བདེ་ཆེན་ཟབ་གསལ་མ།

རྗེ་བཙུན་ཏཱརནཱ་ཐའི་གསོལ་འདེབས་བདེ་ཆེན་ཟབ་གསལ་མ།

ཏཱ་ར་ནཱ་ཐ།

༄༅།། བདེ་ཆེན་ཟབ་གསལ་འགྱུར་བ་མེད་པའི་སྐུ།། ཡན་ལག་དྲུག་ཅུ་འགགས་མེད་ཆོས་ཀྱི་གསུང༌།། ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་ཁྱབ་པའི་ཐུགས།། རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།། རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་དཀྱིལ་འཁོར་ལས།། འགྲོ་ཀུན་དགའ་བའི་འོད་བརྒྱ་འགྱེད་མཁས་པ།། སྙིང་བོའི་དོན་སྟོན་རྗེ་བཙུན་བླ་མ་ལ།། གུས་པས་ཕྱག་འཚལ་སྙིང་ནས་གསོལ་བ་འདེབས།། བཀྲ་ཤིས་དགེ་ལེགས་ཕུན་ཚོགས་ཀུན་གྱི་གཞི།། དམ་ཆོས་མི་ནུབ་རྒྱལ་མཚན་འཛིན་པའི་བདག། བྱང་ཆུབ་སེམས་ཀྱིས་བདག་གཞན་མཉམ་ཉིད་དགོངས།། ཡིད་བཞིན་ནོར་འདྲའི་བླ་མར་གསོལ་བ་འདེབས།། དཔལ་ལྡན་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ།། གང་སྣང་ཀུན་ཁྱབ་བདེ་བ་ཆེན་ཆེན་པོར་གཟིགས།། ལྷུན་གྲུབ་འཕྲིན་ལས་བཟང་པོ་འགྲོ་བའི་མགོན།། དཔལ་ལྡན་བླ་མའི་ཞབས་ལ་གསོལ༌  མཁྱེན་པས་ཤེས་བྱའི་གནས་ཀུན་གསལ་བར་གཟིགས།། བརྩེ་བས་ཕན་བདེའི་དགའ་སྟོན་རྒྱ་ཆེར་འགྱེད།། ནུས་པས་སྙིང་བོའི་བསྟན་པ་གསལ་མཛད་པ།། སྒྲོལ་བའི་མགོན་པོའི་ཞབས་ལ༌    མཚན་ཙམ་དྲན་པས་བར་ཆད་ཐམས་ཅད་སེལ།། གསོལ་བ་བཏབ་ན་དགོས་འདོད་ཐམས་ཅད་འབྱུང༌།། གུས་པས་བསྟེན་ན་དངོས་གྲུབ་ཐམས་ཅད་སྩོལ།། བསམ་འཕེལ་ནོར་བུའི་ཞབས་ལ༌     རང་བཞིན་འོད་གསལ་མ་བཅོས་གཉུག་མའི་གདངས།། གང་ཤར་རིས་མེད་དག་པའི་འཁོར་ལོ་ཅན།། བླ་མ་མཆོག་གི་ཞལ་ལུང་མངོན་བརྙེས་པ།། རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།། ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པས་མཐུས།། མགོན་པོ་ཁྱེད་ཀྱིས་རྟག་ཏུ་རྗེས་འཛིན་ཅིང༌།། ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར།། ཁྱེད་ཀྱི་བསྟན་ལ་བྱ་བ་བྱེད་པར་ཤོག། ཅེས་ཏཱ་ར་ནཱ་ཐས་རང་ཉིད་ཀྱི་སློབ་བུ་རྣམས་ཀྱི་ཞལ་འདོན་དུ་དམིགས་ནས་སྙིང་བོར་བསྒྲིགས་པའོ།།