དུས་འཁོར་དཀའ་འགྲེལ།

སྟོང་པ་ཉིད་ཀྱི་གཟུགས་བསྒྲུབ་པ་ཡིད་ཆེས་པར་དཀའ་བའི་རྡོ་རྗེའི་ཚིག་གསུམ་པ།

ད་ནི་ཡིད་ཆེས་པར་དཀའ་བའི་གནས་གསུམ་པ་བསྒྲུབ་པ་དང༌། དེ་ལ་སྒྲོ་འདོགས་སྤང་བ་བརྗོད་དེ། དེ་ལ་སྔ་མ་ནི་བསྡུས་པའི་རྒྱུད་ཀྱི་སྒྲུབ་ཐབས་ཀྱི་ལེའུ་ལས། ཕྱག་རྒྱ་སྒྱུ་མའི་རྗེས་མཐུན་མཁའ་ལ་ཡིད་ཀྱིས་མེ་ལོང་ནང་གི་གཟུགས་འདྲ་བ། །འཇིག་རྟེན་གསུམ་སྟོན་བྱེད་ཅིང་དྲི་མེད་གློག་འདྲ་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་མེད་ཡུལ་དང་བྲལ་ཏེ་མཁའ་ལ་གནས་ཤིང་སྣང་བ་ཙམ། །སེམས་དང་སེམས་བྱུང་འགྲོ་བ་དུ་མ་ལ་འཁྱུད་དུ་མ་ཡིན་ཏེ་གཅིག་པའི་ཚུལ། །ཞེས་གསུངས་པའི་དོན། པཉྩི་ཀ་དང༌། རྗེ་ཡུ་མོ་བླ་མ་རིན་པོ་ཆེས་སྟོང་ཉིད་གསལ་བར་རྒྱས་པར་བཀོད་པས་དེར་ཤེས་པར་བྱའོ། །འདིར་ནི་དེ་ལ་སྒྲོ་འདོགས་པ་དང༌། དེ་སྤང་བ་བརྗོད་དེ། འདིར་སྨྲས་པ། ཁྱེད་ཀྱི་གཞུང་ལུགས་ལྟར་ན། སྟོང་པ་ཉིད་ཀྱི་གཟུགས་རྡུལ་ཕྲན་ལས་མ་གྲུབ་པས། བྷ་ག་དང་ལྡན་པའི་ལུས་མེད་ལ། དེས་ན་དབང་པོ་གཉིས་སྦྱོར་བ་མེད་པས། དེ་ལས་བྱུང་པའི་བདེ་བ་ཡང་མི་འཐད་ཅེས་པ་དང༌། པྲ་ཏི་སེ་ན་དཔེར་བྱེད་པ་དེ་ནི། སློབ་དཔོན་དང་སྔགས་ཀྱི་ལྷ་ཡིས་བྱིན་གྱིས་བརླབས་པའི་རྗེས་སུ་འགྲོ་ལྡོག་བྱེད་པ་ལྟར། འདི་ཡང་དེ་ཉིད་ཀྱིས་ཁྱབ་དགོས་ལ། དེ་འདོད་ནའང་མ་བརྟགས་པར་ནམ་མཁའ་ལས་བྱུང་རང་བྱུང་བར་འདོད་པ་དང་འགལ་ཞེ་ན། འདིར་བཤད་པ། ཀླན་ཀ་དང་པོ་མི་རིགས་ཏེ། སྟོང་པ་ཉིད་ཀྱི་གཟུགས་ལ་རྫས་ལས་གྲུབ་པའི་ལུས་མེད་ཀྱང༌། སེམས་ཀྱི་སྣང་བ་ལ་བརྟེན་ནས་བདེ་བ་ཡོད་ན་ཅི་ཏོ། །དཔེར་ན་རྨི་ལམ་གྱི་སེམས་ལ་བདེ་སྡུག་མྱོང་བ་བཞིན་ནོ༼རྩ་རྒྱུད་ལས། མོ་ཤམ་བུ་ཡི་སྦྱོར་བ་ཡིས། །རྨི་ལམ་བདེ་བར་གྱུར་པ་ལྟར། །ནམ་མཁའ་ལས་བྱུང་གཟུགས་ཀྱི་ནི། །བརྟེན་པས་བདག་ལའང་དེ་བཞིན་བདེ༽། །འོན་ཀྱང་དེ་ནི་ཡོད་མེད་དུ་ངེས་པའི་ཐ་སྙད་ལ་དགག་སྒྲུབ་མི་ནུས་ཏེ། འདི་ལྟར་རྨི་ལམ་འཁྲུལ་པ་ཡིན་པས། མངོན་སུམ་གྱི་ཚད་མར་མི་རུང་ལ། རྟགས་ཀྱིས་མཚོན་དུ་མེད་པས་རྗེས་སུ་དཔག་པ་མ་ཡིན་ཡང༌། རང་གིས་མྱོང་བ་གཞན་གྱིས་དགག་ཏུ་མི་འཐད་དོ། ། དེ་ལས་འཕྲོས་པའི་ཀླན་ཀ་གསུམ་སྤང་བ་བརྗོད་དེ། དེ་ལས་དང་པོ་ནི། རྨི་ལམ་གྱི་བདེ་སྡུག་ནི་སེམས་ཀྱིས་མྱོང་བར་མ་གྲུབ་ལ། དབུགས་རྒྱུ་བའི་མཐུས་ལུས་ཀྱིས་མྱོང་བར་གྲུབ་སྟེ། ལུས་ལས་ཁུ་བ་འཕོས་པར་དམིགས་པའི་ཕྱིར་རོ། །ཞེ་ན། དེ་ལྟར་ན་དབུགས་འབྱུང་འཇུག་རེ་ཞིག་ཙམ་ཆད་པའི་བརྒྱལ་བ་དང༌། བརྒབས་པའི་སེམས་ལ་བདེ་སྡུག་མྱོང་བ་མེད་པར་ཐལ་ལོ། །ཞེས་བྱའོ། །དེ་འདོད་ཅེ་ན། དེ་ལ་ཉམས་སུ་མྱོང་བ་ཡོད་པར་གྲགས་པས། གསལ་བར་གསུངས་པ་ནི། འཇིག་རྟེན་ན་མི་འགའ་ཞིག་བརྒབས་ན་དབུགས་རེ་ཞིག་ཆད་པའི་ལུས་མལ་ན་འདུག་བཞིན་དུ། ཡིད་ཀྱི་ལུས་མཐོ་རིས་དང་ངན་སོང་གི་གནས་སུ་བདེ་སྡུག་མྱོང་བའི་ལོ་རྒྱུས་དྲན་པ་རྙེད་པའི་རྗེས་སུ་ཉེ་འཁོར་ལ་བརྗོད་པ་དམིགས་པས་བསལ་ལོ། །དེ་བས་དེ་ནི་སེམས་ཀྱི་བག་ཆགས་ཏེ། དེ་ཡང་མི་རྟག་པས་བག་ཆགས་སད་པའི་དུས་ན། སྟོང་ཉིད་ཀྱི་གཟུགས་ལ་བརྟེན་པའི་བདེ་བ་མི་འགལ་ལོ། ། འཕྲོས་པའི་ཀླན་ཀ་གཉིས་པ་སྤང་བ་ནི། གལ་ཏེ་རྨི་ལམ་གྱི་བདེ་བ་སེམས་ཀྱི་བག་ཆགས་ཙམ་ཡིན་ན། ལུས་ལས་ཁུ་བ་འཕོ་བ་མི་རིགས་པ་ལས། ལུས་ལས་འཕོས་པས་སེམས་ཀྱི་བག་ཆགས་ཙམ་མ་ཡིན་ཞེ་ན། དེ་ལྟར་ཡང་རྡུལ་ཕྲན་ལས་གྲུབ་པའི་ལུས་མེད་ཀྱང༌། ཡོན་ཏན་༼ནམ་མཁའ་རེག་བྱའི་༽གཉིས་ཀྱི་བདག་གི་འཕོ་བ་གཟུགས་མེད་ཀྱི་ལྷ་ལ་ཡོད་པར་གསུངས་པས། ལུས་ཅན་ཁོ་ན་ལ་འཕོ་བས་མ་ཁྱབ་ཅིང༌། ལུས་ཅན་ལ་འཕོ་བས་ཁྱབ་པའི་རིགས་ཅན་ཡང༌། སེམས་ཀྱི་བག་ཆགས་རང་གི་འཕོ་བ་སྟེ་ནང་གི་ལེའུ་ལས། ལུས་འདི་ཁམས་ཀྱི་ཚོགས་ཏེ། ཞེས་པའི་ཚིགས་བཅད་རྣམས་ཀྱིས་གྲུབ་ཅིང༌། གཞན་ཡང་ཕྱིར་རོལ་གྱི་གྲུབ་པའི་མཐའ། ཕྱི་རོལ་གྱི་དོན་ཡོད་པར་བསྟན་པ་དག་ཀྱང༌། སེམས་ཀྱི་བག་ཆགས་ཀྱི་དབང་གིས་གསུངས་ཞེས་བྱའོ། ། འཕྲོས་པའི་ཀླན་ཀ་གསུམ་པ་སྤང་བ་ནི། གལ་ཏེ་རྨི་ལམ་གྱི་དུས་ན་སེམས་ལ་སྣང་བ་ནི་བདེན་ན། སད་པའི་དུས་ན་མཐོང་ཚད་བེམས་པོར་སྣང་དགོས་ཏེ། དཔེར་ན་བེམས་པོའི་༼ཁ་དོག་གི་༽གཟུགས་ཡོད་ན་མེ་ལོང་དུ་ཡང་བེམས་པོའི་གཟུགས་སྣང་གིས། མེད་ན་མི་སྣང་བ་ལྟར། སྟོང་ཉིད་ཀྱི་གཟུགས་ཀྱང་སངས་པའི་གནས་སྐབས་སུ་སྣང་བས་བེམས་པོར་གྲུབ་ཀྱིས། བེམས་མིན་གྱི་སྣང་བ་འགལ་ཞེ་ན༌། དེ་ལྟར་ན་སད་པའི་དུས་སུ་པྲ་ཕབ་པའི་བུ་མོ་ལ་རྐུན་པོ་དངོས་མེ་ལོང་དུ་མཐོང་བར་ཐལ་བ་ལས། དངོས་མི་སྣང་བས་སེམས་ཀྱི་སྣང་བར་གྲུབ་པོ། ། སྔར་གྱི་ཀླན་ཀ་གཉིས་ཀ་སྤང་བ་ལ་གཉིས་ལས། དང་པོ་ནི། དཔེ་ལ་བརྟག་པ་དང༌། དོན་གཏན་ལ་དབབ་པའོ། །སྔ་མ་ནི་བུ་མོས་མཐོང་པའི་པྲ་ཏི་སེ་ན་ཏེ། སློབ་དཔོན་དང་སྔགས་ཀྱི་ལྷས་བྱིན་གྱིས་བརླབས་པ་ཁོ་ནར་༼ཡིན་ནོ་ཟེར་བ་ལ་དེ་ཙམ་དུ་༽མི་རིགས་ཏེ། སློབ་དཔོན་རང་ལ་མཐོང་བ་མེད་པའི་ཕྱིར་རོ། །གལ་ཏེ་རང་ལ་མཐོང་བ་ཡོད་ན་བུ་མོ་ལ་ཅིའི་ཕྱིར་རག་ལས་ཏེ། དེས་ན་སྔགས་ཀྱི་རྐྱེན་ཙམ་ཡིན་གྱིས། བུ་མོས་མཐོང་བའི་རྒྱུའི་གཙོ་བོ་ནི་འཕོ་བའི་བདེ་བ་ལ་མ་ཞུགས་པ་ཙམ་ཡིན་ནོ. .དེས་དཔེ་ལ་བསྒྲུབ་བྱ་༼བུ་མོ་སྔགས་ཀྱི་བྱིན་རླབས་སུ་འདོད་པ་༽སྟོང་པར་བསྟན་ཏོ། །ཕྱི་མ་ནི་དེ་བཞིན་དུ་རྣལ་འབྱོར་པས་མཐོང་བའི་སྟོང་པའི་གཟུགས་ཀྱང༌། བླ་མས་གནང་བ་དང༌། བྱིན་རླབས་ཀྱི(མཐོང་ཟེར་བ་དེ)ས་མ་ཡིན་ཏེ། འཕོ་བ་སྤངས་བའི་རྒྱུ་གཙོ་བོ་ཡིན་པས་སོ། ། གཉིས་པ་ལ་ནི་གལ་ཏེ་༼སྔར་གྱི་དཔེ་ལས་འཕྲོས་པ་༽འཕོ་བ་མ་སྤངས་ཀྱང་ཉི་ཚེ་བའི་ཡེ་ཤེས་སྟོན་ནུས་པར་སྣང་བས། དེ་ནི་བྱིན་རླབས་ལས་འོས་མེད་ཅེ་ན། དེ་ནི་མ་ངེས་ཏེ། ༼བྱིན་རླབས་མེད་ཀྱང་༽སྐར་རྩིས་དང༌། ཉེ་ཚེ་བའི་སྔགས་དང༌། ལྷ་གྲུབ་པས་༼ཉི་ཚེ་བའི་ཡེ་ཤེས་༽ཀྱང་མཐོང་བའི་ཕྱིར་རོ། །དེས་ན་ཉི་ཚེ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡང་མ་ཡིན་ལ། མ་བརྟགས་པར་མཐོང་བ་ཡང་མ་ཡིན་ནོ། །དེ་ལྟ་བུའི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཀྱི་སྐུ་འདི་ནི་གཅིག་ཡིན་ཡང༌། སེམས་ཅན་༼འཕགས་པ་བྱམས་པས་ཀྱང༌། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །རྟེན་པའི་ཆོས་ཀྱི་དབྱེ་བ་ཡིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། ཅེས་སོ། །༽ཐམས་ཅད་ཀྱི་སྙིང་ཀར་ཞུགས་པས་དུ་མ་ཡང་ཡིན། ཞེས་གསུངས་པས། དེ་ཡོད་ན་ཟག་མེད་ཀྱི་བདེ་བ་གྲུབ་མཐའ་ཞལ་གྱིས་བཞེས་པར་འཐད་ཀྱི། དེ་ལྟ་མ་ཡིན་ན་ནི་མི་རུང་གི། ནམ་མཁའ་ལ་ཚོན་གྱིས་བསྒོ་རུ་མི་བཏུབ་པ་བཞིན་ནོ། །འདི་སྟོན་པས་ཀྱང་སྔགས་ཀྱི་ཐེག་པ་ཁྱད་པར་དུ་གསུངས་སོ། །༼ལེའུ་བཞི་པའི་ཚིགས་བཅད་བརྒྱ་གོ་དགུ་པའི་དོན། པཉྩི་ཀར། ཕྱག་རྒྱ་ཆེན་མོ་ནི་བཅོམ་ལྡན་འདས་ཀྱི་སྔགས་ཀྱི་ཐེག་པ་ལས་གཞན་དུ་མ་བསྟན་ཏེ། དེ་བས་ན་སྔགས་ཁྱད་པར་དུ་འགྱུར་བའོ། །ཞེས་སོ། །༽སྟོང་པ་ཉིད་ཀྱི་གཟུགས་བསྒྲུབ་པ་ཡིད་ཆེས་པར་དཀའ་བའི་རྡོ་རྗེའི་ཚིག་གསུམ་པ་བསྟན་པའོ།། །།