མཛད་པ་བཅུ་གཉིས་ཀྱི་བསྟོད་པ།

ཐུབ་པའི་མཛད་པ་བཅུ་གཉིས་ལ་བསྟོད་པ་ཞེས་བྱ་བ།

འཕགས་པ་ཀླུ་སྒྲུབ།

ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས།། གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ།། གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།། ཤཱཀྱའི་རྒྱལ་བོ་དེ་ལ་ཕྱག་འཚལ་ལོ།། གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས།། བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང༌།། དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི།། མགོན་གྱུར་ཁྱེད་ལ་བདག་གིས་བསྟོད་པར་བགྱི།།

ལྷ་རྣམས་དོན་མཛད་འདུལ་བའི་དུས་མཁྱེན་ནས།། ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཤིང༌།། རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་མའི།། ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ།། ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི།། བཀྲ་ཤིས་ལུམྦའི་ཚལ་དུ་བལྟམས་པའི་ཚེ།། ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི།། ཤཱཀྱའི་རིགས་སུ་ངེས་མཛད་ཕྱག་འཚལ་ལོ།། གཞོན་ནུ་སྟོབས་ལྡན་མི་ཡི་སེངྒེ་དེས།། ཨ་གྷ་མ་ག་དྷར་ནི་སྒྱུ་རྩལ་འགྲན།། སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས།། འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ།། འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང༌།། ཁ་ན་མ་ཐོ་སྤངས་ཕྱིར་བཙུན་མོ་ཡི།། འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས།། རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ།། འཁོར་བའི་བྱ་བ་སྙིང་བོ་མེད་གཟིགས་ནས།། ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང༌།། མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད།། རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ།། བརྩོན་པས་བྱང་ཆུབ་སྒྲུབ་པར་དགོངས་ནས་ནི།། ནཻ་ར་ཛ་ནའི་འགྲམ་དུ་ལོ་དྲུག་ཏུ།། དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་ནས།། བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ།། ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར།། མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ།། སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས།། བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ།། ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི།། ཝ་ར་ཎཱ་སིར་ལ་སོགས་གནས་མཆོག་ཏུ།། ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས།། ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ།། གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ཕྱིར།། མུ་རྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས།། འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ།། ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ།། སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱི།། མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན།། ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ།། བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ།། ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར།། རྩ་མཆོག་གྲོང་གི་ས་གཞི་གཙང་མ་རུ།། འཆི་མེད་རྡོ་རྗེ་ལྟ་བའི་སྐུ་གཤེགས་ནས།། མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ།། ཡང་དག་ཉིད་དུ་འཇིག་པ་མེད་ཕྱིར་དང༌།། མ་འོངས་སེམས་ཅན་བསོད་ནམས་བསགས་བྱའི་ཕྱིར།། དེ་ཉིད་དུ་ནི་རིང་བསྲེང་མང་སྤྲུལ་ནས།། སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ།། འདི་ལྟར་བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས།། མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི།། དགེ་བའི་འགྲོ་བ་ཀུན་གྱི་སྤྱོད་པ་ཡང༌།། བདེ་གཤེགས་ཉིད་ཀྱི་མཛད་དང་མཚུངས་བར་ཤོག། དེ་བཞིན་གཤེགས་པ་ཁྱེད་སྐུ༌སོགས་ནས་འགྱུར་བར་ཤོག། ཁྱེད་ལ་བསྟོད་ཅིང༌སོགས་ནས་མཛད་དུ་གསོལ།། སྟོན་པ་འཇིག་རྟེན༌སོགས་ནས་བཀྲ་ཤིས་ཤོག། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའོ།།