་བོའི་ཞབས་ལ་གསོལ་བ་འདེབས།། གང་ཞིག་དྲན་པས་སྡུག་བསྔལ་ཀུན་སེལ་ཞིང༌།། གུས་པས་བསྟེན་ན་བླ་མེད་མཆོག་སྩོལ་བ།། དབང་རྒྱུད་མན་ངག་དོན་སྟོན་ལ་སོགས་པའི།། རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས།། ཨོཾ་གུ་རུ་བུདྡྷ་བྷོ་དྷི་ས་ཏྭ་བ་ན་མོ་ན་མཿ གང་ཞིག་ཕུན་ཚོགས་ཀུན་གྱི་གཞི།། བླ་མེད་གོ་འཕང་ཡིད་བཞིན་ནོར།། འགྲོ་བ་ཀུན་ལ་ཉེར་སྩོལ་བ།། བླ་མའི་ཞབས་ལ་གུས་པས་འདུད།། ཐོག་མར་སྦྱོར་དྲུག་བླ་མ་བརྒྱུད་པའི་གསོལ་འདེབས་བྱ་བ་ནི། རང་གི་མདུན་གྱི་ནམ་མཁར་འཇའ་འོད་སྣ་ལྔ་འཁྲིགས་པའི་དབུས་སུ་སེང་ཁྲི་པད་ཟླ་ཉི་མ་སྒྲ་གཅན་དུས་མེའི་གདན་ལྔ་བརྩེགས་ཀྱི་སྟེང་དུ་ངོ་བོ་རྩ་བའི་བླ་མ། རྣམ་པ་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་རྒྱན་དྲུག་གིས་སྤྲས་པ། མཚན་དཔེ་ཡོངས་སུ་རྫོགས་པ། དེའི་མཐའ་སྐོར་དུ་དམ་པ་དང་པཱུའི་སངས་རྒྱས། ལོངས་སྐུ་དུས་ཀྱི་འཁོར་ལོ། སྤྲུལ་སྐུ་ཤཱཀྱ་ཐུབ་པ། ཆོས་རྒྱལ་རིགས་ལྡན་སོ་ལྔ་སོགས་སྦྱོར་དྲུག་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། ཐམས་ཅད་སྐུ་གཟི་བརྗིད་བཀྲག་མདངས་དང་ལྡན་པ་བདག་ལ་ཐུགས་དགྱེས་པའི་སྒོ་ནས་བཞུགས་པར་གསལ་བཏབ་ལ། ངག་ཏུ། གསོལ་བ་འདེབས་སོ།། དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། རྩ་བ་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། བརྒྱུད་པ་ཡིད་བཞིན་ནོར་བུ་ལ་༝ བརྒྱུད་པའི་བྱིན་རླབས་འཇུག་པར་བྱིན་གྱིས་རློབས། བྱིན་རླབས་སྙིང་ལ་འཇུག་པར་བྱིན་གྱིས་རློབས། སྙིང་གི་མུན་པ་སངས་བར་བྱིན་གྱིས་རློབས། བླ་མ་ལ་གསོལ་བ་འདེབས། ཆོས་རྗེ་ལ་གསོལ་བ་འདེབས། ཡབ་སྲས་ཚོས་བྱིན་གྱིས་རློབས། གཞི་བདེ་གཤེགས་སྙིང་པོ་ལ་གསོལ་བ་འདེབས། ཟབ་ལམ་རྡོ་རྗེ་རྣལ་འབྱོར་ལ༌༝ འབྲས་བུ་བྲལ་འབྲས་ཆོས་སྐུ་ལ༌༝ དམ་པ་དང་པོའི་སངས་རྒྱས་ལ༌༝ ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ༌༝ ལོངས་སྐུ་དུས་ཀྱི་འཁོར་ལོ་ལ༌༝ སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ༌༝ ཆོས་རྒྱལ་སུམ་བཅུ་རྩ་ལྔ་ལ༌༝ གྲུབ་ཆེན་དུས་ཞབས་པ་ཆེན་པོ་ལ༌༝ གྲུབ་ཆེན་དུས་ཞབས་པ་གཉིས་པ་ལ༌༝ རྒྱལ་སྲས་ནཱ་ལེན་དྲ་བ་ལ༌༝ པཎ་ཆེན་ཟླ་བ་མགོན་པོ་ལ༌༝ སྒྲ་བསྒྱུར་སྒྲོ་སྟོན་ལོ་ཙྭ་ལ༌༝ བླ་མ་ལྷ་རྗེ་སྒོམ་པ་ལ༌༝ བླ་མ་སྒྲོ་སྟོན་གནམ་བརྩེགས་ལ༌༝ བླ་མ་གྲུབ་ཆེན་ཡུ་མོ་ལ༌༝ སྲས་མཆོག་དྷཱརྨ་ཤྭ་ར་ལ༌༝ མཁས་པ་ནམ་མཁའ་འོད་ཟེར་ལ༌༝ མ་ཅིག་སྤྲུལ་སྐུ་ཇོ་འབུམ་ལ༌༝ བླ་མ་གྲུབ་ཐོབ་སེ་ཆེན་ལ༌༝ ཆོས་རྗེ་འཇམ་དབྱངས་གསར་མ་ལ༌༝ ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ༌༝ མཚུངས་མེད་ཀུན་སྤངས་ཆོས་རྗེ་ལ༌༝ བྱང་སེམས་རྒྱལ་བ་ཡེ་ཤེས་ལ༌༝ མཁས་བཙུན་ཡོན་ཏན་རྒྱ་མཚོ་ལ༌༝ ཀུན་མཁྱེན་དུས་གསུམ་སངས་རྒྱས་ལ༌༝ ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་ལ༌༝ མཚུངས་མེད་ཉ་དབོན་ཀུན་དགའ་ལ༌༝ གྲུབ་ཆེན་ཀུན་དགའ་བློ་གྲོས་ལ༌༝ འཇམ་དབྱངས་དཀོན་མཆོག་བཟང་བོ་ལ་༝ འདྲེན་མཆོག་ནམ་མཁའི་མཚན་ཅན་ལ༌༝ པཎ་ཆེན་ནམ་མཁའ་དཔལ་བཟང་ལ༌༝ ལོ་ཆེན་རདྣ་བྷ་དྲ་ལ༌༝ འཇམ་མགོན་གྲུབ་པའི་དཔའ་བོ་ལ་༝ དཔལ་ལྡན་ཀུན་དགའ་གྲོལ་མཆོག་ལ༌༝ བློ་གསལ་རྒྱ་མཚོའི་བདེ་དགྱེས་ལ༌༝ འདི་གསུམ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་མཚན་གྱི་རྣམ་གྲངས་སོ།། ཐུགས་སྲས་མཁས་གྲུབ་རྣམ་ཚོ་ལ་༝ མཁན་ཆེན་ལུང་རིགས་རྒྱ་མཚོ་སོགས་ཐུགས་སྲས་བུ་ཆེན་རྣམས། དཔྱད། འཇམ་དབྱངས་ཀུན་དགའ་སྙིང་བོ་ལ༌༝ བཀྲ་ཤིས་རྒྱལ་མཚན་དཔལ་བཟང་༝ ཁྱབ་བདག་སྒྲོལ་བའི་མགོན་པོ་ལ༌༝ འདི་གསུམ་ཏཱ་ར་ནཱ་ཐའི་མཚན་གྱི་རྣམ་གྲངས་སོ།། སྔོན་སྦྱངས་རིན་ཆེན་རྒྱ་མཚོ་ལ༌༝ མཁས་གྲུབ་བློ་གྲོས་རྣམ་རྒྱལ་ལ༌༝ གྲུབ་ཆེན་ངག་དབང་འཕྲིན་ལས་ལ༌༝ ངག་དབང་བསྟན་འཛིན་རྣམ་རྒྱལ་ལ༌༝ ངག་དབང་མཁས་བཙུན་དར་རྒྱས་ལ༌༝ ཀུན་བཟང་འཕྲིན་ལས་རྣམ་རྒྱལ་ལ༌༝ ནུས་ལྡན་ལྷུན་གྲུབ་རྒྱ་མཚོ་ལ༌༝ དཀོན་མཆོག་འཇིགས་མེད་རྣམ་རྒྱལ་ལ༌༝ ངག་དབང་ཆོས་འཕེལ་རྒྱ་མཚོ་ལ༌༝ ངག་དབང་ཆོས་ཀྱི་རྣལ་འབྱོར་ལ༌༝ ངག་དབང་ཆོས་འབྱོར་རྒྱ་མཚོ་ལ༌༝ ངག་དབང་སྨོན་ལམ་བཟང་བོ་ལ༌༝ ངག་དབང་གསང་སྔགས་བསྟན་འཛིན་ལ༌༝ དྲིན་ཅན་རྩ་བའི་བླ་མ༌༝ བླ་མ་ལ་གསོལ་བ་འདེབས། ཆོས་རྗེ་ལ་གསོལ་བ་འདེབས། ཡབ་སྲས་ཚོས་བྱིན་གྱིས་རློབས། གང་ཞིག་དད་པའི་བླ་མའི་ཚོགས་རྣམས་ལ།། ཚེ་འདིར་རྟག་ཏུ་གསོལ་བ་འདེབས་བྱས་ན།། བདག་སོགས་རྒྱུད་ལ་བླ་མ་འདི་དག་གི། ཡེ་ཤེས་སེམས་དཔའི་བྱིན་རླབས་འཇུག་པར་ཤོག། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌།། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌།། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་བདག་རྒྱུད་བྱིན་གྱིས་བརླབས་པར་མོས།