དུས་འཁོར་དཀའ་འགྲེལ།

གཞན་དོན་གྱི་རྐྱེན་བརྟག་པ་ཡིད་ཆེས་པར་དཀའ་བའི་གནས་རྡོ་རྗེའི་ཚིག་ལྔ་པ།

ད་ནི་ཡིད་ཆེས་པར་དཀའ་བའི་གནས་ལྔ་པ་བསྒྲུབ་པ་དང༌། དེ་ལ་སྒྲོ་འདོགས་སྤངས་བ་བརྗོད་པར་བྱ་སྟེ། །དེ་ལས་སྔ་མ་ནི་༼རྩ་བའི་རྒྱུད་༽འབུམ་ལྔ་ལས། བདུད་དང་ཉོན་མོངས་སྙོམས་འཇུག་དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་ནི། །བྱང་ཆུབ་སེམས་དཔའ་དཔའ་བོ་ཆེ། །ཁྲོ་ཆེན་རྣམས་ཀྱིས་མ་བསྲེགས་ཏེ། །སེམས་ཅན་རྣམས་ཀྱི་དོན་དུ་ནི། །ཅུང་ཟད་བསྲུང་བ་མཛད་པ་ཡིན། །ཞེས་གསུངས་པ་དང༌། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས། སེམས་ཅན་དོན་མཛད་གང་ལ་བདུད་ལ་སོགས་པའི་སྒྲིབ་པ་ཅུང་ཟད་བརྒྱན་གྱུར་པ། ཞེས་པས། བྱང་ཆུབ་སེམས་དཔའ་པདྨ་དཀར་པོས་ཀྱང༌། ཇི་སྐད་དུ། སྨོན་པའི་སེམས་ལ་སྒྲིབ་པ་ཅུང་ཟད་དེ། ཞེས་གསུངས་པའི་དོན་ནི། གཞན་དོན་སྤྲུལ་སྐུ་བཞེས་པ་ལ་འཕོ་བའི་བག་ཆགས་རླུང་རྐང་པ་གཅིག་ཀྱང་མི་སྤོང་ལ། དེའི་མཐུས་ཐབས་དང་ཤེས་རབ་ཀྱི་ཆོས་ལ་སོ་སོར་གནས་ནས་གཞན་གྱིས་མཐོང་རུང་དུ་ཡང་འགྱུར་ལ། སྤྲུལ་སྐུའི་རྟེན་བྱང་ཆུབ་སེམས་ལ་རང་དབང་བརྙེས་པའི་འཕོ་བ་ཅུང་ཟད་ཀྱང་ཡོད་པར་གསུངས་པས་སོ། ། ད་ནི་དེ་ལ་སྒྲོ་འདོགས་པ་དང༌། དེ་སྤང་བ་བརྗོད་དེ། དེ་ལ་དང་པོ་ནི། སྒྲིབ་པ་ཅུང་ཟད་ཡོད་པའི་ཕྱིར། སངས་རྒྱས་སུ་མི་འཐད་ཅེས་རིགས་པ་དང་འགལ་བ་དང༌། སངས་རྒྱས་འཁོར་བའི་ཕ་རོལ་སོན། །བག་ཆགས་བཅས་པ་གཏན་སྤངས་པ། ཞེས་གསུངས་པས། ལུང་དང་འགལ་ཞེ་ན། སྐྱོན་དང་པོ་ནི་མེད་དེ། ཡེ་ཤེས་ལེའུ་ལས། བྱང་ཆུབ་ཀྱི་སེམས་འཕོ་བ་རྣམ་པ་གཉིས་ཏེ། གཅིག་ནི་ལས་ཀྱི་དབང་གིས་འཕོ་བ་འཁོར་བར་འཁྱམ་པའི་རྒྱུ་དང༌། གཉིས་པ་ནི་སེམས་ལ་དབང་ཐོབ་པས་བསམས་བཞིན་དུ་འཕོ་བ། ལས་ཀྱིས་འཁྲུལ་པ་རྣམས་ལ་ལམ་བསྟན་པའི་དོན་དུའོ། །དེ་ལྟར་ན་ཉོན་མོངས་པ་ཅུང་ཟད་ཙམ་ནི་སྐྱེ་བ་བླང་བའི་དོན་དུ། ཞེས་གསུངས་པ་ཙམ་ལ་དད་པས་མོས་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མངའ་བའི་བསམ་གྱིས་མི་ཁྱབ་པའི་གནས་འདི་ལྟ་བུ་ལ་བརྟག་པར་མི་བྱ་སྟེ། ཇི་སྐད་དུ། སེམས་ཅན་དོན་ལ་བརྩོན་ཞིང་སྤྱོད་པ་བརྟག་དཀའི་སངས་རྒྱས་དེ་ལ། ཞེས་གསུངས་པས་སོ། །སྐྱོན་གཉིས་པ་ཡང་མི་འབྱུང་སྟེ། སྒྲིབ་པ་ཅུང་ཟད་མངའ་བ་རྒྱུ་བས་ཀྱང་རང་དོན་ལ་གེགས་མི་ནུས་པས། སྤངས་པ་དང་ཁྱད་པར་མེད་པས་ན། དེ་ནི། བག་ཆགས་བཅས་པ་གཏན་སྤངས་པ་ཡང་ཡིན་ནོ། །དེ་བས་ན། འཁོར་བ་ཞི་བའི་བདག་ཉིད་ལ༎ སྔགས་ཀྱིས་བསད་པའི་དུག་བཞིན་དུ། །ཉོན་མོངས་ཐུལ་བས་སྤངས་པ་མེད། །ཅེས་ཀྱང་བཤད་དོ། །གཞན་དོན་གྱི་རྐྱེན་བརྟག་པ་ཡིད་ཆེས་པར་དཀའ་བའི་གནས་ལྔ་པ་རྡོ་རྗེའི་ཚིག་དཔྱད་པའོ།། །། དེ་ལྟར་ཡིད་ཆེས་པར་དཀའ་བའི་གནས་ལྔ་པ་རིགས་པ་དང་ལུང་དྲི་མ་མེད་པ་དེ་དག་གིས་ངེས་པར་བྱ་བར་རིགས་ལ། དེ་དག་ལ་ཐེ་ཙོམ་དུ་གྱུར་ན། སྔོན་ཚོགས་མ་བསགས་པ། རྟོག་གེའི་དུག་ཆུས་ཚིམ་པའི་དམུས་ལོང་ངན་སོང་ལ་ཕྱོགས་པ་ཡིན་གྱིས། ཟབ་མོའི་གཏམ་གཅིག་ཙམ་གྱི་སྣོད་དུ་མི་རུང་བས་རེ་ཞིག་བཏང་སྙོམས་སུ་གཞག་གོ །

རྟོགས་པར་དཀའ་བ་རྣལ་འབྱོར་ཆེན་པོའི་རྒྱུད། ། མཐའ་དྲུག་གིས་བཅིངས་ཟབ་མོའི་ལམ་སྦས་པ། ། རྗེ་བཙུན་དྲིན་གྱིས་ཅུང་ཟད་རྙེད་པ་འདི། ། མཚུངས་མེད་ཆོས་རྗེ་དཔལ་ལྡན་བླ་མའི་དྲིན། ། བདག་ནི་དེང་ནས་འཁོར་བ་མ་སྟོངས་ཚེ། ། རྗེ་བཙུན་ཞབས་ཀྱི་དྲུང་དུ་རྟག་བསྟེན་ཞིང༌། ། ཚུལ་བཞིན་ཐོས་བསམ་སྒོམ་པས་རྒྱུད་སྦྱངས་ཏེ། ། དྲིན་ཅན་རྗེ་བཙུན་མཉེས་པར་བྱེད་པར་ཤོག ། བསོད་ནམས་དེ་ཡིས་མཁའ་མཉམ་སེམས་ཅན་རྣམས། ། མ་ལུས་རྡོ་རྗེ་ཐེག་པའི་ལམ་བཀོད་ཅིང༌། ། སྦས་དོན་ཟབ་ལམ་བདག་གིས་ལེགས་བསྟན་ཏེ༎ སྐུ་བཞིའི་མངའ་བདག་དུས་ཀྱི་འཁོར་ལོར་གྱུར། ། ཤིན་ཏུ་བརྟག་དཀའི་གནས་ལྔ་བགྲོད་པའི་ཡུལ་མིན་ཡང༌། ། རྗེ་བཙུན་དྲིན་གྱིས་ཆོས་མིག་ཅུང་ཟད་གང་སྐྱེས་དེས། ། དྲི་མེད་ལུང་རིགས་སྒྲོན་མས་གནས་ལྔ་གསལ་བྱས་པའི། ། དགེ་བ་གང་ཐོབ་འགྲོ་བ་ཀུན་ལས་རྒྱལ་གྱུར་ཅིག ། རུ་ལག་ཉང་གི་སྒྲོ་ཕུ་རུ། ། དགེ་བསྙེན་དབང་ཕྱུག་མིང་མཐའ་ཡིས། ། སྔགས་ཀྱི་གྲུབ་མཐའ་རྣམ་ངེས་འདི། ། མི་འགྱུར་ཡེ་ཤེས་གྲུབ་པ་ཡི། ། བརྟག་པའི་རྒྱལ་པོ་ལ་བརྟེན་བྱས། ། ནོངས་གྱུར་དམ་པས་བཟོད་པར་མཛོད། ། བདག་ནི་འཆི་བའི་དུས་གཅིག་གྱུར་པ་ན། ། སྡིག་པ་མི་དགེའི་དབང་དུ་མི་འགྱུར་ཞིང༌། ། ཤེས་པ་འཁྲུལ་དང་གཞན་གྱིས་གཡེངས་མེད་པར། ། དམ་ཆོས་ཡིད་ལ་བྱེད་བཞིན་ཤི་འཕོས་ནས། ། བླ་མ་མཁའ་འགྲོ་དག་གིས་ལམ་བསྟན་ཏེ། ། དཔལ་ལྡན་ཀ་ལཱ་པ་རུ་སྐྱེས་ནས་ཀྱང༌། ། རྡོ་རྗེ་འཛིན་པ་རྣམས་ཀྱི་ཞལ་མཐོང་ལ། ། དུས་ཀྱི་འཁོར་ལོ་མངོན་དུ་ཐོས་ནས་ཀྱང༌། ། ཚུལ་བཞིན་བསམ་དང་ཐོས་པས་རྒྱུད་སྦྱངས་ཏེ། ། ལྷུན་གྱིས་གྲུབ་པའི་སྐུ་བཞི་ཐོབ་ནས་ཀྱང༌། ། འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང༌། ། འགྲོ་བ་ལུས་ནའང་དེ་བཞིན་འདྲེན་གྱུར་ཅིག ། སེམས་ཅན་ཐམས་ཅད་སྡིག་མེད་ཅིང༌། ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག ། སངས་རྒྱས་ཉིད་དང་འཕྲད་གྱུར་པའི། ། ལམ་དེ་ཉིད་ནས་ཞུགས་ནས་ཀྱང༌། ། མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། ། མ་གྲོལ་བ་རྣམས་དགྲོལ་བར་ཤོག ། རྣལ་འབྱོར་བསྟན་བཅོས་དམ་ཚིག་ལ། ། ད་ལྟ་ཉིད་དུ་རྟོགས་པར་ཤོག། ཤུ་བྷཾ། མ་ཡིག་ནི་འབྲས་དཔེ་རྙིང་ཕྱི་ཀ༢༣༧ དང༌། ཕྱི་ཀ༢༠༧ ནི་ཤིང་པར་ཞིག་ཡིན། གོར་རྟགས་འདི་ཕྱི་ཀ༢༣༧ཁོ་ན་ལ་ཡོད།[ ] གོར་རྟགས་འདི་ཕྱི་ཀ༢༠༧ཅན་ཁོ་ན་ལ་ཡོད།{ } གཞུང་ཚིག་ཕན་ཚུན་མི་འདྲ་བས་སྔོན་མ་ཕྱི་ཀ༢༣༧ དང་ཕྱི་མ་ཕྱི་ཀ༢༠༧ ཡིན་པས་འདེམས་དགོས།[ { } མཆན་ནི་ཕྱི་ཀ༢༣༧ཁོ་ནས་ལ་གཞན་ལ་མེད།༼༽ བོད་རྒྱལ་ལོ། ༢༡༣༩ ཕྱི་ལོ་ ༡༠༡༢ ཟླ་ ༥ ཚེས་ ༡༨ ཉིན། བེ་རི་རིག་པའི་རྡོ་རྗེས་ཇོ་ནང་དེབ་ཕྲེང་དུ་བཞུགས་པའི་<<དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གྱི་དཀའ་བའི་གནས་རྣམས་འགྲེལ་པ་>>འདི་ཉིད་རྒྱལ་སྤྱིའི་བོད་ཡིག་ཏུ་བསྒྱུར་ཏེ།   དཀར་ཆག་གསར་དུ་བསྒྲིགས་བསྟུན་འཕྲུལ་དེབ་ཏུ་ཕབ་པོ༎