དཔལ་ཇོ་ནང་བའི་ལུགས་ཀྱི་ལྟ་སྒོམ་སྤྱོད་འབྲས་་་

༄༅། །དཔལ་ཇོ་ནང་བའི་ལུགས་ཀྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་དོན་ཤིན་ཏུ་བསྡུས་པ་བཞུགས་སོ།།

ཇོ་ནང་ཀུན་མཁྱེན་ཕྱོག་ལས་རྣམ་རྒྱལ།

ན་མོ་གུ་རུ་ཝེ། ལྟ་བསྒོམས་སྤྱོད་པ་རྣམ་དག་ལེགས་བསྟན་ནས། །སྐལ་ལྡན་འབྲས་མཆོག་ཐོབ་པའི་དོན་མཛད་དང༌། ། ཆོས་རྗེ་ཆོས་རྗེ་ཀུན་མཁྱེན་དོལ་པོ་པ།བླ་མའི་ཞབས་པད་གུས་མཆོད་ནས། །ལྟ་བསྒོམ་སྤྱོད་འབྲས་མདོར་བསྡུས་གསལ་བར་བྱ། ། འདིར་རྣལ་འབྱོར་བ་བསྒྲུབ་པའི་སྙིང་པོ་ཉམས་སུ་ལེན་ཅིང༌། ཐ་སྙད་ཀྱི་སྤྲོས་པ་ཉུང་ངུ་ལ་མངོན་པར་དད་པ་འགའ་ཞིག་གི་ངོར། ལྟ་བསྒོམ་སྤྱོད་འབྲས་ཀྱི་དོན་ངོས་བཟུང་བ་ལ། དང་པོར་ལྟ་བའི་དོན་ངོས་བཟུང་བ་ནི། སངས་རྒྱས་ཀྱི་བསྟན་པ་བརྗོད་བྱ་བདེན་པ་གཉིས་ལ་བརྟེན་པ་ལས། རེ་ཞིག་ཀུན་རྫོབ་བདེན་པའི་གནས་ལུགས་ནི། སྣང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི། ལེགས་པར་རྣམ་པར་དཔྱད་ན་ཅིར་ཡང་མ་གྲུབ་ཅིང༌། རང་རང་གི་ངོ་བོས་སྟོང་པ་ཉིད་ཡིན་ལ་མ་བརྟགས་མ་དཔྱད་པའི་ངོར་སྣ་ཚོགས་སུ་སྣང་ཡང༌། སྣང་བ་ལྟར་གྱི་དངོས་པོར་མི་བདེན་པར་རྨི་ལམ་དང་སྒྱུ་མའི་སྣང་བ་དང་མཚུངས་པ་ནི་ཀུན་རྫོབ་བདེན་པའི་གནས་ལུགས་སུ་ཤེས་པར་བྱའོ། །དོན་དམ་བདེན་པའི་གནས་ལུགས་ནི། མཚན་ཉིད་ཐེག་པའི་དབུ་མ་པའི་གཞུང་ལུགས་སྨྲ་བ་རྣམས་ནི། འདི་ལྟར་སྣང་བའི་དངོས་པོ་ལ། །རིག་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ནི་དོན་དམ་སྟེ། །ཡེ་ནས་གནས་པའི་མཚན་ཉིད༌། །ཞེས་འབྱུང་བ་ལྟར་ཀུན་རྫོབ་ཀྱི་བདེན་པ་སྣང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཡང་དག་པར་ན། གང་དུ་མ་གྲུབ་པ་ཉིད། དོན་དམ་བདེན་པའི་གནས་ལུགས་སུ་འདོད་པ་མང་ན་ཡང༌། དེ་ནི་རེ་ཤིག་མཚན་ཉིད་ཐེག་པའི་དབུ་མ་པའི་གཞུང་དུ་བསྟན་པའི། དོན་དམ་བདེན་པའི་མཚན་ཉིད་ཙམ་ཞིག་ཡིན་ལ། མཐར་ཐུག་སྔགས་ཀྱི་ཐེག་པའི་བདེན་པར་གསུངས་པའི་དོན་དམ་བདེན་པ་ནི། འཕགས་པ་ལྷའི་ཞལ་ནས། མིན་དང་བྲལ་བའི་སྐད་ཅིག་མ། །འོད་གསལ་བློ་གྲོས་ཤིན་ཏུ་དྭངས། །རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་བདེན་པའི་མཚན་ཉིད་ནི། །ཡེ་ཤེས་རང་བཞིན་འོད་གསལ་བ། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་བ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཀུན་རྫོབ་ཀྱིས་སྟོང་པས་ན། སྤྲོས་པའི་མཚན་མ་ཐམས་ཅད་བྲལ་བ། དེ་བཞིན་གཤེགས་པའི་སྙིང་པོ་དང༌། དང་པོའི་སངས་རྒྱས་ཞེས་གསུངས་པ་ཉིད་མཐར་ཐུག་གི་མཉམ་བཞག་གི་ཐེག་པའི་སྐབས་སུ་དོན་དམ་པའི་བདེན་པར་ཤེས་པར་བྱའོ། །དེ་ལྟར་ན་བདེན་པ་གཉིས་ཀྱི་གནས་ལུགས་ཡང་དག་པར་ཤེས་པ་ནི་ལྟ་བ་རྣམ་པར་དག་པ་ཡིན་ནོ། །བསྒོམ་པའི་དོན་ནི་མཐར་ཐུག་གི་མཉམ་བཞག་གིས་སེམས་ཀྱི་ཆོས་ཉིད་རང་བཞིན་གྱི་འོད་གསལ་བ་ནི། བྱེད་པ་བཅིང་བའི་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཐུན་མོང་དུ་གསལ་བ་ལ། ཡེངས་པའི་སྐད་ཅིག་ཀྱང་མེད་པར་རྩེ་གཅིག་ཏུ་འཇོག་པ་ནི་མཐར་ཐུག་གི་བསྒོམ་པ་ཡིན་ལ། གནས་སྐབས་སུ་ཕྱི་ནང་རྟེན་འབྲེལ་གྱི་ཆོས་ཐམས་ཅད་སྣང་ཡང་བདེན་པའི་ངོ་བོས་སྟོང་པ། རྨི་ལམ་སྒྱུ་མ་ལྟ་བུ་ཤེས་པ་རྟོགས་པའི་གོམས་པར་བྱེད་པས་ན། རྗེས་ཐོབ་ཀྱི་བསྒོམ་པའམ་གནས་སྐབས་ཀྱི་བསྒོམ་པའོ། །སྤྱོད་པ་ཐེག་ཆེན་གྱི་ཐུན་མོང་གི་སྤྱོད་པ་ནི། སྨོན་འཇུག་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། བདག་དང་སེམས་ཅན་དུ་མངོན་པར་མ་ཞེན་པའི་ཚུལ་གྱིས་དངོས་དང་བརྒྱུད་པའི་སྒོ་ནས་སེམས་ཅན་ལ་ཕན་པའི་བྱ་བ་བྱེད་ཅིང༌། ཉེས་སྤྱོད་བྲལ་བའི་བྱ་བ་གང་བྱེད་ཐམས་ཅད་ཐེག་པ་ཆེན་པོའི་སེམས་བསྐྱེད་དང༌། དྲན་ཤེས་བཞིན་གྱིས་ཟིན་པར་བྱེད་པ་ཡིན་ལ། མཐར་ཐུག་སྔགས་ཀྱི་ཐེག་པའི་སྤྱོད་པ་ཐུན་མོང་མ་ཡིན་པ་ནི། བྱ་བ་གང་བྱེད་ཐམས་ཅད་ཡིད་དམ་ལྷའི་ང་རྒྱལ་དང་མ་བྲལ་བར་བྱེད་ཅིང༌། ངེས་དོན་གྱི་ཕར་ཕྱིན་དྲུག་གི་སྤྱོད་པ་དང༌། རིགས་དྲུག་གི་དམ་ཚིག་གི་སྤྱོད་པ་སྐྱོང་བར་བྱེད་པ་ལ་སོགས་པའོ། །འབྲས་བའི་དོན་ནི་ལྟ་བསྒོམ་སྤྱོད་པ་རྣམ་དག་ཉམས་སུ་བླངས་པས། མཉམ་བཞག་ཡེ་ཤེས་ཀྱི་ཚོགས་དང༌། རྗེས་ཐོབ་དུ་བསོད་ནམས་ཀྱི་ཚོགས་བསགས་པ་ལས། རྣལ་འབྱོར་པའི་རིག་པ་ཆོས་ཉིད་འོད་གསལ་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་ཐིམ་པས། རྣལ་འབྱོར་རང་ཉིད་ལ་གདོད་མ་ནས་བཞུགས་པའི་ཆོས་ཀྱི་སྐུ་གློ་བུར་གྱི་དྲི་མ་དང་བྲལ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ནི། རང་དོན་ཕུན་ཚོགས་རབ་ཀྱིས་མཐར་ཕྱིན་པ་ཡིན་ལ། དེས་མཐུ་ལས་གདུལ་བྱ་གང་ལ་གང་འདུལ་གྱི་གཟུགས་སྐུའི་སྣང་བ་བསྟན་ནས། འཁོར་བ་ཅི་སྲིད་པར་སེམས་ཅན་གྱི་དོན་ལྷུན་གྱི་གྲུབ་ཅིང་རྒྱུན་མི་འཆད་པ་མཛད་པ་ནི། གཞན་དོན་ཕུན་ཚོགས་རབ་ཀྱིས་མཐར་ཕྱིན་པ་སྟེ། དེ་ལྟར་དོན་གཉིས་ཕུན་ཚོགས་མཐར་ཕྱིན་པ་ནི་འབྲས་པའི་དོན་དུ་ཤེས་པར་བྱའོ། །དེ་ལྟར་བཀོད་པའི་དགེ་བ་ཡིས། །འགྲོ་རྣམས་ལྟ་བསྒོམ་སྤྱོད་པའི་ཚུལ། །རྣམ་དག་ལམ་ལ་རབ་ཞུགས་ཏེ། །ཐར་བའི་གྲོངས་ཁྱེར་མཆོག་ཐོབ་ཤོག །ལྟ་བསྒོམ་སྤྱོད་པའི་དོན་མདོར་བསྡུས་པ་འདི་ནི་ཀུ་སུ་ལུ་པ་འགའ་ཞིག་གི་དོན་དུ་དགེ་སློང་རྡོ་རྗེ་འཛིན་པ་ཆོས་ཀྱི་རྒྱལ་པོ་མིང་གཞན་ཇོ་ནང་ཕྱོག་ལས་རྣམ་རྒྱལ་གྱིས་ཉེ་བར་སྦྱར་བའོ། །མངྒཾ༌། བྷ་ཝན་ཏུ། ཤུ་བྷཾ།། །།