གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
(གནས་མཆོག་གཡུ་ལོའི་ལྷ་ཁང་སླར་ཡང་མཇལ་བ།)
བེ་རི་རིག་པའི་རྡོ་རྗེ།
དེ་རིང་ནི་བོད་རྒྱལ་ལོ་ ༢༡༥༢ སྣྲོན་ཟླའི་དམར་ཕྱོགས་བཟང་པོ་དང་པོ་སྟེ། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༣ ཡིན། སྤྱིར་བཏང་དེང་སྐབས་དྷ་རམ་ས་ལའི་ཆར་དུས་ཡིན་པས། ཉིན་མཚན་མེད་པར་ཆར་བ་འབབ་མཚམས་མི་འཇོག་པ་མ་ཟད། སྨུག་སྤྲིན་གྱིས་རི་ལུང་ཡོངས་སུ་བཏུམ་ནས་ཡོད་མོད། དེ་རིང་རྒྱུན་ལྡན་དང་ཡེ་མི་འདྲ་བར་ནམ་མཁའ་སྔོ་ལ་དངས་ཤིང་། ཞོ་གསར་སྤུངས་འདྲའི་སྨུག་སྤྲིན་འཐུག་པོ་ཞིག་རི་བོ་དྷོ་ལྷ་དྷར་གྱི་རི་རྩེ་ནས་མར་དལ་གྱིས་བབས། ཚ་དྲོད་འབར་བའི་ཉི་འོད་ནོར་བུ་གླིང་གའི་གྲོང་སྡེར་འཕྲོས་པ་དང་། བསིལ་རླུང་འཇམ་པོ་ཞིག་ཀྱང་ལྷོད་ཀྱིས་ལྡིང་།
ཁ་སང་ནས་དུས་ཚོད་བཀོད་བསྒྲིགས་བྱས་པ་བཞིན། ཞོགས་པའི་དུས་ཚོད་ ༩ ཐོག་གླ་གཏོང་རླངས་འཁོར་བསླེབས་མ་ཐག་ལམ་ལ་བུད། དེ་རིང་ང་ཡུལ་སྐོར་ལ་འགྲོ་ས་ནི་རྒྱ་གར་གྱི་གནའ་ཤུལ་གྲགས་ཅན་ཞིག་ཡིན། གནའ་ཤུལ་དེར་འགྲོ་དོན་ནི། ངས་བརྩེ་བའི་ཆོས་ཀྱི་གྲོགས་པོ་རྣམ་པར་ནང་བའི་གནས་ཁྱད་པར་བ་ཞིག་ངོ་སྤྲོད་བྱེད་ཆེད་ཡིན།
སྤྱིར་བཏང་གནས་འདི་མི་ལོ་ ༡༠ ཡར་སྔོན་ཞིག་ཏུ་ང་རང་དྷ་རམ་ས་ལར་ཡོང་སྐབས་ཤིག་ལ་རྙེད་པའམ་ངོས་བཟུང་བ་ཡིན། དེ་དུས་དེའི་སྐོར་ཁ་གསལ་ཙམ་བྲིས་ནས་ངོ་དེབ་ཐོག་སྤེལ་ཡོད། འོན་ཀྱང་དེ་རིང་སླར་ཡང་གནས་ཆེན་དེར་ཕྱིན་ནས། སྔར་ལས་ཀྱང་ཞིབ་མཇལ་ཡིད་ཚིམ་པ་ཞིག་དང་། དོགས་པ་འཕྲན་བུ་རེ་ཡོད་པ་དེ་ལ་བསྐྱར་ཞིབ་ཅིག་བྱས། སྔར་བྲིས་པའི་ཟིན་ཐོར་སྣོན་འཕྲི་ཅུང་བྱས་ནས་ཆོས་གྲོགས་ཕོ་མོ་ཚོར་དྲན་སྐུལ་ཞིག་གི་ཚུལ་དུ་སླར་ཡང་རགས་ཟིན་ཞིག་སྤེལ་འདོད་བྱུང་།
