ཀུན་མཁྱེན་དོལ་པོ་སངས་རྒྱས།

ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་བཀའ་འབུམ། པོད་ཆེན་དགུ་བཞུགས།
འདིའི་ནང་དུ་དུས་འཁོར་མཆན་འགྲེལ་སོགས་མི་བཞུགས།

ཀུན་མཁྱེན་དོལ་པོ་སངས་རྒྱས་(༡༢༩༢-༡༣༦༡)ནི། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་ཡ་གྱལ་རྒྱལ་བ་ཇོ་ནང་བའི་ཐུན་མིན་ལྟ་གྲུབ་གཞན་སྟོང་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་འབྱེད་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་སོགས་ནས་གསལ་བར་ལུང་བསྟན་པ་ལྟར། མངའ་རིས་དོལ་པོ་ཀ་ཡོ་རི་ཞེས་གྲགས་པའི་གནས་ཆེན་དེར་སྐུ་འཁྲུངས། མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་མཁས་གྲུབ་སུམ་ཅུ་ལྷག་བླ་མར་བརྟེན་ནས་ཐོས་བསམ་མཛད་ཅིང་། དབུས་གཙང་གཉིས་སུ་གྲྭ་སྐོར་མཛད་པས་ཀུན་མཁྱེན་ཞེས་གྲགས།

དགུང་གྲངས་སོ་ལྔའི་ཐོག་(༡༣༢༦)ཇོ་ནང་གི་གདན་རབས་བཞི་བའི་ཁྲིར་འཁོད་ཅིང་དུས་འཁོར་རྒྱུད་འགྲེལ་སོགས་ངེས་དོན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཇོ་ནང་སྐུ་འབུམ་མཐོང་གྲོལ་ཆེན་པོ་གསར་བཞེངས་མཛད་ཅིང་། མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོ་དང་། རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་དུ་བཀྲལ་ཏེ། མདོ་སྔགས་ཟུང་གི་ལྟ་གྲུབ་གཞན་སྟོང་དབུ་མ་ཆེན་པོའི་ཆོས་སྐད་ཀྱིས་ས་གསུམ་ཁྱབ་པར་མཛད་པས། རི་བོ་བརྩེགས་པས་རྒྱ་མཚོ་བརྡོལ་ཞེས་གྲགས།

ཕྱི་ལོ་ ༡༣༥༥ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་བྲག་ལྷ་ཀླུ་སྒུག་ཏུ་རྒྱལ་བ་སྲས་བཅས་ཀྱི་གསུང་འབའ་ཞིག་ལས་བརྩམས་ཏེ་གཞུང་ལུགས་ཆེན་པོ་ལྔ་བརྒྱ་དང་། དགེ་བའི་བཤེས་གཉེན་སུམ་བརྒྱ་ལྷག་དཔང་བོར་བཞག་ནས་བོད་བརྒྱུད་ནང་བསྟན་ལ་དག་ཐེར་དང་། ཐེག་པ་ཆེན་པོའི་བཀའ་བསྡུ་བཞི་བ་མཛད་པས། མདོ་ཕྱོགས་ནས་འཁོར་ལོ་ཐ་མའི་དགོངས་དོན་གཞན་སྟོང་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་འབྱེད་དང་། སྔགས་ཕྱོགས་ནས་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་བསྟན་པའི་བཀའ་བབ་ཅེས་ཡོངས་སུ་གྲགས།

ཕྱི་ལོ་ ༡༣༣༤ ལོར་ཐུགས་སྲས་ལོ་ཙཱ་བ་ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་དང་། ལོ་ཙཱ་བ་ཆེན་པོ་བློ་གྲོས་དཔལ་བཟང་རྣམ་གཉིས་ཀྱིས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་བཀས་བསྐུལ་དང་དགོངས་བཞེད་བཞིན། ཀུན་སྤངས་ཆོས་གྲགས་དཔལ་བཟང་དཔང་བོར་བཞག་ནས་དུས་འཁོར་རྒྱུད་འགྲེལ་ལ་འགྱུར་བཅོས་མཛད་པས། ཡོངས་གྲགས་སུ་དུས་འཁོར་ཇོ་ནང་འགྱུར་ཞེས་གྲགས། ཇོ་ནང་ལོ་ཙཱ་བ་རྣམ་གཉིས་ཀྱི་འགྱུར་ལ་ཁོང་གིས་གསལ་བྱེད་ས་བཅད་དང་། མཆན་འགྲེལ་མཛད་པས་དོལ་པོའི་དུས་འཁོར་མཆན་འགྲེལ་དུ་གྲགས། ཐུགས་སྲས་ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་གྱིས་རང་སློབ་རྒྱལ་སྲས་དངུལ་ཆུ་ཐོགས་མེད་བཟང་པོས་(༡༢༩༥-༡༣༦༩)ཞུས་ངོར། དུས་འཁོར་འགྲེལ་མཆན་ཆེན་མོ་ཡོངས་གྲགས་དུས་འཁོར་ཕྱོགས་མཆན་དུ་གྲགས་པ་སོགས་མཛད་པས་དུས་འཁོར་རྒྱུད་འགྲེལ་བ་དང་བཅས་པར་སྔར་མེད་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་ཆེན་པོ་བྱུང་།

ལྟ་བའི་ལེགས་བཤད་ཆེན་པོ་རི་ཆོས་ངེས་དོན་རྒྱ་མཚོ་དང་། བཀའ་བསྡུ་བཞི་བ་སོགས་གསུང་རྩོམ་པོད་ཆེན་བཅུ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་ཆོས་གྲགས་དཔལ་བཟང་དང་། རིགས་པའི་དབང་ཕྱུག་ཉ་དབོན་ཀུན་དགའ་དཔལ། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཇོ་ནང་ལོ་ཙཱ་བློ་གྲོས་རྣམ་གཉིས་སོགས་རང་འདྲའི་སློབ་ཆེན་བཅུ་བཞི་དང་། རྒྱལ་སྲས་ཐོགས་མེད་བཟང་པོ། གཡག་སྡེ་པཎ་ཆེན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ལོ་ཆེན་བྱང་ཆུབ་རྩེ་མོ། དུས་འཁོར་བ་རྡོ་རྗེ་སྙིང་པོ་སོགས་སློབ་ཚོགས་གྲངས་མེད་པ་བྱོན།

         མཚན་གྱི་རྣམ་གྲངས་ལ། ཤེས་རབ་མགོན་པོ་དང་། ཀུན་མཁྱེན་དོལ་པོ་སངས་རྒྱས། བསྟན་རྩིས་ཆེན་པོ་པ་རྟོན་པ་བཞི་ལྡན། དོལ་པོ་པ་རྟོན་པ་བཞི་ལྡན། བཙུན་པ་དོལ་པོ་པ། ཤེས་རབ་རྒྱལ་མཚན་དཔལ་བཟང་པོ། རྒྱལ་ཁམས་ཀྱི་བསོད་སྙོམས་པ། རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་ཞེས་འབོད་ལ། འཇིག་རྟེན་འདིའི་ཐོག་འཕགས་པ་རྔ་བོ་ཆེའི་མདོ་སོགས་ལས་ལུང་བསྟན་པ་ལྟར། ཀུན་མཁྱེན་དོལ་པོ་སངས་རྒྱས་ཞེས་ཡོངས་སུ་གྲགས་སོ།།

 

Leave a Reply

Your email address will not be published. Required fields are marked *