ཟུང་འཇུག་གསལ་སྒྲོན།

ཟུང་འཇུག་གསལ་སྒྲོན།

ཡུ་མོ་མི་བསྐྱོད་རྡོ་རྗེ།

གཉིས་མེད་ཡེ་ཤེས་གསལ་བ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། དྲི་མ་མེད་པའི་འོད་ལས། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ།། གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས། རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ།། གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ།། གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བས་འཁོར་བ་པ་ཡིན་ནོ།།

ཞེས་བྱང་སེམས་འཇིག་རྟེན་མགོན་པོས་གསུངས་པ་ལས། ཡེ་ཤེས་ཀྱི་སྐུ་ནི་མཚན་ཡང་དག་པར་བརྗོད་པ་ལས། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གའ༨༩ཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི།། ཞེས་པ་དང༌། ཕན་ཡོན་གྱི་སྐབས་ནས། ལག་ན་རྡོ་རྗེ་འཆང་འདི་ནི། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ། འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པ་ཡིན་ཏེ། ཞེས་གསུངས་ལ། དེ་ཉིད་མིང་གི་རྣམ་གྲངས་གཉིས་མེད་ཡེ་ཤེས་ཡིན་ཏེ། དེ་ཉིད་ལས། ཆོས་ཐམས་ཅད་གཉིས་སུ་མེད་པར་བཟུང་བའི་དོན་དུ་མཚན་ཡང་དག་པར་བརྗོད་ཅིང་བསྟན་ཏོ།། ཞེས་དང༌། ཧེ་བཛྲ་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ།། ཞེས་པ་དང༌། ཕྱོགས་གླང་གིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས།། ཞེས་པ་དང༌། ཀུན་དགའ་སྙིང་པོས། བདག་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་གཟུགས་མེད་པ་ཡིན་ན་ཞེས་གསུངས་ཏེ། ཨཱརྱ་ནཱ་ག་ཛུ་ནས། གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར།། ཞེས་པ་དང༌། དེ་ཉིད་གཉིས་མེད་ཡེ་ཤེས་ཏེ།། ཞེས་པ་དང༌། དཔལ་ཏོག་རྩེ་པས། རྟ་མཆོག་ཉི་ནའི་ཞལ་མངའ་ནས། །ཨིནྟྲ་བོ་ཏིས་ལེགས་སྨིན་བཅས། །སྒེག་པ་རྡོ་རྗེ་གྷུ་དྷི་རི། །སློབ་དཔོན་པདྨ་སྙིང་རྗེ་ཆེ། །ཆོས་ཀྱི་ཞལ་སྔ་རིམ་པ་ནས། །བཟང་པོའི་ཞལ་སྔར་ཕྲད་པ་ནི། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །ཐམས་ཅད་ཀྱི་ནི་དགོངས་པ་གཅིག། ཅེས་གསུངས་པའི་ཕྱིར་རོ།། གཉིས་མེད་ཡེ་ཤེས་དེ་རང་ཇི་ལྟ་བུ་གཅིག་ཡིན་ཞེ་ན། སངས་རྒྱས་གཉིས་པས། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཡང་དག་མཐའ་ནི་རྣམ་པར་སྦྱངས། །ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལ་ཡང་མི་སློབ།། ཅེས་པ་དང༌། ཟུང་འཇུག་ཇི་ལྟ་བུ་ཡིན་ཞེ་ན། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ།། ཞེས་པ་དང༌། ཟླ་བ་གྲགས་པས། བདེན་གཉིས་སྦྱོར་བ་གང་ཡིན་པ། ཟུང་འཇུག་ཅེས་བྱ་ལྔ་པ་སྟེ། ཞེས་པ་དང༌། ཀུན་རྫོབ་དང་དོན་དམ་པ་དག་དབྱེར་མེད་པ་ནི་འདུས་པ་ཞེས་པ་དང༌། བདེན་པ་གཉིས་གཉིས་སུ་མེད་པར་མཐོང་ཙམ་གྱིས་གྲོལ་བར་འགྱུར་བའི་ཕྱིར་རོ།། ཞེས་པ་དང༌། བཅོམ་ལྡན་འདས་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་ཡིན་པས་ཕྱག་འཚལ་བའི་ཚིག་སྨོས་ཞེས་པ་དང༌། བདག་ཉིད་ཀྱིས་བདེན་པ་གཉིས་ཐུགས་སུ་ཆུད་པར་བསྟན་པའི་འོད་གསལ་བར་བཞུགས་པ་དང་བཞེངས་པར་བསྟན་པ་ཡིན་ནོ་ཞེས་བཤད་ཅིང༌། འཕགས་པ་ལྷའི་ཞལ་ལྔ་ནས། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ནས། དོན་དམ་པའི་བདེན་པ་ནི་བདག་མེད་པ་ཟིལ་གྱིས་མི་ནོན་པ། ཐམས་ཅད་སྟོང་པས་ཏེ། འཕེལ་བ་མེད་པ་བྲི་བ་མེད་པ་རྣམ་པར་དག་པ། ནམ་མཁའ་དང་མཉམ་པ་དྲི་མ་མེད་པ། ཡི་གེ་མེད་པ། ཚིག(སྤྱོད་བསྡུས་སུ་དྲངས་ནས)མེད་པ། ལུས་ངག་ཡིད་དང་བྲལ་བ། ཡོད་པ་མ་ཡིན་པ། མེད་པ་མ་ཡིན་པ། རྒྱུ་བ་མ་ཡིན་པ། མི་རྒྱུ་བ་མ་ཡིན་པ། ཐག་ཉེ་བ་མ་ཡིན་པ། རིང་བ་མ་ཡིན་པ། སྟོང་པ་མ་ཡིན་པ། མི་སྟོང་པ་མ་ཡིན་པ། དབུ་མ་མ་ཡིན་པ་འདི་ནི་དོན་དམ་པའི་བདེན་པའོ།། དེ་བས་ན་མཆོག་ཏུ་ཟབ་པ་དང༌། འཇུག་པར་དཀའ་བ་དང༌། སྐྱེ་འགག་མེད་པའོ།། ཞེས་པ་དང༌། ཡང་རྒྱུ་རྐྱེན་གྱིས་འབྱུང་བ་ནི་ཀུན་རྫོབ་ཀྱི་བདེན་པའོ།། དེ་ནི་ཇི་སྲིད་དུ་རྨི་ལམ་དང་མིག་འཕྲུལ་དང༌། གཟུགས་བརྙན་ལྟར་སྣང་བ་དང་ལྡན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། རང་གི་མཚན་ཉིད་ཚངས་པའི་གནས་བཞིའི་རྒྱུར་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པའོ།། དེ་གཉིས་ཟུང་དུ་འཇུག་པ་གང་ཡིན་པ་དེ་ནི་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཏེ། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་གང་ཡིན་པ་དེ་ནི་ཁོ་ན་ཉིད་ཅེས་བྱའོ།། དེ་ཉིད་རྣལ་འབྱོར་པ་ཡིན་ཏེ།། ཅེས་གསུང་ཞིང༌། དང་པོའི་སངས་རྒྱས་ལས། རྣལ་འབྱོར་ཐབས་ཀྱི་སྒྲ་ཡིས་སམ། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དེ་བཞིན་གཤེགས་པ་རྣལ་འབྱོར་བརྗོད།། ཅེས་པ་དང༌། འདུས་པའི་རྒྱུད་ཕྱི་མ་ལས། གང་གི་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ།། ཞེས་པ་དང༌། འཇིག་རྟེན་མགོན་པོ་དྲི་མེད་འོད་ལས། དྲི་ཟའི་གྲོང་ཁྱེར་རྣམ་པ་དང༌། །པྲ་ཏི་སེ་ནའི་རང་བཞིན་མ། །རྣལ་འབྱོར་ཐབས་དང་ཤེས་རབ་བདག །ཨེ་ཝཾ་ཡི་གེ་དེ་ལ་འདུད།། ཅེས་པ་དང༌། རྩ་རྒྱུད་ལས། སྟོང་པ་ལས་བྱུང་གཟུགས་ནི་རྒྱུ། །འབྲས་བུ་སྙིང་རྗེ་མི་འགྱུར་འཛིན། །རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང༌། །འབྲས་བུ་ལའང་རྒྱུས་རྒྱས་གདབ།། ཅེས་པ་དང༌། ཧེ་བཛྲ་ལས། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན།། ཞེས་པ་དང༌། འདུས་པའི་རྒྱུད་ཕྱི་མ་ལས། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་ཤེས་རབ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །འཚོགས་པ་འདུས་པ་ཡིན་པར་འདོད།། ཅེས་པ་དང༌། དྲི་མེད་འོད་ལས། དུས་ནི་མི་འགྱུར་ཡེ་ཤེས་བདེན། །སྙིང་རྗེའི་བདག་ཉིད་ཐབས་ཡིན་ནོ། །ཤེས་བྱའི་རྣམ་པ་འགྲོ་འཁོར་ལོ། །དཔལ་ལྡན་ཤེས་རབ་སྟོང་ཉིད་བདག །བདེན་པ་གཉིས་ལ་གནས་པ་ནི། །མངོན་པར་བརྗོད་པ་བརྗོད་བྱེད་འགྱུར།། ཞེས་པ་དང༌། འདུས་པའི་ལེའུ་བདུན་པ་ལས། དེ་ནས་རང་བཞིན་འོད་གསལ་པ། །མཚན་ཉིད་མི་འགྱུར་ནམ་མཁའ་བཞིན། །གཉིས་མེད་གཉིས་སུ་མེད་མིན་ཞིང༌། །ཤིན་ཏུ་དྲི་མེད་ནམ་མཁའ་བཞིན།། ཞེས་སོ།། དེ་ཉིད་སྔགས་ཀྱི་ཐེག་པ་ཡིན་ཏེ། འདུས་པའི་རྒྱུད་ཕྱི་མ་ལས། ཡིད་དེ་མན་ཞེ་བྱ་བར་བརྗོད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན།། ཞེས་གསུངས་ལ། དེའི་མིང་གི་རྣམ་གྲངས་འཕགས་པ་ཀླུ་སྒྲུབ་ཀྱིས། དེ་ལྟར་གང་གནས་རྣལ་འབྱོར་པས། །ཟུང་འཇུག་རིམ་ལ་གནས་པ་སྟེ། །དེས་ནི་ཀུན་མཁྱེན་དེ་ཉིད་མཐོང༌། །རྣལ་འབྱོར་འཛིན་ཞེས་བརྗོད་པ་ཡིན། །སྒྱུ་འཕྲུལ་དྲ་བ་མངོན་སངས་རྒྱས། །འཁོར་བའི་རྒྱ་མཚོ་ཕ་རོལ་སོན། །བྱ་བ་བྱས་པའི་རྣལ་འབྱོར་པས། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །དེ་ཉིད་གཉིས་མེད་ཡེ་ཤེས་ཏེ། །མི་གནས་མྱ་ངན་འདས་པ་ཡིན། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །དེ་བཞིན་ཀུན་གྱི་དབང་ཕྱུག་ཡིན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་དང༌། །རྫོགས་པའི་རིམ་པའི་གནས་ཉིད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །གཉིས་སུ་མེད་པར་དེ་བཤད་དོ། །སྒྲ་གང་སྐྱེ་མེད་ལ་སོགས་པ། །གཉིས་མེད་ཡེ་ཤེས་སྟོན་པ་རྣམས། །ཐམས་ཅད་དེ་ཡི་ཚིག་ཡིན་ཏེ། །དེར་ནི་བདག་གཞན་མེད་པར་བཤད།། ཅེས་གསུངས་པ་དང༌། འཕགས་པ་ལྷས་ཀྱང༌། ཟུང་འཇུག་གི་མིང་གི་རྣམ་གྲངས་(སུ)གསུངས་པ་དང༌། སློབ་དཔོན་ཟླ་བ་གྲགས་པས། སྒྲོན་གསལ་གྱི་ལེའུ་བཅུ་བདུན་པའི་འགྲེལ་བའི་ཞབས་ནས་སྟོང་ཉིད་གསུངས་པ་ལས་ཀྱང་ཤེས་པར་བྱའོ།། སྔགས་ཀྱི་ཐེག་པ་མི་ཤེས་པ་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བ་འཁོར་བ་པ་ཡིན་ནོ།། ཞེས་པའི་དོན་ནི་འཕགས་པ་ཡབ་སྲས་ཀྱིས། གངྒཱའི་ཀླུང་གི་ཇི་སྙེད་ཀྱི། །སངས་རྒྱས་རྣམས་ཀྱི་འདི་ཉིད་དག །ཐུགས་ཆུད་ཡོད་མེད་ཕྱོགས་སྤངས་པས། །ཕྱག་རྒྱ་ཆེན་པོའི་བདག་ཉིད་གྲུབ(གཞན་གྱི)།། ཅེས་གསུངས་པ་དང་ཐམས་ཅད་གསལ་བ་ལས། རྒྱུ་ལས་འབྲས་བུས་རྒྱས་གདབ་ཅིང༌། །འབྲས་བུ་རྒྱུ་ཡིས་རྒྱས་གདབ་པར། །བསྒོམ་གྱིས་གཞན་དུ་དངོས་གྲུབ་ནི། །བསྐལ་བ་བྱེ་བར་འགྲུབ་མི་འགྱུར།། ཞེས་པ་དང༌། གང་གིས་ཀྱཻ་རྡོ་རྗེ་མི་ཤེས་པ། །དེའི་ངལ་བ་དོན་མེད་ཡིན།། ཞེས་པ་དང༌། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །དེ་ཉིད་བྲལ་ནས་འགྲུབ་མི་འགྱུར།། ཞེས་པ་དང༌། ཐུབ་པ་ཆེན་པོའི་ཆོས་རྣམས་ཀྱིས། །ཕུང་པོ་བརྒྱ་ཁྲི་བཞི་སྟོང་ལ། །གང་གིས་དེ་ཉིད་མི་ཤེས་པ། །དེ་ཡིས་ཐམས་ཅད་འབྲས་བུ་མེད།། ཞེས་ལྷ་མོ་བཞིས་ཞུས་པ་ལས་ཀྱང་གསུངས་པ་དང༌། གསང་འདུས་ལས། གངྒཱའི་བྱེ་བ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་འབད་ཅིང་བཙལ་ཀྱང༌། བྱང་ཆུབ་ཐོབ་པར་མི་འགྱུར་བ་དེ། གསང་འདུས་ལས། དགའ་བའི་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ།། ཞེས་གསུངས་སོ།། དེ་ཁོ་ན་ཉིད་བསྡུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མ་རྟོགས་པར་དཀའ་བ་སྤྱོད་པ་ཐམས་ཅད་སྤྲོ་བ་བསྐྱེད་ཅིང༌། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱ་པར་བྱ་སྙམ་ཞེས་པ་དང༌། དཔལ་མཆོག་དང་པོ་ལས། འདི་ཡིས་ཇི་ལྟར་མཆོག་གྱུར་པ། །དེ་ལྟར་བྱང་ཆུབ་སྤྱོད་སོགས་དང༌། །དགེ་བའི་ཚུལ་གྱིས་གཞན་གྱིས་ཀྱང༌། །སངས་རྒྱས་ཀུན་སོགས་ཐོབ་མི་འགྱུར།། ཞེས་གསུངས་པ་དང༌། དཔལ་ས་ར་ཧ་པས་ཀྱང༌། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང༌། །དེ་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ།།འོན་དེ་སྙིང་རྗེ་འབའ་ཞིག་སྒོམ་ན་ཡང༌། །འཁོར་བ་འདི་ལས་ཐར་བ་ཡོད་དམ་ཅི། །གང་ཡང་གཉིས་པོ་སྦྱོར་བར་ནུས་པ་སྟེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས།། ཞེས་པ་དང༌། རྩ་བ་གཅིག་ལ་སྡོང་པོ་གཉིས། །རྒྱུ་མཚན་དེ་ལ་འབྲས་བུ་གཅིག །དེ་ཡང་དབྱེར་མེད་གང་སེམས་པ། །དེ་ནི་འཁོར་འདས་ལས་གྲོལ་བ།། ཞེས་གསུངས་པའི་ཕྱིར་རོ།། དེ་ལ་སོགས་པ་དུ་མ་ཡོད་མེད་དེ་ཡི་གེ་མངས་ཀྱི་དོགས་ནས་མ་བྲིས་སོ།། དེ་ལྟར་སྟོང་པ་དང་སྙིང་རྗེ་རོ་གཅིག་པ་ཟུང་འཇུག་ཡིན་གྱི། ཁ་ཅིག་འདོད་པ་ལྟར་དགག་བྱ་རྣམ་པར་བཀག་པ་ཙམ་གྱིས་སྤྲོས་བྲལ་ཟུང་འཇུག་ཡིན་ན། རིམ་པ་བཞི་པ་ཉིད་ཟུང་འཇུག་ཡིན་པར་འགྱུར་གྱི། ལྔ་པ་བསྟན་པ་དོན་མེད་པར་འགྱུར་རོ།། ཡང་ཁ་ཅིག་ན་རེ། བུམ་པ་དང་བུམ་མིན་ལྟར་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པར་ཐ་དད་ལ། བུམ་པ་དང་དེའི་སྟོང་པ་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་པ་དང༌། བུམ་པ་ལས་གཞན་པ་དེའི་སྟོང་པའང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་ཐ་དད་པ་མ་ཡིན་ལ། དེ་གཉིས་ཀྱི་སྟོང་པ་ཁྱད་པར་མེད་པས་ཐམས་ཅད་ཟུང་འཇུག་ཡིན་ལ། དེ་ལྟར་ཤེས་པའང་སྣང་པ་ཟུང་འཇུག་ཡིན་ནོ་ཞེས་གསུངས་ཏེ། དེ་ལྟར་ན་སྣང་པ་ཐམས་ཅད་ཟུང་འཇུག་ཏུ་ཐལ་བས་ཟུང་འཇུག་གིས་སྡུག་བསྔལ་བསྐྱེད་པས་ཟུང་འཇུག་ཐོབ་པ་དོན་མེད་པར་འགྱུར་རོ།། དེ་ཡང་དྲི་མ་མེད་པའི་འོད་ལས། བྱང་སེམས་ཐུགས་རྗེ་ཆེན་པོས། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རང་རིག་པ་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པ་དང༌། རྣམ་པར་མི་རྟོག་པ་དང་དབང་པོ་མེད་པའོ་ཞེས་གསུངས་པའི་ཕྱིར་རོ།། དེ་ཇི་ལྟར་ཤེས་ཞེ་ན། འཕགས་པ་ལྷས་འདུས་པར་དྲངས་ཏེ། ཨེ་མ་ཧོ་རྡོ་རྗེ་ཨེ་རྡོ་རྗེ། །ཨེ་མ་ཧོ་རྡོ་རྗེ་ཡིས་བཤད་པ། །གང་དུ་ལུས་ངག་སེམས་མེད་པ། །དེ་རུ་གཟུགས་སུ་རབ་ཏུ་སྒོམས།། ཞེས་པ་དང༌། རྗེ་བཙུན་གྱི་ཞལ་སྔ་ནས་ཀྱང༌། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལས་ནི་འཇའ་ཚོན་ལྟར། །ཁྱེད་ཀྱི་སྐུ་ནི་སྟོན་པར་མཛད།། ཅེས་པ་དང༌། རྡོ་རྗེ་རྩེ་མོ་ལས། དག་པའི་སེམས་ནི་བཟུང་བྱས་ལ། །རྡོ་རྗེ་ལུས་སུ་རྣམ་སྒོམས་པས། །དེ་ནི་སྲ་བརྟན་ཁོང་སྟོང་མེད། །རྡོ་རྗེའི་སྐུ་ནི་དེས་ཐོབ་འགྱུར།། ཞེས་པ་དང༌། ཏིང་འཛིན་རྒྱལ་པོ་ལས། ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་བ། །ཤེས་རབ་སྲས་པོ་ལུས་དང་མཚན་མི་མངའ། །ཡོན་ཏན་རྒྱ་མཚོ་རབ་ཟབ་ཐུགས་རྗེ་ཅན། །མཚུངས་མེད་ཕྱག་ནི་བདག་གི་སྤྱི་བོར་ཞོག། ཅེས་པ་དང༌། བརྒྱད་སྟོང་པ་ལས། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ།། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཞིག་ཡོད་ནའང༌། རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ།། ཞེས་པ་དང༌། སེམས་གང་ཡོད་པའི་སེམས་དེ་ནི་མ་ཡིན་པའི་སེམས་སོ་ཞེས་གསུངས་པའི་ཕྱིར་རོ།། དཔལ་(ལྡན)ཟླ་བ་གྲགས་པས། རྡོ་རྗེའི་སྐུ་ནི་ཚད་མེད་པའི་ལྷ་མོ་དང༌། སྙོམས་པར་ཞུགས་པ་འཁོར་བ་ཇི་སྲིད་པར་མཆོག་ཏུ་དགའ་བར་མཚན་ཉིད་ལྷ་དང་མིའི་བདེ་བ་ལས་འདས་པའི་ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་ཉམས་སུ་མྱོང་བ་ནི་ཐར་པ་ཆེན་པོའོ་ཞེས་ངེས་དོན་དུ་བཤད་པའི་ཕྱིར་རོ།། འོ་ན་སྒྱུ་ལུས་དང་དོན་དམ་གཉིས་སུ་མེད་པར་མི་རིགས་སོ་ཞེ་ན། བྱང་ཆུབ་་སེམས་དཔལ་འཇིག་རྟེན་མགོན་པོས་མི་མཐུན་པའི་དཔེ་བསྒྲུབས་ཏེ། བུམ་པ་ཡོད་པ་དཔེར་བྱས་ནས་ནམ་མཁའི་མེ་ཏོག་མེད་པར་བསྒྲུབ་ཅིང༌། ནམ་མཁའི་མེ་ཏོག་མེད་པར་དཔེར་བྱས་ནས། བུམ་པ་ཡོད་པར་བསྒྲུབས་ལ། ཀུན་རྫོབ་དུ་ཡོད་པ་དང་མེད་པ་དངོས་འགལ། ཡིན་པ་མི་མཐུན་པའི་དཔེར་བྱས་ནས། དོན་དམ་པར་ཡོད་པའང་མ་ཡིན་མེད་པའང་མ་ཡིན་པའམ། གཉིས་ཀ་ལའང་མ་ཡིན་པ་འགྲུབ་སྟེ། དཔེར་ན་དངོས་་པོའི་ཐ་སྙད་དུ་བྱས་ན་གཅིག་དང་དུ་མ་དངོས་འགལ་ཡིན་ལ་དུ་མ་བྲལ་བ་སྒྲུབ་པ་ལ་གཅིག་ཏུ་ཡོངས་སུ་ཆོད་པར་ཁྱབ་དགོས་ལ། གཅིག་དང་བྲལ་བ་བསྒྲུབ་པ་ལས་དུ་མར་ཡོངས་སུ་ཆོད་པས་ཁྱབ་དགོས་པས། གཅིག་དང་དུ་མ་བྲལ་བའི་ཐ་སྙད་དུ་སྒྲུབ་པ་ལ་འགལ་བ་མེད་པ་བཞིན་ནོ།། ཞེས་གསུངས་པའི་ཕྱིར་རོ།། དེ་ཡང་ཡོད་པ་མ་ཡིན་ཏེ། ཀུན་རྫོབ་སྙིང་རྗེ་ཆེན་པོ། མེད་པ་མ་ཡིན་པ་ནི་དོན་དམ་པ་སྟོང་པ་ཉིད་དེ། རིམ་པ་བཞིན་དུ་དབང་པོས་བཟུང་དུ་ཡོད་པའམ། ཉམས་སུ་མྱོང་པའམ། རྣམ་པར་རྟོག་པ་དང་རྫས་སུ་མེད་པའི་ཕྱིར་ཏེ། དེ་གཉིས་ཟུང་འཇུག་ཡིན་པའི་ཕྱིར་རོ།། ཡང་དེ་ཉིད་ལས། གཅིག་དང་དུ་མ་དང་བྲལ་བ་མཆོག་ཏུ་མི་འགྱུར་པ། གཉིས་སུ་མེད་པའི་རྣལ་འབྱོར་སངས་རྒྱས་ཀྱི་དོན་དམ་པའི་དངོས་པོ་དང་བྲལ་བའི་ཕྱིར་རོ།། ཇི་སྲིད་དུ་འཇིག་རྟེན་གྱི་དངོས་པོ་དེ་སྲིད་དུ་ཆོས་རྣམས་ལ་གཅིག་དང་དུ་མ་རྣམ་པར་དཔྱད་པ་སྟེ། སྐད་ཅིག་གི་སེམས་སོ་སོར་སྣང་པའི་ཕྱིར་རོ།། གང་གི་སྐད་ཅིག་དང་བྲལ་བའི་སེམས་ནི་རང་བཞིན་མེད་པ་ཞེས་བརྗོད་དོ།། དེ་བས་ན་རང་བཞིན་མེད་པའི་ཕྱོགས་ནི་བཅོམ་ལྡན་འདས་ཀྱིས་ཕྱོགས་མ་ཡིན་པར་གསུངས་སོ།། ཕྱོགས་ཞེས་བྱ་བ་ནི་དངོས་པོ་དང༌། དངོས་མེད་དང༌། ཡོད་པ་དང༌། མེད་པ་དང༌། གནས་པ་དང༌། མི་གནས་པ་དང༌། གཅིག་པ་དང༌། མི་གཅིག་པ་དང༌། རྟག་པ་དང༌། ཆད་པ་དང༌། འཁོར་བ་དང༌། མྱང་འདས་དང༌། གཟུགས་དང༌། གཟུགས་མིན་དང༌། སྒྲ་དང༌། སྒྲ་མིན་དང༌། སྐད་ཅིག་དང༌། སྐད་ཅིག་མ་ཡིན་པ། ཞེ་སྡང་དང༌། མི་སྡང་དང༌། ཆགས་དང་ཆགས་མིན་དང༌། གཏུ་མིག་དང༌། གཏུ་མིག་མ་ཡིན་པ། ཞེས་བྱ་བ་དེ་རྣམས་ཕན་ཚུན་་ལྟོས་པ་ཡིན་པའི་ཕྱིར་རོ།། ཕྱོགས་འདི་དང་བྲལ་བ་ནི་སངས་རྒྱས་ཀྱི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་མེད་པའོ།། གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་སོ།། དེ་ཁོ་ན་ཉིད་སེམས་ཅན་ལ་རང་གི་སེམས་ཀྱི་བསམས་པའི་དབང་གིས་སྐུ་རྣམ་པ་བཅུ་དྲུག་དང༌། རྣལ་པར་སོ་སོར་སྣང་ངོ༌།། ཞེས་གསུངས་སོ།། ལྷ་ཡི་བླ་མ་འགྲོ་བའི་མགོན། །སྟོན་པའི་དྲིན་གྱིས་རྟོགས་པའི་དོན། །ཟུང་འཇུག་ངེས་པར་བསྡུས་པ་ཡིན། །ཐམས་ཅད་ཡང་དག་ལམ་ཐོབ་ཤོག། གཉིས་མེད་ཡེ་ཤེས་གསལ་བ་ཞེས་བྱ་བ་རྫོགས་སོ།། གཉོས་ཀྱི་ཁུངས་པ་ལོ་བདུན་བཅུ་ལོན་པ་གཅིག་བླ་ཆེན་གྱི་སྤྱན་སྔར་བྱོན་ནས་རྒྱུད་འགྲེལ་གསན། དེ་ནི་སངས་རྒྱས་ཀྱི་རྒྱུ་ཤེས། ལམ་ཤེས། འབྲས་བུ་ཤེས། ཐོས་བསམ་གྱི་སྤྲོས་པ་ཆོད་གསུངས་ནས་ཟབ་ལམ་བསྒོམས་པས་གཙུག་ཏོར་སོར་བཞི་འཕགས་པ་བྱུང་གསུངས། ཝ་བྲག་དཀར་པས། ལོ་བཞི་བཅུ་འདག་ཆར་བྱས་ནས་བསྒོམས་པས། གྲུབ་ཐོབ་ཆེན་པོ་གཅིག་བྱུང་གསུངས། དམྱལ་བ་དྲོ་བྱ་བས། བཀའ་གདམས་ལོ་བཞི་བཅུ་འདག་སྦྱར་བྱས། དེ་ནས་བླ་ཆེན་པོ་དང་མཇལ་ནས་ཟབ་ལམ་བསྒོམས་པས་ཟླ་བ་ཕྱེད་ན་གྲུབ་པ་ཐོབ་པར་གྲགས་པར་གདའ་གསུངས། ཨྠིྀ། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དུ་དམ་པ་དང་པོའི་སངས་རྒྱས་ལ་གསོལ་བ་འདེབས། །འོག་མིན་ཆོས་ཀྱི་ཕོ་བྲང་དུ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ ༴ །ཆོས་དབྱིངས་ངག་དབང་གི་དཀྱིལ་འཁོར་དུ། །ལོངས་སྐུ་དུས་ཀྱི་འཁོར་ལོ་ལ༴ །དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ༴ །བྱང་ཤམ་བྷ་ལྷའི་གནས་མཆོག་ཏུ། །ཆོས་རྒྱལ་སུམ་བཅུ་སོ་ལྔ་ལ ༴ །ལྷོ་ཕྱོགས་རྒྱ་མཚོའི་ཉེ་དྲུང་དུ། །གྲུབ་ཆེན་དུས་ཞབས་ཆེན་པོ་ལ༴ །བྱང་པུ་ལ་སའི་གནས་མཆོག་ཏུ། །གྲུབ་ཆེན་དུས་ཞབས་ཆུང་པ་ལ༴ །ན་ལེནྟྲའི་གནས་མཆོག་ཏུ། །རྒྱལ་སྲས་ན་ལེནྟྲ་པ་ལ༴ །ནུབ་ཁ་ཆེ་གྲིས་སྟན་གྱི་གྲོང་ཁྱེར་དུ། །པན་ཆེན་ཟླ་བ་མགོན་པོ་ལ༴ །རྒྱ་བོད་གཉིས་ཀྱི་སོ་མཚམས་སུ། །སྒྲ་བསྒྱུར་འབྲོ་སྟོན་ལོ་ཙཱ་བ་ལ༴ །འཕན་ཡུལ་གྲབ་ཀྱི་དགོན་པ་རུ། །བླ་མ་ལྷ་རྗེ་སྒོམ་པ་ལ༴ །འཕན་ཡུལ་རྣལ་འབྱོར་བཟངས་ཀྱི་དགོན་པ་རུ། །བླ་མ་སྒྲོ་སྟོན་གནམ་བརྩེགས་ལ༴ །འུ་ཡུག་རྒྱལ་ཁབ་ཀྱི་དགོན་པ་རུ། །བླ་མ་གྲུབ་ཆེན་ཡུ་མོ་ལ༴ །གཡའ་རུ་གྲོང་ཆུང་གི་དགོན་པ་རུ། །སྲས་མཆོག་དྷརྨེ་ཤྭ་ར་ལ༴ །ཁང་གསར་དཔལ་གྱི་དགོན་པ་རུ། །མཁས་པ་ནམ་མཁའ་འོད་ཟེར་ལ༴ །མཁའ་སྤྱོད་མཁའ་གྲོའི་བཞུགས་གནས་སུ། །མ་ཅིག་སྤྲུལ་སྐུ་ཇོ་འབུམ་ལ༴ །མལ་ངག་ཕོ་ལུང་གི་དགོན་པ་རུ། །བླ་མ་གྲུབ་ཐོབ་སེ་ཆེན་ལ༴ །སྐྱང་འདུར་ཆོས་ཀྱི་ཕོ་བྲང་དུ། །ཆོས་རྗེ་འཇམ་དབྱངས་གསར་མ་ལ༴ །དགེ་སྡིངས་གཔལ་གྱི་དགོན་པ་རུ། །བླ་མ་ཆོས་སྐུ་འོད་ཟེར་ལ༴ །རི་ཁྲོད་ཇོ་མོའི་ནགས་རྒྱལ་དུ། །བླ་མ་ཀུན་སྤངས་ཆོས་རྗེ་ལ༴ །བསམ་གྲུབ་བདེ་ཆེན་ཀྱི་དབེན་གནས་སུ། །བླ་མ་བྱང་སེམས་སངས་རྒྱས་ལ༴ །ཕྱི་གཙུག་ཉི་ཟླའི་གདན་སྟེང་དུ། །མཁས་བཙུན་དོན་གྲུབ་རྒྱལ་མཚན་ལ་གསོལ་བ་འདེབས། །འོག་མིན་ཆོས་ཀྱི་ཕོ་བྲང་དུ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ༴ ལྷོ་ཕྱོགས་དཔལ་གྱི་རི་བོ་ན། གྲུབ་ཆེན་ཤ་བ་རི་དབང་ཕྱུག་ལ༴ བལ་ཡུལ་ཐང་བོའི་གནས་མཆོག་ཏུ། །པཎ་ཆེན་བྱི་བྷཱུ་ཏི་ཙནྟྲ་ལ༴ །སྨན་ལུང་ཐར་ཀླིང་གི་དགོན་པ་རུ། །བླ་མ་འདུལ་སྟོན་པདྨོ་ལ༴ །སག་ཐང་སེའི་དཔེའི་དགོན་པ་རུ། །བླ་མ་མར་སྟོན་གཡང་འབར་ལ༴ ཁྱོག་ཐུར་དཔལ་གྱི་དགོན་པ་རུ། །བླ་མ་རྣལ་འབྱོར་སེང་འབུམ་ལ༴ །རི་ཁྲོད་ཇོ་མོའི་ནགས་རྒྱལ་དུ། །དྲིན་ཅན་ཀུན་སྤངས་ཆོས་རྗེ་ལ༴ ། བསམ་གྲུབ་བདེ་ཆེན་གྱི་དབེན་གནས་སུ། །བླ་མ་བྱང་སེམས་སངས་རྒྱས་ལ། །སྤྱི་གཙུག་ཉི་ཟླའི་གདན་སྟེངས་སུ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ།། དུས་འཁོར་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་རིང་བརྒྱུད་ཐུང་བརྒྱུད་ལགས་སོ།། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ། བཅོམ་ལྡན་ཤཱཀྱ་ཐུབ་པ ༴ ལྷོ་ཕྱོགས་དཔལ་གྱི་རི་བོ་ནས། །གྲུབ་ཆེན་ཤ་ཝ་རི་དབང་ཕྱུག༴ (འདི་ཉེ་བརྒྱུད་ལགས་སོ།།) དེ་ལ་ཀུན་མཁྱེན་རིན་པོ་ཆེས་གསན་ནོ།། མངྒ་ལཾ། བྷ་ཝནྟུ། ཤུབྷཾ།།