ཇོ་ནང་དང་སོག་པོའི་བར་གྱི་འབྲེལ་བ།

ཇོ་ནང་དང་སོག་པོའི་བར་གྱི་འབྲེལ་བ།

བེ་རི་རིག་པའི་རྡོ་རྗེ།

ཕྱི་ལོ་༢༠༢༤ཟླ་༩ཚེས་༡༨ཉིན།བོད་སོག་གཉིས་ཀྱི་ལོ་རྒྱུས་ཆུ་རྒྱུན་རིང་མོའི་ཁྲོད།སོག་པོ་ཁལ་ཁ་ཞེས་ཡོངས་སུ་གྲགས་པ་དེའི་སའི་ཆ་ཤས།ཁལ་ཁ་གཡོན་རུ་ཞེས་གྲགས་པ།རྗེ་བཙུན་དམ་པ་ཏཱ་ར་ནཱ་ཐ་(༡༥༧༥-༡༦༣༤)དང་།དེའི་དེ་མ་ཐག་པའི་ཡང་སྤྲུལ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་རིམ་བྱོན་གྱི་ཐུན་མིན་གདུལ་ཞིང་གི་དུམ་བུ།དེང་སང་རྡོར་ནོད་མངའ་སྡེ་(Dornod province)ཁལ་ཁ་རྫོང་(Khalkh Gol)གི་ཁོངས་སུ་ཡོད་པའི་སྤྱན་རས་གཟིགས་ཀྱི་རྡོ་སྐུ་(Statue of Janraisag/Avalokitesvara Buddha)བྱིན་ཅན་དེ་དང་།ཆོས་དཔལ་བཟང་(Choibalsan)རྫོང་དུ་ཡོད་པའི་ཇོ་ནང་བླ་རི་(Jonon Uwl)ཞེས་གྲགས་པ་གཉིས་ལ་གནས་མཇལ་དང་།ཞིབ་མཇུག་བྱེད་སླད་ལམ་ལ་བུད། 

སྤྱན་རས་གཟིགས་ཀྱི་རྡོ་སྐུ་དེ་ནི་རྡོར་ནོད་མངའ་སྡེའི་ཁལ་ཁ་རྫོང་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ་༣༥མཚམས་ཏེ།ཤར་ཕྱོགས་ནས་ལྷུང་ལྷུང་དུ་བཞུར་བའི་ཁལ་ཁ་གཙང་བོའི་(Khalkh Gol or River)འགྲམ་རྒྱུད་དུ་ཡོད་ཅིང་།སོག་པོ་དང་རྒྱ་ནག་གི་ས་མཚམས་སུ་ཁེལ་འདུག 

སྤྱིར་བཏང་སོག་པོའི་ཤར་ཕྱོགས་དང་།དེའི་ནང་ནས་ཀྱང་རྡོར་ནོད་མངའ་སྡེའི་ས་ཆ་བརྒྱ་ཆའི་བདུན་ཅུ་སྤངས་ཐང་འབའ་ཞིག་ཡིན་ཅིང་།རི་བྲག་ནགས་གསུམ་ཡེ་མེད་པས་ཡོངས་གྲགས་སུ་སོག་པོའི་རྩྭ་ཐང་ཆེན་མོ་ཟེར་བའི་མཚན་གཞི་ཡང་འདི་ཡིན་འདུག 

དེ་ལྟར་གཡུ་ཡི་མེ་ལོང་ཕྱིས་པ་ལྟ་བུའི་སྤངས་ལྗོངས་ཉམས་དགའ་བ་ཞིག་གི་དཀྱིལ་དུ།གླང་ཆེན་གྱི་གཙུག་ཏོར་ལྟར་ཡར་ཅུང་ཟད་འཕར་བའི་ས་དབྱིབས་ཡིད་འཕྲོག་པ་ཞིག་གི་ངོས་སུ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་དེ་རྡོ་དཀར་འབུར་གཟུགས་སུ་བརྩིགས་ཏེ།བོད་ཀྱི་ཐང་གའི་དབྱིབས་སུ་བཞེངས་བསྐྲུན་བྱས་འདུགརྡོ་སྐུ་དེའི་རིང་ཚད་ལ་སྤྱི་ཁྲི་༣༠དང་།ཞིང་ཚད་ལ་སྤྱི་ཁྲི་༣༠ཡོད་ཅིང་།མཐའ་སྐོར་དུ་རྡོའི་ར་བ་རིམ་པ་བཞི་བྱས་པའི་ཕྱི་མའི་ཟུར་བཞིར་མཆོད་རྟེན་བཞི་དང་།སྟེང་དུ་རྗེ་བཙུན་སྒྲོལ་མ་དཀར་མོ།སངས་རྒྱས་མར་མེ་མཛད།རྒྱལ་བ་རྡོ་རྗེ་འཆང་།རྡོ་རྗེ་སེམས་དཔའ་བཅས་ཀྱི་རྡོ་སྐུ་བཞིན་ལག་ཆེ་ཚད་རེ་དང་།མདུན་གཡས་གཡོན་དུ་དུར་ཁྲོད་བདག་པོ་དང་།མགོན་དཀར་ཕྱག་དྲུག་པ་གཉིས་སྲུང་མའི་ཚུལ་དུ་བཞུགས་ཤིང་།གཞན་ཡང་ཚེ་དཔག་མེད་ཀྱི་རྡོ་སྐུ་བཞིན་ལག་ཆེ་ཚད་དྲུགརྡོའི་ར་བ་ནང་མའི་མར་གཤམ་དུ་བསྟན་པའི་བདག་པོ་སངས་བཅོམ་ལྡན་འདས་དང་།ཕྱག་ན་རྡོ་རྗེ་གཉིས་ཀྱི་སྐུ་བརྙན་ཏེ་བསྡོམས།རྡོ་སྐུ་བཞིན་ལག་གི་རྣམ་པ་ཅན་༡༤བཞུགས།

དེ་དག་གི་སྤྱིའི་རྒྱ་ཁྱོན་ལ་གྱེན་དུ་སྤྱི་ཁྲི་༢༢༠.༩༧དང་།འཕྲེད་དུ་སྤྱི་ཁྲི་༡༡༣.༦༣ཡོད་པས།སོག་པོ་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་ནང་བའི་སྐུ་བརྙན་དེ་ཆགས་འདུག་ཅིང་།ལོ་རྒྱུས་ལྟར་ན།སྤྱན་རས་གཟིགས་ཀྱི་རྡོ་སྐུ་དེ་ཕྱི་ལོ་༡༨༥༩ལོར་ས་གནས་ཀྱི་སྲིད་སྐྱོང་ཐོག་ཏོག་ཁ་ཐུར་(B.Togtokhtur)ལགས་ཀྱི་བཀའ་དགོངས་ལྟར།ཁལ་ཁ་གཡོན་རུའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་ཞལ་འདེབས་བསྡུས།ཤིང་རྟ་འདྲེན་པའི་བ་གླང་༡༠༠༠ལྷག་ལ་སུ་ཁ་དཔའ་ཐུལ་(Sukhbaatar)མངའ་སྡེ་ནས་ས་རྡོ་བཀལ་ཏེ།ལག་ཤེས་པ་༡༨༠ཙམ་གྱིས་དཀའ་སྡུག་ལ་གདོང་ལེན་བྱས་ནས།ཕྱི་ལོ་༡༨༦༤སྟེ་མི་ལོ་དྲུག་རིང་བཞེངས་བསྐྲུན་ཡོངས་སུ་གྲུབ་པར་བྱས་ཤིང་།ཕྱི་ལོ་༡༩༩༥-༡༩༩༧བར་ཉམས་གསོ་བྱས་འདུག 

ད་ལྟའི་ཆར་སྤྱན་རས་གཟིགས་ཀྱི་རྡོ་སྐུ་དེའི་ཉེ་འཁོར་དུ་མཐའ་མཚམས་སྲུང་བའི་དམག་སྒར་ཆུང་ཆུང་ཞིག་ལས་གཞན་ཅི་ཡང་མེད་ཅིང་།ཡོད་ཚད་རང་བྱུང་ཁམས་ཀྱི་མཛེས་སྡུག་གིས་ཡོངས་སུ་བརྒྱན་པས།དྲི་བཞོན་བུ་མོའི་འགྱུར་ཁུག་གི་ཁྲོད་ནས་ནད་བརྒྱ་སེལ་བའི་རྩྭ་སྨན་གྱི་དྲི་བསུང་དང་།ལྷུང་ལྷུང་དུ་འབབ་པའི་ཁལ་ཁ་གཙང་བོའི་བཞུར་སྒྲ།ཁེར་རྐྱང་གི་འཚོ་བས་སུན་པའི་འཇག་མའི་ཤུགས་གླུ།ལྷིང་འཇགས་ཀྱི་འཚོ་བར་རོལ་བའི་ལྷ་བྱ་ཕུག་རོན་སྔོན་མོའི་ཁྱུ་ཚོགས་ཀྱི་མགྲིན་སྒྲ་ཙམ་ལས།གོ་རྒྱུ་དང་རིག་རྒྱུ་ཅི་ཡང་མེད་པའི་དབེན་གནས་ཉམས་དགའ་བ་ཞིག་ཏུ་གྱུར་འདུག 

ངོ་མཚར་ཅན་གྱི་རྡོ་སྐུ་དེ་བཞེངས་དགོས་པའི་དམིགས་ཡུལ་ཁག་མདོར་བསྡུས་ན།
༡༽སོག་པོའི་ཁྱིམ་མཚེས་རྒྱལ་ཁབ་མན་ཇུ་དང་ས་མཚམས་སུ་ཁེལ་བའི་ཤར་ཕྱོགས་ཀྱི་མཐའ་མཚམས་སྲུང་སྐྱོབ་དང་། དེའི་བདག་དབང་མཚོན་སླད།
༢༽དུས་རབས་ ༡༩ དུས་དཀྱིལ་ཙམ་དུ་སོག་པོའི་མི་མང་དང་། སྒོ་ཕྱུགས་ལ་ཚབ་ཆེའི་གོད་ཆགས་བྱུང་སྐབས། སྤོབས་པ་དང་ཡིད་ཆེས་མཚོན་སླད།
༣༽ནམ་རྒྱུན་སོག་པོའི་དད་ལྡན་པ་རྣམས་བོད་དང་། རྒྱ་གར་སོགས་སུ་ནང་པའི་གནས་ཆེན་ཁག་ལ་མཇལ་སྐོར་དུ་འགྲོ་སྐབས། རྒྱུ་ཚེགས་དུསགསུམ་མང་པོ་གཏོང་དགོས་པས། ཕྱིན་ཆད་དེ་ལས་ལྡོག་ཏེ་ས་གནས་རང་དུ་གནས་སྐོར་བྱས་ན་ཆོག་པའི་དམིགས་ཚད་བཟུང་བ་གསུམ་གཙོ་བོ་ཡིན་འདུག

ངོ་སྤྲོད་ལྟར་ན།སྤྱན་རས་གཟིགས་ཕྱག་བརྒྱད་པ་ཞེས་པ་ཙམ་ལས་གསལ་ཁ་ཆེར་མི་འདུག་མོད།ཞིབ་པར་དཔྱད་ན།རྗེ་བཙུན་དམ་པ་ཏཱ་ར་ནཱ་ཐས་མཛད་པའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་སུ་གསལ་བའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཇིགས་པ་བརྒྱད་སྐྱོབ།ཤཱཀྱ་རཀྵི་ཏའི་མན་ངག་ཐུན་མོང་མ་ཡིན་པ།རྒྱ་གར་གྱི་པཎྜི་ཏ་པུརྞ་བཛྲ་སྟེ་གང་བའི་རྡོ་རྗེའི་ཞལ་སྔ་ནས་དངོས་སུ་རྗེ་བཙུན་ཏཱ་ར་ནཱ་ཐས་གསན་པ་དེ་ཉིད་ཡིན་ཏེ།ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་1ལས། 

“འཕགས་པ་སྤྱན་རས་གཟིགས་དཀར་པོ་འོད་དཔག་མེད་ཀྱིས་དབུ་རྒྱན་ཅན། ཞལ་གཅིག་ཕྱག་བརྒྱད་ཀྱི་གཡས་བཞི་ན། སེང་གེ་གླང་ཆེན་དུག་སྦྲུལ་གཟའ། གཡོན་བཞི་ན། མེ་ཆུ་ལྕགས་སྒྲོག་མི་རྣམས་འཛིན་པ། ཞབས་གཡོན་བརྐྱང་བའི་གར་སྟབས་ཅན། དར་དང་རིན་པོ་ཆེས་བརྒྱན་པ།” ཞེས་དང་། དེའི་མཇུག་བྱང་དུ།
“ཀུན་ལས་ངོ་མཚར་རྨད་བྱུང་སྐུ།།
འཇིགས་བརྒྱད་སྐྱོབ་པ་རབ་དགའི་གནས།།
རྒྱུད་ཀྱི་སྙིང་པོ་ཡིན་ནོ་ཞེས།།
བླ་མའི་གསུང་ལས་གསལ་བར་ཐོས།།”
པཎྜི་ཏ་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ། ཤཱཀྱ་རཀྵི་ཏའི་མན་ངག་སྤྱན་རས་གཟིགས་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།།” ཞེས་གསུངས་པ་ལྟར་རོ།།

བོད་རྒྱུད་ནང་བསྟན་གྱི་ལྷ་ཚོགས་ཁྲོད་སྤྱན་རས་གཟིགས་མང་པོ་ཡོད་པའི་ནང་ནས།དམིགས་སུ་བཀར་ཏེ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་རྒྱ་གར་པཎྚི་ཏ་པིརྞ་བཛྲ་ལས་དངོས་སུ་གསན་པའི་གདམས་པ་ཁྱད་པར་ཅན།སྤྱན་རས་གཟིགས་འཇིགས་པ་བརྒྱད་སྐྱོབས་ཀྱི་སྐུ་བརྙན་བཞེངས་པ་དེ་ལ་ཡང་རྒྱུ་མཚན་དང་དགོས་པ་དམིགས་བསལ་ཞིག་ཡོད་པ་བཤད་ཅི་དགོས།

དེ་གའི་ས་གནས་མི་མང་གིས་བཤད་སྲོལ་ལྟར་ན།སོག་པོའི་དད་ལྡན་མི་མང་རྣམས་ལོ་རེ་བཞིན་བོད་དང་རྒྱ་གར་དུ་གནས་མཇལ་ལ་འགྲོ་བཞིན་ཡོད་ལ།གཙོ་བོ་ཕོ་བྲང་པོ་ཏ་ལ་དང་།དབུས་གཙང་གི་དགོན་སྡེ་ཁགམངའ་རིས་གངས་དཀར་ཏི་སེ་སོགས་ལ་གནས་མཇལ་དུ་འགྲོ་སྲོལ་ཡོད།བོད་དང་རྒྱ་གར་དུ་གནས་མཇལ་ལ་འགྲོ་དགོས་ན།རྒྱུ་ཚེགས་དུས་ཚོད་གང་གི་ཆ་ནས་ལས་སླ་བོ་མེད་པས།གནས་ཆེན་དེ་དག་གི་ཚབ་ཏུ་ས་གནས་རང་ལ་སྤྱན་རས་གཟིགས་ཀྱི་རྡོ་སྐུ་འདི་བཞེངས་བསྐྲུན་བྱས་པ་ཡིན་ཅིང་།དེ་ནས་བཟུང་ས་གནས་དད་ལྡན་མི་མང་གིས་རྒྱུན་ལྡན་དུ་ཕྱག་མཆོག་སོགས་བྱེད་བཞིན་འདུག

ཇོ་ནང་བླ་རི་ཞེས་གྲགས་པ་དེ་ནི།རྡོར་ནོད་མངའ་སྡེ་ཆོས་དཔལ་བཟང་གྲོང་ཁྱེར་ནས་སྤྱི་ལེ་༦༠ཙམ་གྱི་སར་ཆགས་པའི་ཆོས་དཔལ་བཟང་རྫོང་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་གཉིས་ཙམ་གྱི་སར་ཡོད་ཅིང་།དེང་སང་ཡང་སོག་སྐད་དུ་ཇོ་ནང་རི་བོ་(Jonon Uwl)ཟེར་གྱིན་འདུག  རི་དབྱིབས་རྒྱལ་པོ་རོལ་སྟབས་ཀྱིས་བཞུགས་པ་ལྟ་བུ་ལ། གཡས་གཡོན་གཉིས་སུ་ཡང་རི་འབུར་དེ་ལས་ཆུང་བ་འགའ་ཕྲེང་སྒྲིག་གི་ཚུལ་དུ་ཡོད་པ་ནི། རྒྱལ་བློན་བཞུགས་གྲལ་འཚོགས་པ་དང་ཀུན་ནས་མཚུངས་ཤིང་། གནམ་སྔོན་དུམ་བུ་ཆད་འདྲའི་མཚོ་ཆུང་ཡིད་དུ་འོང་བ་གཉིས་མདུན་ཕྱོགས་སུ་ལྡེམ་མེར་འཁྱིལ་བ་ནི། སྲིད་པ་རྒན་པོས་བསམ་བཞིན་བཤམས་པའི་མཆོད་པའི་ཡོན་ཆབ་ཤིག་དང་གཉིས་སུ་མེད། 

ཆོས་དཔལ་བཟང་རྫོང་གྲོང་བརྡལ་དུ་རིག་གནས་ལྟེ་བ་(Culture Center)ཟེར་བ་ཆོས་དཔལ་བཟང་གི་ཕོ་བྲང་རྙིང་བ་དེང་སང་བཤམས་སྟོན་ཁང་དུ་བསྒྱུར་ཡོད་པ་དེའི་ནང་དུ་ཇོ་ནང་ཞྭ་མོ་ཟེར་བ་ཞིག་ཡོད་སྐད་ཐོས་མོད།སྟབས་མ་ལེགས་པ་ཞིག་ལ།ཉིན་དེར་བཤམས་སྟོན་བདག་གཉེར་བས་ལྡེ་མིག་ཁྱེར་ནས་ཡུལ་གཞན་དུ་ཕྱིན་སོང་བས་དེར་མཇལ་བསྐལ་མ་བྱུང་སྟབས།བཤམས་སྟོན་ཁང་དེའི་མ་བྱན་བུད་མེད་ཅིག་ཡོད་པ་དེར་གློག་འཕྲིན་སྤྲད་ནས་རྗེས་སུ་ཞྭ་མོ་དེ་དཔར་ཞིག་བཏབ་ནས་མཁོ་སྤྲོད་གནང་རྒྱུའི་རེ་བསྐུལ་ཞུས་ཏེ་ཕྱིར་ཆོས་དཔལ་བཟང་གྲོང་ཁྱེར་དུ་ཆས། 

མཚམས་འདིར་སྔར་ནས་ཞིབ་མཇུག་བྱེད་བཞིན་ཡོད་པའི་ཐ་སྙད།ཁལ་ཁ་གཡོན་རུ་དང་།ཇོ་ནང་།པེའི་སི།ཇོ་ནང་བླ་རི་ཟེར་བ་སོགས་ལ་རགས་ཙམ་དཔྱད་ན།སྤྱིར་བཏང་སོག་པོའམ་ཆེན་པོ་ཧོར་གྱི་ཡུལ་ལ་མཚོན་ན།སུམ་པའི་ཆོས་འབྱུང་དུ། 

“གཡོན་རུ་གསུམ་ནི།ཆ་ཧར།ཧལ་ཧ།ཨུར་ཧན་ཟེར།དུས་ཕྱིས་མོང་གོལ་དང༌།ཧལ་ཧ།ཨོའི་ལོད་གསུམ་དུ་འབྱེད།དེ་ལས་མོང་གོལ་ཚོ་ཆེན་བཞི་བཅུ་ཟེར་བ་གོང་སྨྲོས་ལྟར་ཚོགས་འདུས་དྲུག་ཏུ་འདུས་པ་ནི།རྨ་ཆུའི་ཕུག་གི་ཨོར་ཏུ་སུའི་ས་ཆ་ཨེ་ཁེ་ཇོ་བོ་ན་ཝང་དང༌།ཧད་གིན།འོ་ཐོགཏ་ལང༌།ཨ་ཤང༌།ཇོན་གར་དྲུགམཁར་སྔོན་པོའི་རྒྱབ་ཀྱི་ཨུ་ལན་ཆབ་ན།དུར་བེད།ཁུའུ་ཁེད།ཆོས་ཁུར།ཧལ་ཧ།ཨུ་རང་སྟོད་སྨད་བར་གསུམ་སྟེ་དྲུགཇོའུ་སའོ་ཏིའན།པཱ་རིན།ཨོང་ཉོད།ནའི་མན།ཨོའུ་ཧན།ཇ་རོང༌།ཁེ་ཤིག་ཐན།ཨ་རུ་ཧོར་ཆིན་དང་བདུན།ཞི་ལེའི་ན་གེལ་ན།ཨ་པ་གྭསོ་ཉིད།ཨོང་ཉོད།ཧུའི་ཆིང་ཧན་ཆེན་དང་ལྔ།ཡོ་སོག་ཐུན།ཐུ་མེད་ཇ་ལིང༌།ཧོར་ལོས།ཧ་ཆོ་ཧོར།ཨ་པ་ག་ནར།ཧོར་ཆེན་དང་དྲུགཇེ་རེའི་མུ་ན།ཧོར་ཆེན་ཚོ་བཅུ།ཨུ་ཅུ་མུ་ཇིའོ།ཧལ་ཧ་ལ་ཚོ་བདུན་ཡོད་ཀྱང༌།གཡས་རུ་ཇ་སག་ཐུ་ཧན།དབུས་རུ་ཐུ་ཞེའི་ཐུ།གཡོན་རུ་ཆེ་ཆེན་ཧན་གྱི་ཤོག་ཁ་གསུམ་དུ་འདུའོ།།” ཞེས་མང་པོ་ཞིག་བཤད་འདུག་མོད། 

སྤྱིར་ཁལ་ཁ་ལ་ཚོ་བ་བདུན་དང་།ཚོ་ཆེན་བཞི།གཡས་རུ།གཡོན་རུ།དབུས་རུ་ཟེར་བ་སོགས་མང་དུ་ཡོད་ལ།ཁལ་ཁ་ཞེས་པའི་ཁྱད་ཚད་ཀྱིས་ཧ་ལམ་སོག་པའི་ས་ཆའི་བརྒྱ་ཆའི་བདུན་ཅུ་ཙམ་ཟིན་པར་བཤད་ཀྱང་།དེང་དུས་ཀྱི་སོག་པོའི་གནས་སྟངས་སམ།ཕྱི་ལོ་༡༩༢༡ལོའི་རྗེས་སུ་སོག་པོ་རྒྱལ་ཡོངས་མངའ་སྡེ་༢༡ཏུ་བཅད་བགོས་བྱས་པའི་དབང་དུ་བྱས་ན།སོག་པོར་མངའ་སྡེ་ཉེར་གཅིག་ཡོད་པའི་ནང་གི་ཧེན་ཊིས།(Khentii)དང་།རྡོར་ནོད།(Dornod) སུ་ཁ་དཔའ་བྷ་ཐར།(Sukhbaatar) རྡོར་ནོད་སྒོབ་(Dorno-govi)བཅས་ཏེ་ཤར་ཕྱོགས་ཀྱི་མངའ་སྡེ་ཆེན་པོ་འདི་བཞི་ཁལ་ཁ་གཡོན་རུའི་ཕྱོགས་སུ་རྩི་བཞིན་འདུགདེ་བཞིན་རྗེ་བཙུན་དམ་པ་སྐུ་ཕྲེང་དང་པོའི་འཁྲུངས་ཡུལ་ཨོར་ཧང་ཁ་(Uvurkhangai)སོགས་ནུབ་ཕྱོགས་ཀྱི་མངའ་སྡེ་ཁག་ཅིག་ཁལ་ཁ་གཡས་རུའི་ཕྱོགས་དང་།སྐུ་ཕྲེང་གཉིས་པའི་འཁྲུངས་ཡུལ་(Tov)ཏེ་རྒྱལ་ས་ཨུ་ལན་དཔའ་ཐུལ་ཆགས་ཡུལ་སོགས་འགའ་ཞིག་ཁལ་ཁ་དབུས་རུར་རྩི་བཞིན་ཡོད་པ་འདྲ།

གང་ལྟར་རྗེ་བཙུན་དམ་པ་ཏཱ་ར་ནཱ་ཐ་དང་།ཁོང་གི་དེ་མ་ཐག་པའི་ཡང་སྤྲུལ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་རིམ་བྱོན་གྱི་འཕྲིན་ལས་ཀྱི་བ་དན་དཀར་པོ་ཕྱོགས་ཀུན་ཏུ་རྣམ་པར་གཡོས་ཏེ།སོག་ཤིང་སྒོ་ཅན་གྱི་ནང་བསྟན་ཡོངས་རྫོགས་ཀྱི་བདག་པོར་གྱུར་བས།ད་ལྟའི་ཆར་ཡང་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་བོད་སོག་གཉིས་ཀྱི་ལོ་རྒྱུས་ཆོས་འབྱུང་ཁག་ཏུ་གསལ་བ་ལྟར་ཡིན།

དེར་བརྟེན་ཇོ་ནང་ཟེར་བའི་ཐ་སྙད་འདི་སོག་པོའི་སྤྱི་ཚོགས་ཁྲོད་ཁྱབ་ཅུང་ཆེ་བའི་ཐ་སྙད་ཅིག་སྟེ།ཆོས་ལུགས་དང་།ས་མིང་།མི་མིང་།མགྲོན་ཁང་།ཐ་ན་བཅའ་དངོས་སོགས་ཀྱི་མིང་ལ་ཡང་ཇོ་ནང་ཟེར་བའི་ཐ་སྙད་འདི་ཐོགས་འདུགདཔེར་ན་ཚེ་མཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་(༡༧༡༣-༡༧༩༣)གྱིས་མཛད་པའི་ཁལ་ཁ་གཡོན་རུ་ཇོ་ནང་པེའི་སི་བསོད་ནམས་དབང་རྒྱལ་རྡོ་རྗེའི་ཤོག་གི་བླ་མ་བི་ལིག་ཐུ་མཁན་པོ་ནོ་མོན་ཧན་བློ་བཟང་བསྟན་པའི་དགེ་ལེགས་ཀྱི་ཞབས་བརྟན་གསོལ་འདེབས2།ཞེས་པའི་མཇུག་བྱང་དུ། 

“ཅེས་ཁལ་ཁ་གཡོན་རུ་ཇོ་ནང་པེའི་སི་བསོད་ནམས་དབང་རྒྱལ་རྡོ་རྗེའི་ཤོག་གི་བླ་མ་བི་ལིག་ཐུ་མཁན་པོ་ནོ་མོན་ཧན་བློ་བཟང་བསྟན་པའི་དགེ་ལེགས་ཀྱི་ཞབས་བརྟན་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་ཕྱག་མཛོད་ངག་དབང་བློ་འཕེལ་དང་།རབ་འབྱམས་པ་བྱམས་པ་དོན་གྲུབ་གཉིས་ཀྱིས་བསྐུལ་བ་ལ་བརྟེན་ནས་ཆོས་སྨྲ་བའི་བཙུན་པ་དགེ་སློང་ཡེ་ཤེས་རྒྱལ་མཚན་གྱིས་ཚེ་མཆོག་བསམ་གཏན་གླིང་དུ་སྦྱར་བའོ།།” ཞེས་ཁལ་ཁ་གཡོན་རུའི་ཇོ་ནང་པེའི་སི་བསོད་ནམས་དབང་རྒྱལ་རྡོ་རྗེའི་ཤོག་ཁའི་བླ་མ་བི་ལིག་ཐུ་མཁན་པོ་ནོ་མོན་ཧན་བློ་བཟང་བསྟན་པའི་དགེ་ལེགས་ཀྱི་ཞབས་བརྟན་གསོལ་འདེབས་མཛད་ཚུལ་དཔྱད་ན།དེ་དུས་སོག་པོའི་ཁལ་ཁ་གཡོན་རུར་པེའི་སིའི་མཚན་གནས་ཡོད་པའི་ཇོ་ནང་པའི་མི་ཆེན་དང་།སྡེ་ཤོག་ཡོད་པ་ཤིན་ཏུ་གསལ་ལ། 

ད་དུང་ཨ་ཀྱཱ་བློ་བཟང་དོན་གྲུབ་(༡༧༤༠-༡༨༢༧)བམ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་གཞག་སྐལ་བཟང་མགུལ་རྒྱན་གྱི་པར་བྱང་སྨོན་ཚིག་3ཏུ་ཡང་། “ཅེས་པ་འདི་ནི་ཁལ་ཁ་ཇོ་ནང་པེ་སིའི་ཤོག་དད་བརྩོན་རྣམ་དཔྱོད་མཆོག་ཏུ་ཡངས་པ་དགེ་སློང་ངག་དབང་བསྟན་འཛིན་གྱིས་ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ལྷག་བསམ་གྱིས་རྒྱུ་རྐྱེན་སྦྱར་ཏེ་པར་དུ་བསྒྲུབས་” ཞེས་པ་སོགས་ལ་གཞིགས་ན་ཡང་།ཁལ་ཁ་གཡོན་རུའི་ཕྱོགས་སུ་དམིགས་བསལ་ཇོ་ནང་བསྟན་པ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་མ་ཟད།སྐབས་དེར་ཇོ་ནང་པེའི་སིའི་ཤོག་ཁར་དགེ་སློང་ངག་དབང་བསྟན་འཛིན་ཞུ་བ་སོགས་བཞུགས་ཡོད་པ་ཡང་གསལ་བོར་ཤེས་ཐུབ།

དེ་བས་ཀྱང་ད་ཐེངས་རང་ཉིད་དངོས་སུ་ས་གནས་རང་དུ་ཕྱིན་ནས་དེ་གའི་གཉུགས་གནས་ཀྱི་མི་ཞིག་དང་མཉམ་དུ་སྐད་སྒྱུར་བརྒྱུད་ཁ་བརྡ་བྱས་ཚེ།ཁོང་གིས། “ངས་ཤེས་ཚོད་ལྟར་ན།ཇོ་ནང་ཟེར་བའི་ཐ་སྙད་འདི་ཆོས་ལུགས་ཀྱི་རྒྱུད་པ་ཞིག་ལ་ཟེར་གྱིན་འདུགཆོས་ལུགས་ཅི་ཡིན་མི་ཤེས།ཁག་ཅིག་གིས་རྗེ་བཙུན་དམ་པ་ཛྙ་ན་བཛྲ་རེད་ཟེར་གྱིན་འདུགགང་ལྟར་དེའི་རྒྱུད་པ་དེང་སང་ཡང་འདི་ཕྱོགས་སུ་ཡོད།སོག་པོའི་མི་མང་པོ་དང་།ལྷག་པར་དུ་འདི་ཕྱོགས་ཀྱི་མི་ཕལ་ཆེ་བས་ཇོ་ནང་པེའི་སི་ཟེར་བ་ཤེས་ཀྱི་རེད་”ཟེར། 

པེའི་སི་ཟེར་བའི་ཐ་སྙད་ལ་བོད་ཡིག་ཐོག་པེའི་སི་དང་།བེའི་སི་ཞེས་འབྲི་ཚུལ་གཉིས་འདུགགང་ལྟར་ཐ་སྙད་འདི་མཱན་ཇུའི་སྐད་ཀྱི་གོ་གནས་ཤིག་ཡིན་ལ།མན་ཇུའི་ཆིང་རྒྱལ་རབས་ཀྱི་མགོ་ཁྲིད་བཞི་བའི་མཚན་གནས་ཤིག་ཡིན།པེའི་སི་ཞེས་པའི་མཚན་གནས་དེ་ཐོག་མར་མན་ཇུའི་རྒྱལ་རྒྱུད་ཀྱི་རྒྱལ་སྲས་ཁོ་ནར་ཐོབ་སྲོལ་ཡོད་ཀྱང་།ཕྱི་ལོ༡༦༣༦ལོ་ནས་བཟུང་སོག་པོའི་རྒྱལ་རྒྱུད་རེ་ཟུང་དང་།ཕྱི་ལོ་༡༦༩༡ལོ་ནས་བཟུང་སོག་པོའི་ཁལ་ཁའི་དཔོན་རིགས་ཁག་ཅིག་ལ་ཡང་ཐོབ་འདུག 

དེ་ལྟར་ན་དུས་རབས་༡༧སྨད་ཙམ་ལ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་སོག་ཡུལ་དུ་ཕེབས་ཤིང་།བསྟན་པ་རྒྱ་ཆེར་སྤེལ་བས་སོག་ཡུལ་སྟོད་སྨད་ཀུན་དང་།ཁྱད་པར་དུ་ཁལ་ཁའི་ཕྱོགས་སུ་དར་ཁྱབ་ཆེན་པོ་བྱུང་ཞིང་།རིམ་གྱིས་ཁལ་ཁ་གཡོན་རུར་ཇོ་ནང་ཤོག་ཁ་ཟེར་བའི་སྡེ་ཤོག་ཆེན་པོ་ཞིག་ཀྱང་ཆགས་པས།མཱན་ཇུ་གོང་མས་ཁལ་ཁ་གཡོན་རུའི་ཇོ་ནང་སྡེ་ཤོག་གི་མགོ་འཛིན་ལ་པེའི་སིའི་གོ་གནས་སྤྲད་པ་ནས་བཟུང་།ཇོ་ནང་པེའི་སི་ཞེས་པའི་མཚན་གནས་ཏེ་ཡོངས་གྲགས་སུ་ཆགས་ཤིང་།དེ་ནས་བཟུང་ཇོ་ནང་སྡེ་ཤོག་དེ་ལ་ཡང་ཇོ་ནང་པེའི་སིའི་སྡེ་བའམ་ཤོག་ག་ཞེས་གྲགས།

བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ་རྗེ་བཙུན་ཏཱ་ར་ནཱ་ཐ་གླེང་སྐབས། “སོག་པོ་ཁལ་ཁའི་ཡུལ་ཡུལ་ཁ་བོང་དུ་ལོ་གྲངས་ཉི་ཤུའི་རིང་ལ་བསྟན་པ་སྤེལ་ཞིང་དགོན་པ་དུ་མ་བཏབ།ཇོ་ནང་པའི་ལུགས་ཉམས་གསོ་མཛད།སོག་ཡུལ་དུ་རྗེ་བཙུན་དམ་པ་ཞེས་སུ་གྲགས།རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་ལོར་འདས།དེའི་ཡང་སྤྲུལ་མོང་གོལ་རྒྱལ་པོ་ཐུ་ཤེ་ཐུ་ཧན་གྱི་སྲས་སུ་འཁྲུངས།” ཞེས་བཤད་པ་ཡང་དོན་ལ་གནས་སོ།།

དེ་བཞིན་མཁས་དབང་ཨ་ཁུ་དམུ་དགེ་བསམ་གཏན་(༡༩༡༤-༡༩༩༣)ཚང་གིས་ཀྱང་།དྲིས་ལན་ལི་དྭངས་རང་སྒྲ་4ལས། “ཀུ་ཤྲི་ཧན་བསྟན་འཛིན་ཆོས་རྒྱལ་གྱི་སྲས་ཚེ་རིང་ཨེལ་དུ་ཆིའི་སྲས་མཁའ་འགྲོ་དང་།དར་རྒྱལ་བོ་ཤོག་ཐུ་གཉིས།དཔོན་དར་རྒྱལ་ནི་མཚོ་སྔོན་གཡས་རུའི་དཔོན་དུ་གྱུར་ཏེ།ཅོ་ནེ་ཡན་ཆད་ཀྱི་རོང་ཕྱོགས་ཐམས་ཅད་དང་རེབ་གོང་སྟོད་སྨད།རྔ་བ་རྭ་མདོ།ཟུང་ཆུའི་ས་ཚུན་ཆད་ལ་དབང་བསྒྱུར།དེའི་སྲས་འབྲིང་བ་ཝང་རྒྱལ་བོ་ཇུ་ནང་རེད།ཇོ་ནང་ཡང་ཟེར།ཁོང་གི་མཚན་ཡོངས་རྫོགས་བརྗོད་ན།ཏའི་ཚང་ཧོ་ཤུལ་ཆི་ཚེ་དབང་བསྟན་འཛིན་ཇི་ནང་ངམ་ཇོ་ནང་ཟེར།” ཞེས་གསུངས་པ་ལྟར་ན།དུས་རབས་༡༧ནང་ནས་བཟུང་སོག་ཡུལ་དུ་ཇོ་ནང་གྲུབ་མཐའ་དར་ཁྱབ་ཆེན་པོ་བྱུང་བས་རྐྱེན་གྱིས།ས་མིང་དང་།མི་མིང་སོགས་ལ་ཡང་ཇོ་ནང་ཞེས་ཐོགས་ས་མང་པོ་ཡོད་པ་ཤེས་ཐུབ་ལ།ལྷག་པར་དུ་རྒྱལ་པོ་ཝང་འཇུ་ནང་ལ་ཇོ་ནང་ཞེས་འབོད་ཀྱང་།ཕྱིས་སུ་སྒྲ་འགྱུར་ནས་འཇུ་ནང་ཞེས་ཆགས་པ་གསལ་བོ་རེད། 

ད་དུང་རྒྱལ་པོ་འཇུ་ནང་ནི་ཇོ་ནང་དང་དམིགས་བསལ་འབྲེལ་བ་ཡོད་པའི་མི་སྣ་གལ་ཆེན་ཞིག་ཀྱང་ཆགས་ཡོད།དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསང་རྣམ་5ལས། “སྐྱེ་བ་འདིའི་འོག་ཏུ་བོད་ཡུལ་འདི་ཁར།སྡེ་དཔོན་སྟོབས་ལྡན་ཅིག་དང་།དགེ་བཤེས་འཕྲིན་ལས་ཅན་ཅིག་སྟེ་གཉིས་ཡོང་།དགེ་བཤེས་དེས་ད་ལྟའི་ཆོས་རྒྱུད་འདི་མི་འཛིན།སྡེ་དཔོན་དེས་ད་ལྟའི་ཆོས་རྒྱུད་འདི་དར་བར་བྱེད་པ་འདུག” ཅེས་གསུངས་པའི་དགེ་བཤེས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང་།སྡེ་དཔོན་སྟོབས་ལྡན་རྒྱལ་པོ་ཇུ་ནང་ངམ་ཇོ་ནང་ཡིན་ཚུལ/ དཔལ་མང་དགེ་བཤེས་དཀོན་མཆོག་རྒྱལ་མཚན་(༡༧༦༤-༡༨༥༣)གྱིས་མཛད་པའི་རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པ་འཇུག་པའི་འབབ་སྟེགས་6སུ། “རྗེ་བཙུན་ཏཱ་ར་ནཱ་ཐས།ང་རང་ལ་སྤྲུལ་བ་སྔགས་པ་གཅིགརྒྱལ་པོ་གཅིགབླ་མ་གཅིག་བཅས་འབྱུང་།སྔགས་པ་དེས་ད་ལྟའི་ངེད་ཀྱི་ཆོས་ལུགས་འཛིན།ཕྱི་མ་གཉིས་ཀྱིས་མི་འཛིན་གསུངས་པས།སྔགས་པ་སྨིན་གྲོལ་གླིང་གཏེར་སྟོན་ཡིན་པར་གྲགས།རྒྱལ་པོ་ནི་དཔོན་འདི་ཉིད་ཡིན་ཞེས་འདུ་ཁང་རྙིང་པའི་ཐིག་འདེབས་དུས།ཀུན་མཁྱེན་གོང་མས་གསུངས་པ་རེད་ཅེས།ཀུན་མཁྱེན་སྐུ་ཕྲེང་གཉིས་པས་སྒྲུབ་ཐབས་རིན་འབྱུང་གནང་དུས།འཁོར་གྱི་དབུས་སུ་གསུངས་པ་དངོས་སུ་ཐོས་སོ།།” ཞེས་གསུངས་པ་ལྟར་ན།རྒྱལ་པོ་འཇུ་ནང་ངམ་ཇོ་ནང་ནི་རྗེ་བཙུན་ཏཱ་ར་ནཱ་ཐའི་སྤྲུལ་བ་ཡིན་པ་མ་ཟད།གོང་དུ་གསང་རྣམ་ལས། “སྡེ་དཔོན་དེས་ད་ལྟའི་ཆོས་རྒྱུད་འདི་དར་བར་བྱེད་པ་འདུག” ཅེས་གསུངས་པ་ལྟར། ཁོང་གིས་ཇོ་ནང་ཆོས་རྒྱུད་དར་སྤེལ་མཛད་པས་རྒྱལ་པོ་ཇོ་ནང་ཞེས་གྲགས་པ་ཡིན་པ་གདོན་མི་ཟའོ།། 

དེའི་ཁར་ད་ཐེངས་ཡུལ་དངོས་སུ་ཕྱིན་ཏེ་ས་རྒྱུས་ཆུ་རྒྱུས་བླངས་ནས་ཞིབ་ཏུ་དཔྱད་ཚེ་གསལ་བོར་ཤེས་པ་ནི།དུས་རབས་༡༧ནང་ནས་བཟུང་སོག་ཡུལ་དུ་ཇོ་ནང་བསྟན་པ་ཆེས་ཆེར་དར་ས་དང་།ཇོ་ནང་གི་བླ་དཔོན་ཁག་ལ་ཇོ་ནང་པེའི་སིའི་གོ་གནས་ཐོབ་ས།ཇོ་ནང་པེའི་སིའི་མཚན་གནས་ཡོད་པའི་མི་སྣ་ཁག་གིས་སྣེ་ཁྲིད་པའི་ཇོ་ནང་སྡེ་ཤོག་དེ་དག་གི་གནས་གཞི་གཙོ་བོ་ཁག་ནི།གོང་དུ་བཤད་པའི་མངའ་སྡེ་བཞི་བོ་ཡིན་ལ།དེའི་ནང་ནས་ཀྱང་གཙོ་བོ་རྡོར་ནོད་མངའ་སྡེ་དང་།དེ་བས་ཀྱང་མི་འཆུག་པའི་གཟེར་དུ་བཏབ་ན།དེང་སང་ཇོ་ནང་བླ་རི་ཡོད་ས་དེ་དང་།སྤྱན་རས་གཟིགས་ཀྱི་རྡོ་སྐུ་བཞུགས་སའི་ས་གནས་དེ་དག་ཡིན་པ་སྐད་གསེང་མཐོན་པོས་བཤད་ཐུབ་པོ།། 

པེའི་སི་ཟེར་བའི་མཚན་གནས་དེ་གང་ཟག་ཁོ་ན་མ་ཡིན་པར་སྡེ་ཚོའམ་ཤོག་ཁ་ལ་ཡང་བཏག་ཡོད་པ་གོང་དུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་གསུངས་པ་ལྟར་ཡིན་ལ།པེའི་སི་ཤོག་གའམ།སྡེ་ཚོ་ལ་ཆེ་ཆུང་གཉིས་སུ་བརྩི་སྲོལ་འདུགཔེའི་སི་ཆེ་སོ་མོན་ལ་དུད་ཁྱིམ་ཆིག་སྟོང་ལྔ་བརྒྱ་དང་།པེའི་སི་ཆུང་སོ་མོན་ལ་དུད་ཁྱིམ་ཆིག་སྟོང་ཡོད་ཚུལ་རྨ་ལྷོ་སོག་རྫོང་གི་ལོ་རྒྱུས་རྒྱུ་ཆ་ཕྱོགས་བསྒྲིགས་སུ་7གསལ།

རྨ་ལྷོ་སོག་རྫོང་གི་ལོ་རྒྱུས་རྒྱུ་ཆ་ཕྱོགས་བསྒྲིགས་སུ་སོ་མོན་ཟེར་བ་ནི།དེང་དུས་སོག་པོའི་རྫོང་ཁག་རྣམས་ལ་སོམ་ Sum ཞེས་ཟེར་བ་དེ་ཡིན་ལ།སྔོན་དུས་སོག་པོའི་ཤོག་གའམ།སྡེ་ཚོ་ཁག་ལ་སོ་མོན་ཞེས་འབོད་སྲོལ་ཡོད་པ་དེ་གཞི་རྩར་བཟུང་ནས།ད་ལྟའི་ཆར་ཤོག་གའམ།སྡེ་ཚོ་དེ་རྣམས་རྫོང་ཁག་༣༣༡དུ་བསྒྱུར་ཏེ།མངའ་སྡེ་༢༡ཁོངས་སུ་བཅད་བགོས་བྱས་ཡོད་འདུག

སྤྱིར་བཏང་སོག་ཡུལ་དུ་ཇོ་ནང་ཟེར་བའི་ཐ་སྙད་འདི་ཅུང་ཁྱབ་ཆེ་བ་མ་ཟད།རྗེ་བཙུན་ཏཱ་ར་ནཱ་ཐ་དང་།དེའི་དེ་མ་ཐག་པའི་ཡང་སྤྲུལ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དང་པོ་གཉིས་ལ་ཆོས་ལུགས་དང་ཆོས་པའི་ས་མཚམས་མེད་པར་ཇོ་ནང་དང་།ཏཱ་ར་ནཱ་ཐ་ཞེས་འབོད་མཁན་ཡང་མང་པོ་འདུག 

ཇོ་ནང་བླ་རི་ཟེར་བ་འདི་གང་ཟག་སུ་ཞིག་གི་བླ་རི་ཡིན་གསལ་བོར་བཤད་མི་ཐུབ་མོད།གཅིག་བྱས་ན་ཇོ་ནང་རྗེ་བཙུན་དམ་པ་ཏཱ་ར་ནཱ་ཐའམ།ཡང་ན་ཁོང་གི་ཡང་སྤྲུལ་ཁལ་ཁ་རྗེ་བཙུན་དམ་པ་རང་བྱུང་ཡེ་ཤེས་རྡོ་རྗེ།ཡང་གཅིག་བཤད་ན།མན་ཇུ་གོང་མས་ཇོ་ནང་པེའི་སིའི་མཚན་ཐོབ་བསྩལ་སའི་ཇོ་ནང་སྡེ་ཤོག་གི་མགོ་ཁྲིད་དམ།ཡང་ན་ཇོ་ནང་སྡེ་ཤོག་སྤྱིའི་བླ་རི་ཡང་ཡིན་སྲིད།

ཕྱོགས་གཞན་ནས་ཇོ་ནང་དང་སོག་པོའི་བར་གྱི་འབྲེལ་བ་ཕྱོགས་ཙམ་བཤད་ན།པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་རྗེ་བཙུན་ཏཱ་ར་ནཱ་ཐའི་འཁྲུངས་རབས་གསོལ་འདེབས།ཕུན་ཚོགས་སྐུ་གསུམ་མ་ཞེས་གྲགས་པ་དེ་སོག་པོའི་དགོན་པ་ཕལ་མོ་ཆེའི་གྲྭ་ཚང་གིས་ཚོགས་འདོན་གནང་བཞིན་འདུག་ཅིང་།སོག་པོའི་རྒྱལ་ས་རྙིང་པ་དང་།སོག་ཡུལ་གྱི་དགོན་པའི་ཐོག་མར་གྲགས་པ་ཨེར་ཏེན་ཇོ་བོ་(Erdene Zuu Monastery)ཞུ་བའི་དགོན་པ་དེའི་འདུ་ཁང་གི་ཐོག་ཁར་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་ཕྲེང་རིམ་བྱོན་ཏེ།པཎྚི་ཏ་འབར་བའི་གཙོ་བོ་ནས་རྗེ་བཙུན་པ་སྐུ་ཕྲེང་གཉིས་པའི་བར་གྱི་འཇིམ་སྐུ་དད་པའི་སྤུ་ལོང་གཡོ་བ་རྣམས་ད་ལྟའི་དུས་སུ་ཡང་བཞུགས་ཡོད། 

དེ་བཞིན་སོག་པོའི་རྒྱལ་སར་ཡོད་པའི་རྗེ་བཙུན་དམ་པའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་(Bogd khaan palace museum)སྟེ།སྐྱབས་མགོན་རྗེ་བཙུན་དམ་པ་སྐུ་ཕྲེང་བརྒྱད་པ་ཆེན་པོ་སོག་པོའི་རྒྱལ་པོར་གྱུར་རྗེས་ཀྱི་ཕོ་བྲང་གཙོ་བོ།དེང་སྐབས་བཤམ་སྟོན་དུ་བསྒྱུར་ཡོད་པ་དེའི་ནང་དུ་རྗེ་བཙུན་དམ་པ་སྐུ་ཕྲེང་དང་པོས་ཕྱག་བཟོས་སྒྲོལ་མ་ཉེར་གཅིག་སོགས་དང་།རྒྱལ་པོ་རྗེ་བཙུན་དམ་པ་ཡབ་ཡུམ་གྱི་གཟིམ་ཁྲི་དང་།གཟིམ་གུར།སྐུ་ཆས།མན་ཇུ་གོང་མའི་ཕུལ་བའི་འཇའ་ས་སོགས་རིན་ཐང་གཞལ་མཐའ་བྲལ་བའི་གནའ་དངོས་དཔག་ཏུ་མེད་པ་བཞུགས་པ་ལས།ཆེས་ཕུལ་དུ་གྱུར་བ་ནི་རྗེ་བཙུན་དམ་པ་སྐུ་ཕྲེང་དང་པོས་ཕྱག་བཟོས་མར་གྲགས་པའི་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་བརྙན་མཇལ་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་ཞིང་།ཡིད་སེམས་དབང་མེད་དུ་འཕྲོག་པ་དེ་ཡིན་ཞིང་།དེ་ནི་རྒྱ་གར་པཎྚི་ཏའི་ཆ་བྱད་ཅན།ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ།ཞལ་རས་ལ་ཅུང་ཟད་ཁྲོས་པའི་ཉམས་དང་ལྡན་ཞིང་།སྨ་ར་དང་སྨིན་མ་རིང་བ།འབོལ་གདན་སུམ་བརྩེགས་ཐོག་ཞབས་གཉིས་རོལ་སྟབས་ཀྱིས་བཞུགས་པ།ཆེ་ཚད་ཧ་ལམ་མི་ཚད་ཙམ་ཞིག་ཡོད།འབྲེལ་ཡོད་བཤམས་སྟོན་ཁང་གི་ལས་བྱེད་དང་།དྲྭ་ལམ་ཡིག་ཆ།སོག་པོའི་ཤེས་ལྡན་མི་སྣས་བཤད་པ་ལྟར་ན། 

བཤམས་སྟོན་ཁང་འདིའི་ནང་གི་གནའ་དངོས་རྩ་ཆེ་ཤོས་ནི།བོད་ཀྱི་བླ་མ་ཏཱ་ར་ནཱ་ཐའི་སྐུ་བརྙན་འདི་ཉིད་ཡིན།དེའི་རྒྱུ་མཚན་ནི་ཁོང་སྐུ་ཚེའི་སྨད་དུ་སོག་ཡུལ་འདིར་ཕེབས་ནས་གཏན་བཞུགས་མཛད།དགོན་པ་མང་དུ་བཏབ་ནས་རྒྱལ་བསྟན་རྒྱ་ཆེར་སྤེལ་རྗེས་སོག་ཡུལ་དུ་སྐུ་གཤེགས།ཕྱིས་སུ་ཁོང་གི་ཡང་སྤྲུལ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དང་པོ་ཛྙཱ་ན་བཛྲ་གྱིས་སྐུ་བརྙན་འདི་གསར་བཞེངས་མཛད་ནས།རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་དམར་གདུང་དུ་བཞུགས་ཡོད་པ་སྦྱིན་བསྲེག་ཏུ་ཕུལ་ཏེ།དབུ་ཧྲིལ་བོ་སྐུ་བརྙན་འདིའི་གཟུངས་འཇུག་ཏུ་བཞག་ཡོད།དེར་བརྟེན་འདི་ནི་གཞན་དང་མི་འདྲ་ཀུན་དང་མི་མཚུངས་ཞེས་བཤད་སྲོལ་འདུག

བོད་ཀྱི་ལོ་རྒྱུས་ཁུངས་ལྡན་འགའ་ཞིག་ཏུ་ཡང་།རྗེ་བཙུན་ཏཱ་ར་ནཱ་ཐ་སྐུ་ཚེའི་སྨད་དུ་སོག་ཡུལ་དུ་ཕེབས་ནས་ལོ་ཉི་ཤུའི་རིང་རྒྱལ་བསྟན་དར་སྤེལ་མཛད་ཅིང་།སོག་ཡུལ་དུ་རྗེ་བཙུན་པ་ཞེས་གྲགས།ཁོང་གི་ཡང་སྤྲུལ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དང་པོ་རང་བྱུང་ཡེ་ཤེས་རྡོ་རྗེའམ་ཛྙཱ་ན་བཛྲ་ཞེས་ཡོངས་སུ་གྲགས་ཞེས་བཤད་པ་དེ་ཡང་དོན་ལ་ཤིན་ཏུ་གནས་པར་སེམས།

དེ་ལྟར་ལོ་རྒྱུས་ཀྱི་ཡིག་ཚང་ཁག་ཞིབ་ཀློག་དང་།མེས་པོའི་ཤུལ་བཞག་རིག་གནས་གནའ་དངོས་བཤམས་སྟོན་ཁང་ལ་ཞིབ་བལྟ།  སོག་པོའི་ཡུལ་སྲོལ་རིག་གནས་ལ་རྒྱུས་ལོན། འབྲེལ་ཡོད་ས་གནས་རང་གི་མི་དང་ཁ་བརྡ་བྱས་ཚེ། སྔོན་ཆད་སོག་པོའི་རྒྱལ་ཁམས་ཆེན་པོ་སྤྱི་དང་། བྱེ་བྲག་ཁལ་ཁ་གཡོན་རུའི་ཕྱོགས་སུ་ཇོ་ནང་བསྟན་པ་དར་ཁྱབ་ཆེན་པོ་བྱུང་བའི་ཁུངས་སྣེ་མང་པོ་རྙེད་རྒྱུ་འདུག་གོ།

དེ་ཙམ་གྱིས་ཉིན་བཞིའི་རིང་གི་མཇལ་སྐོར་དང་ཞིབ་མཇུག་གི་ལས་ཀ་རེ་ཞིག་མཇུག་གྲུབ་པའི་ཁུལ་བྱས་ཏེ།ཕྱིར་རྒྱལ་ས་ཨུ་ལན་དཔའ་ཐུལ་ UB དུ་བདེ་བར་འབྱོར་མ་ཐགད་ཐེངས་ཀྱི་མཐོང་ཐོས་མྱོང་གསུམ་ཉིན་ཐོ་ཞིག་གི་ཚུལ་དུ་མགྱོག་བྲིས་བྱས།བེ་རི་རིག་པའི་རྡོ་རྗེས།ཕྱི་ལོ་༢༠༢༤ཟླ་༩ཚེས་༢༢ཉིན།

ཟུར་མཆན།

1. ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས། རྟག་བརྟན་པར་མ། གླེགས་བམ། ༡༥ ཤོག་ 502

2. ཚེ་མཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། པར་མ། པོད་ ༡༢ ད བསྟོད་ཚོགས། ཤོག 182

3. ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་གཞག་སྐལ་བཟང་མགུལ་རྒྱན། དབྱངས་ཅན་དགའ་བའི་བློ་གྲོས། པར་མ། ཀ ཉེར་བཞི། 

4. ཤྭ་སྐྱ་དུས་དེབ། དྲིས་ལན་ལི་དྭངས་རང་སྒྲ། དམུ་དགེ་བསམ་གཏན། 2 1986 ཤོག 95

5. རྗེ་བཙུན་ཏཱ་ར་ནཱ་ཐའི་གསང་རྣམ། རྟག་བརྟན་པར་མ། རྣཾ ཀ གསུམ་བྱོན། 

6. དཔལ་མང་དཀོན་མཆོག་རྒྱལ་མཚན། གསུང་འབུམ། ཨ་མཆོག་པར་མ། གླེགས་བམ། ང ཤོག 552-553

7. རྨ་ལྷོ་སོག་རྫོང་གི་ལོ་རྒྱུས་རྒྱུ་ཆ་ཕྱོགས་བསྒྲིགས། དེབ་གཟུགས། པོད། ༢  2009 ཤོག 54 

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་།

བོད་ཀྱི་དུས་བབ།

Leave a Reply

Your email address will not be published. Required fields are marked *