ཕྱག་ཆེན་གསལ་སྒྲོན།

ཕྱག་རྒྱ་ཆེན་པོ་གསལ་སྒྲོན།

ཡུ་མོ་མི་བསྐྱོད་རྡོ་རྗེ།

བླ་མ་རྗེ་བཙུན་གྱི་ཞབས་ཀྱི་པདྨོ་ལ་ཕྱག་འཚལ་ལོ།། ངེས་དོན་ཕྱག་རྒྱ་ཆེན་པོ། རྡོ་རྗེ་ཐེག་པ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅེས་གསུངས་ལས། ལྷའི་སྐུར་བསྒོམ་པ་ལ་འདོད་པ་དང༌། སྐུ་སྟོན་པར་བྱེད་པའི་ཕྱག་རྒྱ་འཆིང་བ་ལ་འདོད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ལ་འདོད་པ་ལ་སོགས་པ་ཕྱག་རྒྱ་ཆེན་པོ་ལ་བཤད་པ་མང་དུ་ཡོད་ཀྱང༌།

ངེས་དོན་གྱི་ཕྱག་རྒྱ་ཆེན་པོ་ནི། མཁས་པ་ལ་ལ་དག འོད་གསལ་བའི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་སྐྱེས་པའི་བདེ་བ་དེ་ནི་ཆོས་ཀྱི་ཕྱག་རྒྱ་ཡིན་ལ། དེ་ལ་སྟོང་པའི་རྒྱས་བཏབ་པ་ནི་ཕྱག་རྒྱ་ཆེན་པོ་ཡིན་ནོ་ཞེས་འདོད་པ་ལ། དེ་མ་ཡིན་ཏེ། གསང་བ་གྲུབ་པ་ལས། ལས་ཀྱི་ཕྱག་རྒྱ་འཁོར་རྒྱུན་ཅན། །ཡེ་ཤེས་ཕྱག་རྒྱའང་དེ་བཞིན་ཏེ། །རྣམ་རྟོག་མང་པོ་སྤངས་བྱས་ལ། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ།། ཞེས་གསུང་པ་དང༌། དང་པོའི་སངས་རྒྱས་ལས། ལས་ཀྱི་ཕྱག་རྒྱ་དངོས་དང་ནི། །བརྟག་པའི་ཡེ་ཤེས་ཕྱག་རྒྱ་སྤང༌། །མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་མོ་བསྒོམ་པར་བྱ།། ཞེས་གསུངས་པའི་ཕྱིར་རོ།། དེ་དག་གིས་ཅི་འགྲུབ་ཅེ་ན། དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། འདོད་པ་དག་གི་དངོས་གྲུབ་ནི། །ལས་ཀྱི་ཕྱག་རྒྱ་སྒྲུབ་པར་བྱ། །འོག་མིན་གྱི་ནི་མཐར་ཐུག་པ། །གཟུགས་ཁམས་ཡེ་ཤེས་ཕྱག་རྒྱས་སོ། །ཕྱག་རྒྱ་ཆེན་མོའི་ཡན་ལག་གིས། །མཆོག་ཏུ་མི་འགྱུར་བསྒྲུབ་བྱ་སྟེ། །རྒྱལ་པོ་ཆེན་པོ་ཐམས་ཅད་མཁྱེན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། ཞེས་གསུང་སོ།། ཡང་ཁ་ཅིག་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དབུ་མ་རང་རྒྱུད་པའི་སྣང་བ་སེལ་བའམ། རིགས་པའི་ཚོགས་ཐལ་འགྱུར་བའམ། རྫོགས་ཆེན་པའི་སྟོང་པ་ཕྱལ་ཡུག ས་སྐྱ་པའི་ལྟ་བ་བེམ་པོའམ་ཆད་པའི་སྟོང་པ་འདོད་དེ། དེ་ལྟར་སྔགས་ཀྱི་ཐེག་པ་བས་དེ་དག་ཟབ་པར་འགྱུར་ཏེ། ཕྱག་རྒྱ་ཆེན་པོ་གསལ་བར་སྟོན་པས་སོ།། དེ་ལྟར་ཡིན་ཞེ་ན་མ་ཡིན་ཏེ། རྡོ་རྗེ་གུར་ལས། གང་ཚེ་སྟོང་པ་ཐབས་ཡིན་ན། ། དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །འབྲས་བུ་རྒྱུ་ལས་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན།། ཞེས་པ་དང༌། སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེས། མར་མེ་འབར་བ་བསད་རུང་གིས། །ཤི་ན་ཅི་ཡང་མ་རུང་ལྟར། །དངོས་པོར་འཛིན་པ་ཉིད་རུང་གིས། །དངོས་མེད་འཛིན་པ་དེ་ལྟ་མིན།། ཞེས་གསུངས་པ་དང༌། འཕགས་པ་ཀླུ-སྒྲུབ་ཀྱིས། སྟོང་པ་ཉིད་ལ་ལྟ་ཉེས་ན། །བློ་གྲོས་ཆུང་རྣམས་ཕུང་པར་འགྱུར།། ཞེས་པ་དང༌། རྣམ་པར་དབྱེ་དོན་མི་ཤེས་པར། །མོས་པ་ཙམ་ལ་འཇུག་བྱེད་ཀྱིང༌། །གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག། ཅེས་གསུངས་པའི་ཕྱིར་རོ།། ཡང་སྟོང་པ་ཉིད་དེ་གོམས་པས་མངོན་དུ་གྱུར་༼བ་༽ཉིད་དེ་འབྲས་བུ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཐབས་དང་བྲལ་བ་དངོས་མེད་ཙམ། །བསྒྲུབ་པར་བྱ་བ་མ་ཡིན་ཏེ། །བདག་གཞན་དོན་ལ་དེ་མཐུ་མེད། །མེད་ཕྱིར་ནམ་མཁའི་མེ་ཏོག་བཞིན།། ཞེས་གསུངས་པ་དང༌། རྒྱུད་བླ་མ་ལས། མེད་པ་དེ་ནི་སྐྱབས་སམ། སྐྱབས་མ་ཡིན་པར་འགྱུར་བ་ནི་མ་ཡིན་ནོ།། ཞེས་གསུངས་པའི་ཕྱིར་རོ།། ཡང་སྟོང་པ་ཉིད་ཙམ་ཆོས་སྐུ་ལ། གཟུགས་སྐུ་སྨོན་ལམ་གྱིས་དབང་ཙམ་གྱིས་འབྱུང་བ་ཡིན་གྱི། དོན་ལ་རང་དོན་དང་གཞན་དོན་ཕུན་སུམ་ཚོགས་པ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་མ་ཡིན་ཏེ། མདོ་རྒྱུད་མང་པོ་ལས་སྐུ་གཉིས་དང༌། བཞི་དང༌། ལྔར་ཡང་གསུངས་པའི་ཕྱིར་དང༌། ཁྱད་པར་དུ་གསལ་བར་མགོན་པོ་བྱམས་པས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པས། །དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། ནུས་པ་ཡེ་ཤེས་ཐུགས་བརྩེ་ཡིན། །སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ། །དང་པོ་གསུམ་ནི་རང་དོན་ཏེ། །ཕྱི་མ་གསུམ་གྱི་གཞན་དོན་ནོ།། ཞེས་པ་དང༌། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན།། ཞེས་གསུངས་པའི་ཕྱིར་རོ།།

འོ་ན་ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ་ཞེ་ན། དབང་བསྐུར་བའི་གདམས་ངག་ཐུན་མོང་མ་ཡིན་པ་ལ་ཏེ། དེ་ཡང་གསང་བ་གྲུབ་པ་ལས། དབང་བསྐུར་བ་ནི་བཟང་པོ་མཆོག །དཔལ་ལྡན་འདུས་པའི་རྗེས་འགྲོ་བ། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་ནས། །ལྷ་རྫས་མེ་ཏོག་རབ་ཏུ་བསྒྲུབ།། ཅེས་གསུངས་པ་དང༌། དཔལ་ཀྱཻ་རྡོ་རྗེ་ལས། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཡི་འདི་ནི་བྱིན་བརླབས་ཡིན། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད།། ཅེས་པ་དང༌། དང་པོའི་སངས་རྒྱས་ལས། ཕྱག་རྒྱ་ཆེ་ལ་རྗེས་ཆགས་པ། །རྒྱུ་མཐུན་ལས་དང་བདེ་བ་གང༌། །གང་ཕྱིར་རྒྱུུ་མཐུན་ཉིད་དུ་འགྱུར། །ཕྱག་རྒྱ་ཆེན་མོས་དེ་དབང་བསྐུར། །སྐྱོབ་པ་ཐམས་ཅད་བསྐྱེད་མཛད་མ། །སྐྱེ་དགུའི་བདག་མོར་དེ་ཤེས་བྱ།། ཞེས་གསུངས་པའི་ཕྱིར། འོ་ན་དབང་བསྐུར་ནས་གདམས་ངག་བྱིན་པ་ཙམ་གྱིས་ཆོག་གམ་ཞེ་ན། སྒོམ་དགོས་ཏེ། གསང་བ་གྲུབ་པ་ལས། གང་གི་སེམས་ནི་བླ་མེད་པས། །སྐྱེ་བ་མེད་པར་གང་རྟོགས་པ། །དེ་ཡི་དངོས་མེད་ཤེས་རབ་སྟེ། །ཐབས་ཀྱིས་རབ་ཏུ་བསྐུར་བ་ཉིད། །དེ་དང་དེ་ཉིད་ཤེས་བྱས་ལ། །ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ། །བཞི་པ་གོང་ན་མེད་པའི་རྒྱུ། །མངོན་པར་བྱང་ཆུབ་བྱེད་པ་པོ། །ཕྱག་རྒྱ་ཆེན་པོ་རྣམ་བསྒོམ་པ། །དེའི་གོང་ན་གཞན་མེད་པའོ། །གང་ཞིག་ཕྱག་རྒྱ་ཆེ་བསྟན་པས། །བདེ་བ་ཆེན་པོས་མྱོས་གྱུར་པ། །ཡེ་ཤེས་བདུད་རྩི་མཆོག་བཟང་པོ། །དེ་ཉིད་བརྗོད་པར་ནུས་མ་ཡིན།། ཞེས་གསུངས་པའི་ཕྱིར་རོ།། དཔལ་དུས་ཀྱི་འཁོར་ལོ་ལས། སེམས་ནི་དྲི་མ་དང་བཅས་ལས་ཀྱི་ཕྱག་རྒྱ་དག་དང་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་ཡང༌། །རྫོགས་པའི་བྱང་ཆུབ་རྒྱུ་རུ་མཆོག་གི་རྒྱལ་བ་བསྐྱེད་མཛད་ཕྱག་རྒྱ་བཟང་མོ་བསྒོམ།། ཞེས་གསུངས་པའི་ཕྱིར་རོ།། སྟོང་གཟུགས་ཕྱག་རྒྱ་ཆེན་པོ། སྒོམ་པས་ཅི་མཐོང་ཞེ་ན། ཕྱག་རྒྱ་སྒྱུ་མའི་རྗེས་མཐུན་མཁའ་ལ་ཡིད་ཀྱི་མེ་ལོང་གི་ནི་གཟུགས་འདྲ་བ། །འཇིག་རྟེན་གསུམ་སྣང་བྱེད་ཅིང་དྲི་མེད་གློག་འདྲ་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་མེད་ཡུལ་དང་བྲལ་ཏེ་མཁའ་ལ་གནས་ཤིང་སྣང་བ་ཙམ། །སེམས་དང་སེམས་བྱུང་རང་བཞིན་འགྲོ་བ་དུ་མ་ལ་ནི་འཁྱུད་པར་བྱེད་པ་དེ་གཅིག་གོ། ཞེས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེའུར་གསུངས་པ་དང༌། ཡེ་ཤེས་ཀྱི་ལེའུ་ལས། སེམས་ལ་སྣང་བ་ཙམ་དེ་རང་གི་ཡིད་ལས་སྐྱེས་ཤིང་མེ་ལོང་གི་གཟུགས་བརྙན་བཞིན། །གང་ལ་རྒྱལ་སྲས་མ་ལུས་རྣམ་དང་སངས་རྒྱས་ཀྱིས་བརྟེན་རྣལ་འབྱོར་དབང་པོས་བརྟེན་པར་བྱ། །ཡེ་ཤེས་སྣང་པ་དེ་ནི་རབ་ཏུ་རྒྱས་པ་བདུད་དཔུང་གཡུལ་བཅས་མ་ལུས་བསྲེག་པར་བྱེད། །འདོད་ཆགས་སོགས་དང་མཉམ་པའི་བདེ་བ་སྟེར་ཏེ་རྣལ་འབྱོར་སོགས།། ཤེས་གསུངས་པས་རང་གི་སེམས་མཐོང་པས་སོ།། དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་བ་ཡིན། །དེའི་རྒྱུ་ནི་འོད་གསལ་པས། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བར་བཅིང་པས་འཆིང་འགྱུར་བ། །སེམས་དེ་ཉིད་ཀྱིས་རྣམ་འབྱོར་བ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སྤངས་ནས་ནི། །རྣལ་འབྱོར་པའི་ལུས་སུ་འབྱུང༌། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང༌། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྒྱུ་མའི་ལུས་སུ་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུའི་ཟླ་བས་སོ།། ཞེས་གསུངས་པ་དང༌། འཕགས་པ་ལྷས། ཡེ་ཤེས་ཙམ་དུ་ཡོངས་སུ་སྣང་བ་ཙམ་གྱིས་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུ་ཡོངས་སུ་བཟུང་བ་དེ་ཡང་རྨི་ལམ་དང་སྒྱུ་མ་ལ་སོགས་པའི་དཔེ་༼བཅུ་༽གཉིས་ཀྱིས་ཉེ་བར་མཚོན་པ་འདི་ནི། སངས་རྒྱས་རྣམས་ཀྱི་ཡིད་ཀྱི་སྐུ་ཡིན་ཞེས་གསུངས་པའི་ཕྱིར་རོ།། ཕྱག་རྒྱ་ཆེན་པོའི་མཚན་ཉིད། དེའི་མཚན་ཉིད་ཅི་འདྲ་ཞེ་ན། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཏི་སེ་ནའི་རང་བཞིན་ཅན། །རྣམ་པ་ཀུན་ཀྱི་མཆོག་དང་ལྡན། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །སངས་རྒྱས་ཀུན་གྱི་བསྐྱེད་མཛད་མ། །སྐྱེ་དང་འཇིགས་པ་རྣམ་སྤངས་ཉིད། །ཀུན་ཏུ་བཟང་པོའི་སྤྱོད་པ་སྟེ། །སྣ་ཚོགས་ཡུམ་ནི་དེ་ལ་འདུད།། ཅེས་པ་དང༌། ཡང་ཆོས་དབྱིངས་ནམ་མཁའི་མཚན་ཉིད་མ་འདྲེས་པ། ཆོས་ཀྱི་འབྱུང་གནས་འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པ། ཀུན་ཏུ་བཟང་པོ་སྟེ་བདེ་བ་ཆེན་པོའི་གནས་སོ།། ཞེས་པ་དང༌། ཡང་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བས། མངོན་སུམ་དུ་རང་གི་སེམས་ལ་སོ་སོར་སྣང་བ། གཞོན་ནུ་མའི་མེ་ལོང་ལ་སོགས་པ་ལ་པྲ་ཏི་སེ་ན་ལྟར་རྣལ་འབྱོར་པ་རྣམས་ལ་ནམ་མཁའ་ལ་སོ་སོར་སྣང་བ་ཞེས་བྱ་བ་ལ་སོགས་པ་དུ་མ་གསུངས་པ་དང༌། རྩ་རྒྱུད་ལས། གཞོན་ནུ་མའི་པྲ་ལས་ནི། །མ་མཐོང་པའི་རྐུན་མ་མཐོང༌། །ཉི་ཚེ་བའི་མིག་གཉིས་ཀྱིས། །སྐྱོད་བྱེད་སྒྲུབ་པ་པོ་ཡིས་མཐོང༌།། ཞེས་པ་ལ་སོགས་པ་དུ་མ་གསུངས་པ་དང༌། བསྡུས་པའི་རྒྱུད་ལས། གཅིག་ལ་སོགས་ནས་དཔག་མེད་ཕྱག་དང་ཞལ་དང་ཞབས་མང་ཁ་དོག་དུ་མ་མུན་པའི་མཐར། །ཤེས་རབ་ཐབས་ཏེ་བདེ་སྙམ་སྟེར་བ་ཉི་ཟླའི་རྩ་ནི་འགོག་པས་སོ། །ས་ལ་སོགས་པ་ནོར་བུ་འོད་འདྲ་བྱེད་པ་པོ་སྟེ་གཅིག་པུས་སོ། །ཐོག་མ་ཐ་ མ་མེད་དབུས་མེད་དང་ཡུལ་མེད་ཡུལ་གྲུབ་པའི་དུས་འཁོར་ལོ།། ཞེས་གསུངས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི། ཤེར་ཕྱིན་གྱི་བསྟོད་པ་ལས། ཤེས་རབ་ཕ་རོལ་ཕྱིན་པས་ཕྱིན། །གང་ཁྱོད་ཡན་ལག་ཀུན་ལྡན་ཞིང༌། །ཁ་ན་མ་ཐོ་མེད་མཐོང་བ། །རྣམ་པར་མི་རྟོག་ཁྱོད་ལ་བསྟོད།། ཅེས་བྱ་བ་ལ་སོགས་གསུངས་པ་དང༌། སློབ་དཔོན་པདྨ་བཛྲས། སངས་རྒྱས་ཐམས་ཅད་བསྐྱེད་མཛད་མ། །ཤེས་རབ་ལྷ་མོ་བླ་ན་མེད།། ཅེས་གསུངས་པ་དང་བཤེས་པའི་སྤྲིངས་ཡིག་ལས་ཀྱང༌། དེ་ཁོ་ན་ཉིད་རྒྱས་པར་གསུངས་པའི་ཕྱིར། རང་གི་རང་སེམས་མཐོང་པ་ཁོ་ནའོ།། ཞེས་གསུངས་པ་དང༌། མགོན་པོ་བྱམས་པས། ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ།། ཞེས་གསུང་པ་ཡང་དེ་ཁོ་ནའོ། བྲམ་ཟེ་ཆེན་པོས། སེམས་ཉམས་པ་ན་རྣམ་འབྱོར་ངས་མ་མཐོང༌། ཞེས་པ་དང༌། མགོ་སྙིང་ལྟེ་གསང་རྐང་ལག་སྤངས་ཏེ་ངས་མ་མཐོང༌། ཞེས་པ་ལ་སོགས་པ་ལུང་དུ་མ་སྣང་སྟེ་ཡི་གེ་མངས་ཀྱི་དོགས་ནས་མ་བྲིས་སོ།། ཡང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོས་གསུངས་པ། ཐེག་པ་ཆེན་པོ་ལ་རྐྱེན་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོར་རེ་ཞིག་རྒྱུད་ཀྱི་རྐྱེན་དང༌། བླ་མའི་རྐྱེན་དང༌། རང་གི་རྐྱེན་འདི་གསུམ་གྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་རོ།། ཕྱག་ཆེན་སྔགས་ཀྱི་ཐེག་པར་བསྟན་པ། གཞན་དུ་རྐྱེན་གསུམ་ལ་མ་གཏོགས་པར་སློབ་མ་ལ་བླ་མས་ལམ་གང་བརྗོད་པ་དེས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་སྟེར་བར་མི་འགྱུར་ཏེ། དེའི་དད་པ་བེམ་པོ་ཉིད་ཀྱི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་ལ་རྒྱུད་ཀྱི་རྐྱེན་ནི། ལམ་ཕྱིན་ཅི་མ་ལོག་པ་དེ་གང་དུ་བསྟན་ཞེ་ན། རྡོ་རྗེ་ཐེག་པ་ལས་གཞན་གང་དུ་ཡང་ཕྱག་རྒྱ་ཆེན་པོའི་ལམ་དེ་གསལ་བར་མ་བསྟན་ཞེས་པ། བསྡུས་པའི་རྒྱུད་ཀྱི་སྒྲུབ་ཐབས་ལེའུ་ལས། རྣམ་སེམས་ཕྲ་བར་རྡུལ་མི་སྲིད་གསུམ་འདི་ནི་རྣམ་སེམས་ཉིད་ལས་མེད། །སངས་རྒྱས་ཤེས་རབ་གསལ་བའང་གནས་མིན་ཞེས་པ་སངས་རྒྱས་ཚིག་སྟོན་འགྱུར། །གང་གིས་མི་འགྱུར་བྲལ་བའི་སྟོང་པར་འགྱུར་བའི་མི་སྣང་སྟོང་པ་དེ་ནི་བཟུང་བྱས་ན། །གཙོ་བོས་དེ་ཕྱིར་གང་ཞིག་ཕྱིར་འཕོ་མེད་བདེ་སྐུ་དང་སྔགས་ཀྱི་ཐེག་པར་བསྟན།། ཞེས་གསུངས་པའི་ཕྱིར་རོ།། དེ་ལྟར་འཆད་པ་ཡང༌། བླ་མའི་རྐྱེན་ནི་རང་གིས་རྟོགས་ཅིང་ཉམས་སུ་མྱོང་པ་དེ་མ་སྦས་ཅིང་སྟོན་པ་གཅིག་དགོས་ཏེ། བྱང་སེམས་ཐུགས་རྗེ་ཆེན་པོས། དཔེར་ན་འབྲོག་དགོན་ལྟ་བུ་ལྟུང་པ་ཉམ་ཉེས་པ་རྣམས་ཀྱིས་ལམ་སྟོན་པ་པོ་ལས་མ་གཏོགས་ལམ་དུ་འགྲོ་བ་མེད་དོ།། གལ་ཏེ་ལམ་སྟོན་པ་པོ་ལན་གཅིག་མཐོང་པ་དེ་བཞིན་ལམ་ཡང་མེད་དོ།། དེ་ནས་ལམ་ཉམས་པ་རྣམས་ཀྱི་སྐད་མི་ཤེས་པ་དེ་བཞིན་དུ་ལམ་ཡང་མེད་དོ།། གསུངས་སོ།།

དེ་ནས་རང་གི་རྐྱེན་ནི་མན་ངག་ཐོབ་མ་ཐག་བརྩོན་འགྲུས་ཀྱིས་བསྒོམས་པས་ཉམས་སུ་མྱོང་བ་སྟེ། ཇི་སྐད་དུ་འཕགས་པ་ལྷས། སྒྲུབ་པ་པོས་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་དྲན་པར་བྱས་ལ། མྱ་ངན་ལས་འདས་པའི་བདེ་བ་འདོད་པས་འདུ་འཇི་སྤངས་པར་བྱ་སྟེ། ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ཡང་སྡུག་བསྔལ་གྱི་འདུ་ཤེས་བསྒོམ་པར་བྱའོ།། གཉིས་པ་ནི་ཏིལ་འབྲུ་ཙམ་ལ་ཡང་དངོས་པོར་འཛིན་པའི་བློ་སྤང་བར་བྱའོ།། གསུམ་པ་ནི་དོན་དམ་པའི་བདེན་པ་ལ་མངོན་པར་དད་པས་ལུས་དང་སྲོག་ལ་ལྟོས་པ་མེད་པར་བྱའོ།། དེ་བཞིན་དུ་འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་ དང༌། གྲུབ་པ་ཆེན་པོ་བརྒྱད་ལ་ཡང་དོན་དུ་གཉེར་བར་མི་བྱའོ།། གཡེང་བར་འགྱུར་བ་དང་ བཟློག་པར་འགྱུར་བའི་ཕྱིར་རོ།། ཞེས་གསུངས་པ་དང༌། བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་གིས། དྲི་མ་མེད་པའི་འོད་ལས། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། ངག་གི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། སེམས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། འཕོ་བའི་ལོངས་སྤྱོད་ལ་ལྟོས་པ་མེད་པ་ནི། ལུས་དང་ངག་དང་སེམས་ཀྱི་ཚངས་པར་སྤྱོད་པ་སྟེ། རྣལ་དུ་ཕེབས་པ་ཞེས་བྱ་བའི་དོན་ཏོ།། འདི་ཡིས་ལྷ་རྣམ་ཀྱི་མཆོག་སྟེར་བར་འགྱུར་གྱི། སྲིད་པའི་ལོངས་སྤྱོད་ལ་ཞེན་པས་ནི་མ་ཡིན་ནོ།། ཞེས་པ་དང༌། ཡང་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒྲུབ་པ་ལ་མངོན་པར་ཞེན་པ་དང༌། བླ་མ་དམ་པའི་གདམས་ངག་ཐོབ་པ་དང༌། གདུག་པའི་གྲོགས་པོ་སྤངས་པ་དང༌། དུ་བ་ལ་སོགས་པའི་མཚན་མ་བསྒོམ་པ་དང༌། ལས་དང་པོ་པས་དབུ་མ་དག་པར་བྱས་པ་དང༌། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་མཆོག་ཏུ་བརྩེ་བའི་སེམས་ཀྱིས་རྗེས་སུ་བརྩེ་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ལ་བརྟེན་པ་དང༌། བུ་དང་ཁྱིམ་ཐབ་དང་རང་གི་ལུས་ལ་ལྟོས་པ་མེད་པ་དང༌། ལྷ་རྟེན་དང་གཙུག་ལག་ཁང་དང་བླ་མའི་རྫས་ལ་ཉེ་བར་ལོངས་སྤྱོད་པ་ལས་ཕྱི་རོལ་ཏུ་འགྱུར་བ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་ལ་བརྟེན་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། ཚངས་པའི་གནས་བཞི་ལ་གནས་པ་དང༌། ཞི་བ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་ལ་མངོན་པར་ཞེན་པ་སྤངས་པ་དང༌། ཐམས་ཅད་མཁྱེན་པའི་གནས་ལ་འཇོག་པར་འདོད་པ་དང༌། ཞེས་པ་ལ་སོགས་པ་གསུངས་པས། ལམ་དེ་བསྒོམ་པར་བསྟན་ཏོ།།

འདིའི་དོན་༼ནི་༽རྣལ་འབྱོར་པ་དང་གྲུབ་ཐོབ་རྣམས་དང་ཐམས་ཅད་མཁྱེན་པ་ཡིས། །ཐུགས་སུ་ཆུད་ནས་གཞན་ལ་ཕན་པའི་དགོངས་པས་དུ་མར་གསལ་བར་བཤད་ཀྱང་ནི། །བརྒྱུད་པའི་གདམས་ངག་གིས་དམན་མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་པ། །མ་རྟོགས་ཐེ་ཚོམ་ལོག་པར་རྟོག་པས་དད་ལྡན་སློབ་མའི་ལམ་ཁྲིད་པ། །མངོན་པར་བཟློག་པ་སྲིད་སྙམ་ཕྱག་རྒྱ་ཆེན་པོ་གཏན་ལ་དབབ་པ་འདི། །ལྷ་སྟོན་ཞེས་གྲགས་བློ་དམན་གྱུར་ཀྱང་གུས་ལྡན་སློབ་མ་ལ་ཕན་ཕྱིར། །བརྒྱུད་པ་མ་ཆད་ཐུགས་རྗེ་ཅན་གྱིས་བླ་མ་རྗེ་བཙུན་བཀའ་དྲིན་གྱིས། །བྲིས་པའི་དགེ་བས་འགྲོ་ རྣམས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་གྱུར་ཅིག། མཛད་བྱང་། ཕྱག་རྒྱ་ཆེན་པོ་གཏན་ལ་དབབ་པ་ཞེས་བྱ་བ། བླ་མ་རྗེ་བཙུན་གྱི་ཞལ་གྱི་གདམས་པ་ཡང་དག་པར་རྫོགས་སོ།། ཞེས་པ་འདི་ཡང་སྟོན་པ་ཡུ་་མོ་བ་མི་བསྐྱོད་རྡོ་རྗེས་མཛད་པའོ།། མངྒ་ལཾ། བྷ་ཝནྟུ། ཤུ་བྷཾ། རིག་འཛིན་སྒྲོལ་མས་རྩིས་འཁོར་དུ་བཅུག་ཤིང་། ཞུས་དག་དང་ས་བཅད་སྒྲིག་མཁན་ནི་བེ་རི་རིག་རྡོར་རོ༎