ངེས་དོན་མདོ་སྡེ།

      Comments Off on ངེས་དོན་མདོ་སྡེ།

སྙིང་པོའི་མདོ་ལྔ་དང་ངེས་དོན་མདོ་སྡེ་ཉི་ཤུའི་དཔར་ཤིང་སྐོར།

རབ་བྱུང་བཅུ་པའི་ས་རྟ་སྟེ་ཕྱི་ལོ་ ༡༦༡༨ ལོ་ནས་བཟུང་། རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་གྱི་ཆོས་གྲྭ་ཆེན་པོར་དཔར་རྐོའི་ལས་གྲྭ་དངོས་སུ་ཚུགས་ཤིང་། མདོ་སྨད་བྲག་སྣ་པ་གཞོན་ནུ་སོགས་དཔར་རྐོ་བ་བཞིས་རྟག་བརྟན་དམ་ཆོས་གླིང་གི་དཔར་ཁང་དུ་ཐོག་མར་དཔར་རྐོའི་ལག་རྩལ་བསླབས། དེ་རྗེས་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་རབས་ལས་《དཔལ་དུས་ཀྱི་འཁོར་ལོའི་བསྟོད་ཆེན་》སོགས་ཆོས་ཚན་བཅུ་དྲུག་དཔར་དུ་བརྐོས་པའི་སྐོར་དེའི་པར་བྱང་ལས། “ཨོཾ་སྭསྟི། དཔལ་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་གྱི་པར་ཁང་དུ།   དཔལ་དུས་ཀྱི་འཁོར་ལོའི་བསྟོད་ཆེན། དུས་འཁོར་གྱི་དབང་གོང་མའི་ཆོ་ག  སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་ཡིག དེའི་གེགས་སེལ་འཁྲུལ་འཁོར།   དུས་འཁོར་ཆོས་འབྱུང་།    བདེ་མཆོག་བསྟོད་ཆེན། དགེས་པ་རྡོ་རྗེའི་སྒྲུབ་ཐབས། དེའི་དཀྱིལ་འཁོར་གྱི་ཆོ་ག གཤེད་དམར་ལྷ་ལྔའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་གྱི་མན་ངག བསྔོ་བ་ཡས་གཏམ་སོགས། པར་བརྐོས་ཀྱི་འདུ་བྱེད།  མདོ་སྨད་བྲག་སྣ་པ་གཞོན་ནུ། རྡོ་རྗེ་ལྷུན་གྲུབ། ས་སྐྱ་སྐྱབ་པ།  ལྕགས་ཐང་པ་བསྟན་པ་ཡར་འཕེལ་བཞིས་བསམ་པ་རྣམ་པར་དག་པའི་སྒོ་ནས། རྟ་ལོ་ནས་བྱ་ལོ་ཧོར་ཟླ་ལྔ་པ་ཡིན་ལ།  བསླབ་ཅིང་བརྐོས་མཐར་ཕྱིན་པ་དང་།    གོང་གི་ཆོས་ཚན་སོ་སོ་བརྐོས་པའི་དགེ་བས་སྐྱེ་བ་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར། རྗེ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་སྙིང་པོའི་བསྟན་པ་ལ་ཕན་ཅིང་བྱ་བ་བྱེད་ནུས་པ་གཅིག་ཏུ་སྐྱེ་བར་གྱུར་ཅིག” ཅེས་གསུངས་པས་ཤེས་ནུས་ལ། 

དེ་བཞིན་རྒྱུད་བཞི་རྟག་བརྟན་པའི་པར་བྱང་དུ་ཡང་། “འདིར་མཛད་པའི་ཆ་ཤས་ལས་སམ་ཟེགས་མ་ལྟ་བུ་ལས། དཔལ་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་གྱི་ཆོས་སྡེ་ཆེན་པོ་འདི་ཉིད་དུ། ཆོས་ཀྱི་སྒོ་མཐའ་དག་ཕྱོགས་ཀུན་ཏུ་ཡུད་ཙམ་ལ་གསལ་བར་སྟོན་པའི་པར་གྱི་འཕྲུལ་འཁོར་ཆེན་པོ་བསྒྲུབས་པའི་ཚུལ། དཔལ་དུས་འཁོར་ལོ། བདེ་ཀྱེེ་གསང་གསུམ། སྒྲོལ་མ་འབྱུང་བའི་རྒྱུད་སོགས་རྒྱུད་སྡེ་འགངས་ཆེ་བའི་རིགས། སྙིང་པོ་མདོ་ལྔ་དང་གསེར་འོད་དམ་པ་སོགས་ངེས་དོན་མདོ་ཉི་ཤུ།” ཞེས་ངེས་དོན་མདེ་སྡེ་ཁག་དང་། དེ་དག་གི་དགོངས་འགྲེལ་བྱམས་ཆོས། སེམས་འགྲེལ་སྐོར་གསུམ། ཀླུ་ཐོགས་འཕགས་ཡུལ་པཎ་གྲུབ་རྣམས་དང་། ཀུན་མཁྱེན་དོལ་པོ་སངས་རྒྱས་ཡབ་སྲས་ཀྱི་གསུང་རབས་པར་དུ་བསྒྲུབས་ཚུལ་གསལ་བོར་བཀོད་ཡོད་མོད། དུས་རབས་ ༡༧ ནང་གི་གྲུབ་མཐའ་གསར་བརྗེས་ལས་འགུལ་ཁྲོད་རྟག་བརྟན་པར་ཁང་ཆེན་མོ་སོགས་བསྲེག་ཟའི་ཞལ་དུ་བསྟིམས་པས། ད་ལྟ་ངེས་དོན་མདོ་སྡེ་ལས་སོར་ཕྲེང་གི་མདོ་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་གསུང་པོད་ ༡༧ ཅན། སྨན་གྱི་རྒྱུད་བཞི་སོགས་ཀྱི་པར་ཡིག་ལས། གཞན་དག་གི་དཔར་ཤིང་ལྟ་ཅི། ཐ་ན་པར་ཡིག་ཙམ་ཡང་མཇལ་རྒྱུ་མེད། 

འདིར་བཀོད་པའི་ངེས་དོན་མདོ་སྡེ་ཁག་ནི་སྡེ་དགེའི་པར་མ་ཡིན་ལ། དེ་དག་ཀྱང་རྟག་བརྟན་པར་མའི་ངེས་དོན་མདོ་ལྔ་དང་། ངེས་དོན་མདོ་སྡེ་ཉི་ཤུའི་པར་ཡིག་བོད་ཁམས་སུ་ཁྱབ་རྗེས་སུ་དཔར་དུ་བརྐོས་པ་ཡིན་པར་ངེས།

སོར་མོའི་ཕྲེང་བ་ལ་ཕན་པའི་མདོ། རྟག་བརྟན་པར་མ། BDRC

ངེས་དོན་མདོ་སྡེ། སྡེ་པར་མ། BDRC