༄༅།།སློབ་མ་ལ་སྤྲིང་བ་སྐུར་འདེབས་དང་སྒྲོ་འདོགས་སྤང་བ་བཞུགས་སོ།།
ཇོ་ནང་ཀུན་མཁྱེན་རྟོན་པ་བཞི་ལྡན།
ཨོཾ་བདེ་ལེགས་སུ་གྱུར་ཅིག ཡོད་པ་ལ་སྐུར་བ་མི་འདེབས་ཤིང༌། མེད་པ་ལ་སྒྲོ་མི་འདོགས་པར་ཇི་ལྟར་གནས་པ་བཞིན་དུ་རྟོགས་ནས་སྟོན་པར་མཛད་པ་གང་ཡིན་པ་ཐམས་ཅད་ལ་ཕྱག་འཚལ་མཆོད་ཅིང་བསྟོད་དེ། སྐྱབས་སུ་སོང་ནས། རང་གི་སློབ་མ་རྣམས་ལ་སྤྲིང་བ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་ཤིང༌། གསལ་བོར་གསུངས་པའི་རང་འགྲེལ་ཁྱད་འཕགས་མང་བོའི་ཁུངས་ཆོད་པ་ལ་བརྟེན་ནས། ཁྱེད་རྣམས་ལ་ཤེས་རབ་བློ་འཕེལ་ཕལ་བོ་ཆེ་ཟབ་མོ་ཁྱད་འཕགས་མང་བོ་བསྟན་རྒྱུ་བདོག དེ་ལ་རྫོགས་ལྡན་གྱི་ཆོས་དང་གང་ཟག་སྐྱོན་མེད་ཡོན་ཏན་དཔག་ཡས་མངའ་བ་རྣམས་ཀྱི་རྗེས་ནས།
གསུམ་ལྡན་མར་བཅད་ཀྱི་ཆོས་དང་གང་ཟག་རྣམས་ལ་རབ་ཏུ་གྲགས་པའི་ནང་ནས་དོན་ལ་མི་བདེན་པའི་གྲགས་པར་གདའ་བས། དེ་རྣམས་ཡིད་བརྟན་དུ་མི་རུང་བར་གདའོ། དེ་ལ་རེ་ཞིག་བཀའ་འཁོར་ལོ་གསུམ་པ་སེམས་ཙམ་དུ་གྲགས་པ་དེ་ཡང་མི་བདེན་པར་ལུང་རིགས་རྣམ་དག་གི་སྒོ་ནས། ལེགས་པར་ཐག་ཆོད་བདོག ཐེག་ཆེན་མདོ་སྡེ་རྒྱན་ལ་སོགས་པ་བྱམས་ཆོས་ཐམས་ཅད་དབུ་མ་ཆེན་པོའི་གཞུང་དུ་ཐག་ཆོད་ཅིང༌། སངས་རྒྱས་ཕལ་བོ་ཆེ་དང་མྱང་འདས་ཆེན་པོ་ལ་སོགས་པ་སེམས་ཙམ་གྱི་མདོར་གྲགས་པ་ཤིན་ཏུ་མང་པོ་དབུ་མ་ཆེན་པོའི་མདོར་ཐག་ཆོད། འཕགས་མ་ཐོགས་མེད་སྐུ་མཆེད་དང༌། སློབ་དཔོན་ཕྱོགས་ཀྱི་གླང་བོ་ལ་སོགས་པ་སེམས་ཙམ་པའི་པཎྜི་ཏར་གྲགས་པ་མང་བོ་ཡང་དབུ་མ་བར་ཐག་ཆོད་ཅིང༌། དེ་རྣམས་ཀྱིས་ཡུམ་སེམས་ཙམ་དུ་བཀྲལ་ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་ཐག་ཆོད་དོ། །གལ་ཏེ་དེ་ལ་ཐེ་ཚོམ་ཟ་བ་གདའ་ན། ཡུམ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་ཞིབ་ཏུ་གཟིགས་པར་ཞུས་མཛོད། འཕགས་པ་ཐོགས་མེད་སྐུ་མཆེད་དང༌། དེ་ཡང་རང་བཞིན་གསུམ་གྱི་ཆོས་སྐད་ཕྱུང་བས། སེམས་ཙམ་དུ་བཀྲལ་འདུག་སྙམ་པའི་ལོག་རྟོག་གདའ་ན། ཤེར་ཕྱིན་ལྔ་བརྒྱ་བ་དང༌། ཁྲི་བརྒྱ་པའི་ལེའུ་བརྒྱད་ཅུ་རྩ་གསུམ་པ་དང༌། ཉི་ཁྲི་ལྔ་སྟོང་བའི་ལེའུ་བདུན་ཅུ་རྩ་གཉིས་པ་རྣམས་ཞིབ་པ་རེ་གཟིགས་པར་ཞུ་མཛོད། གཞན་ཡང་ངོ་བོ་ཉིད་གསུམ་སེམས་ཙམ་ཁོ་ནའི་ཆོས་སྐད་ཡིན་ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་གདའོ། །གལ་ཏེ་བདེན་སྙམ་པ་གདའ་ན། དེ་ལ་ཤེས་བྱེད་ཀྱི་ལུང་རིགས་རྣམ་དག་མཆིས་སམ་མཆིས་ན་བསྟན་དུ་གསོལ། ཞེས་ཞུས་པ་བསྟན་དུ་གདའ་ན་ཡི་གེར་ཡང་བྲིས་མཛོད། སློབ་དཔོན་དབྱིག་གཉེན་སྐྱེ་བ་ལྔ་བརྒྱར་སེམས་ཙམ་པའི་པཎྜི་ཏར་འཁྲུངས་པས་སེམས་ཙམ་པ་ཞེ་ནཞེན་ནས། དབུ་མ་ལ་མ་སླེབ་ཅེས་ཡོངས་སུ་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་གདའ་ཞིང༌། གལ་ཏེ་བདེན་སྙམ་པ་གདའ་ན། དེའི་ཤེས་བྱེད་དྲིས་ནས་ཡི་གེར་ཡང་བྲིས་མཛོད། ཁོང་བ་ལ་རང་བས་ལྷག་པའི་སློབ་མ་བཞི་ཡོད་པ་ལས། ཕར་ཕྱིན་རང་བས་མཁས་པ་འཕགས་པ་རྣམ་གྲོལ་སྡེ་ཡིན། ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་གདའ་ཞིང༌། གལ་ཏེ་བདེན་སྙམ་པར་གདའ་ན། དེའི་ཤེས་བྱེད་རྣམ་དག་དྲིས་ནས་ཡི་གེར་ཡང་བྲིས་མཛོད། ཉི་ཁྲི་ལེ་མང་དང་ལེ་བརྒྱད་མ་ལེའུ་མང་ཉུང་མ་གཏོགས་པ་གཅིག་རང་ཡིན་ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་གདའོ། གལ་ཏེ་བདེན་སྙམ་པ་གདའ་ན། གཞུང་དེ་གཉིས་བསགས་ནས་ཞུ་དག་ཐེབས་པ་གཅིག་མཛོད་དང༌། དེ་ནས་གསལ་བར་འགྱུར་ལགས་ཀྱི། གཞན་ཡང་ཉི་ཁྲི་ལེ་བརྒྱད་མ་བཀའ་ཡིན་ནམ་བསྟན་བཅོས་ཡིན། བསྟན་བཅོས་ཡིན་ན་མཛད་པ་པོ་སུ་ཡིན་རྣམ་ཞུས་མཛོད། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ཞེས་བྱ་བ་སངས་རྒྱས་ཀྱི་རང་འགྲེལ་ཁྱད་འཕགས་དེ་ལེའུ་མང་དུ་འོང་ལ། ལེའུ་བརྒྱད་མར་མི་འོང་བའི་རྒྱུ་མཚན་དང༌། བསེ་རུ་ལྟ་བུ་དེ་ལེ་བརྒྱད་མར་འོང་ལ། ལེ་མང་དུ་མི་འོང་བའི་རྒྱུ་མཚན་ཡང་ཞུས་མཛོད། དེ་དག་ལ་སོགས་པ་ཞུས་དག་གྲུབ་ན་མ་བདེ་བ་ཞུ་རྒྱུ་འགའ་རེ་འོང་བར་གདའ་བས་ཐད་ཀ་ཐད་ཀར་ཞུས་ལ། ལན་གསུང་རྒྱུ་གདའ་ན་ཡི་གེར་བྲིས་མཛོད། ཡུམ་རྒྱས་འབྲིང་བསྡུས་གསུམ་ཡང་རྫོགས་ལྡན་གྱི་མཁས་པ་ཆེན་པོ་རྣམས་ཀྱིས་དོན་བདུན་ཅུ་ཚང་བའི་འབུམ་དང༌། ཉི་ཁྲི་ལྔ་སྟོང་བ་དང༌། ཁྲི་བརྒྱད་སྟོང་བ་རྣམས་ལས་གསུངས་ཀྱིས། ཤེས་རབ་ཁྲི་བ་དང༌། བརྒྱད་སྟོང་བ་ལ་སོགས་པ་ཟབ་མོ་སྟོན་ཡང༌། གོ་རིམ་མི་མཐུན་པ་རྣམས་ལ་མ་གསུངས་ཤིང༌། ཡོན་ཏན་རིན་ཆེན་སྡུད་པ་ནི། ཁྲི་བརྒྱད་སྟོང་བའི་ལེའུ་གཅིག་ཡིན་པས། སྲས་ཡུམ་བཅུ་བདུན་གྱི་གཅིག་ཏུ་བགྲང་བར་མི་རིགས་པར་སྣང་སྟེ། རིགས་ན་ལེའུ་གཞན་རྣམས་ལ་ཡང་མཚུགས་པར་ཧ་ཅང་ཐལ་བས་གནོད་པའི་ཕྱིར་རོ། །སློབ་དཔོན་སེང་གེ་བཟང་བོས། འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པོས། །ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་བཀྲོལ། །ཞེས་སོགས་གསུངས་པ་ལ་བརྟེན་ནས། སློབ་དཔོན་དབྱིག་གཉེན་སེམས་ཙམ་པ་དང༌། དེའི་གཞུང་འགྲེལ་སེམས་ཙམ་གྱི་གཞུང་དུ་གྲགས་པ་འདི་ཡང་དོན་ལ་གཏན་ནས་མི་བདེན་པར་གདའ། གལ་ཏེ་བདེན་སྙམ་ན་འགྲེལ་མཆོག་ཁྱད་འཕགས་གནོད་འཇོམས་དང༌། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་ལེགས་པར་བཀའ་སྩལ་བའི་རང་འགྲེལ་ཁྱད་འཕགས་མང་བོ་གདའ་བས། དེ་རྣམས་དང་མཐུན་མི་མཐུན་ཞིབ་ཏུ་གཟིགས་ཞུས་མཛོད། འཕགས་པ་ཕྱོགས་ཀྱི་གླང་བོས་ཀྱང་ཤེར་ཕྱིན་སེམས་ཙམ་དུ་བཀྲལ་ཞེས་གྲགས་པ་དེ་ཡང་དོན་ལ་མི་བདེན་པར་གདའ་སྟེ། ཁོང་པ་སློབ་དཔོན་འཕགས་པ་ཐོགས་མེད་ལ་སོགས་པ་དང་བཅས་རྫོགས་ལྡན་གྱི་མཁས་པ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རང་འགྲེལ་དང་མཐུན་པར་འཆད་པའི་ཕྱིར་དང༌། སློབ་དཔོན་སེང་གེ་བཟང་བོ་ལ་སོགས་པ་གསུམ་ལྡན་མར་བཅད་མཁས་པ་རྣམས་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་རང་འགྲེལ་རྣམས་དང་འགལ་བ་དང་མི་མཐུན་པ་མང་དུ་འཆད་པའི་ཕྱིར་རོ། །འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་དུ་བཤད་པ་ནི། གཅུང་དབྱིག་གཉེན་དབུ་མ་ལ་ཁ་དྲང་བའི་ཕྱིར་དུ་བཤད་པ་ཡིན་ནོ། །ཞེས་གྲགས་པ་འདི་ཡང་མི་བདེན་པར་སྣང་སྟེ། ཐམས་ཅད་མཁྱེན་པ་གཉིས་པ་སློབ་དཔོན་དབྱིག་གཉེན་དབུ་མ་བ་ཆེན་པོ་ཡིན་པར་གྲུབ་པའི་ཕྱིར་རོ། །འཕགས་པ་ཐོགས་མེད་ཞབས་ཀྱིས་ཡུམ་སེམས་ཙམ་དུ་བཤད་པ་ཡང་མེད་ཅིང༌། དབུ་མ་བཤད་ལ། སློབ་དཔོན་ཕྱོགས་ཀྱི་གླང་བོས་ཀྱང་ཡུམ་སེམས་ཙམ་དུ་བཤད་པ་མེད་ཀྱི་དབུ་མ་ཆེན་པོ་གདའོ། །གལ་ཏེ་དེ་དག་སེམས་ཙམ་དུ་བཤད་ཟེར་ན། དེའི་ཤེས་བྱེད་ལུང་རིགས་རྣམ་དག་གི་དྲིས་ནས་ཡི་གེར་ཡང་བྲིས་མཛོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་རབ་ཀྱི་དགོངས་པ་ངེས་པར་འགྲེལ་བའི་མདོར། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་བོར་ཡུུལ་ཝཱ་རཱ་ཎ་སཱིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་གནས་སུ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པ་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་ལ་སྔོན་ལྷར་གྱུར་བའམ། མིར་གྱུར་བར་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི། བླ་ན་མ་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་ཚིག་གི་གཞིའིགནས་སུ་གྱུར་བ་ལགས་ཀྱི། བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་ཉིད་དང༌། འགག་པ་མ་མཆིས་པ་ཉིད་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ཏེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་བ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་ཚིག་གི་གཞིའིགནས་སུ་གྱུར་བ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་ཚིག་གི་གཞིའིགནས་སུ་གྱུར་བ་མ་ལགས་སོ། །ཞེས་སོགས་ཟབ་ཁྱད་དང་བཅས་ཏེ་གསུངས་པ་དང༌། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ལ་སོགས་པ་རྣམས་ན་རེ་བཀའ་བར་བ་དབུ་མ་ཡིན་པ་ལ་དྲང་དོན་དང༌། བཀའ་ཐ་མ་སེམས་ཙམ་ཡིན་པ་ལ་ངེས་དོན་དུ་གསུངས་པ་འདི་ནི། གང་རིགས་པས་མི་གནོད་པ་དྲང་དོན་དང༌། གནོད་པ་ངེས་དོན་དུ་བྱས་ནས་རྣམ་པར་འཁྲུགས་པའོ། །ཞེས་སངས་རྒྱས་བཅོམ་ལྡན་འདས་ལ་དགག་པ་བྱེད་པ་འདི་ཡིད་ཆེས་ཀྱི་དཔང་དུ་བྱེད་པ་རྣམས་ལ་ནི། རྣམ་པར་འཁྲུགས་པ་ལས་ཆེས་རྣམ་པར་འཁྲུགས་ཏེ། སངས་རྒྱས་ལས་ལྷག་པ་སུ་ཡང་མི་སྲིད་པའི་ཕྱིར་དང༌། འཁོར་ལོ་ཐ་མ་སེམས་ཙམ་ཡིན་པར་གསུངས་པ་མེད་པའི་ཕྱིར་དང༌། བར་བ་དང་ཐ་མ་གཉིས་ཀ་ངོ་བོ་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པར་མཚུངས་པའི་ཕྱིར་དང༌། དབུ་མ་དྲང་དོན་དང༌། སེམས་ཙམ་ངེས་དོན་ཡིན་པར་གསུངས་པ་མེད་པ་ལ། དེ་ལྟར་གསུངས་ཞེས་ཕྱིན་ཅི་ལོག་ཚབས་པོ་ཆེ་སྨྲ་བ་བོ་ཡིན་པའི་ཕྱིར་རོ། །འཕགས་པ་མ་ཕམ་པའི་ཞལ་སྔ་ནས་ཀྱང༌། གང་ཟག་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ལ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པས། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པར་བྱེད། །ཞེས་དང༌། འཕགས་པ་ཀླུ་སྒྲུུབ་ཀྱི་ཞལ་སྔ་ནས། དོན་འདི་ལ་ནི་རྒྱལ་བ་ལས། །ལྷག་པའི་དཔང་པོ་གཞན་སུ་ཡོང༌། །ཅེས་སོགས་གསུངས་པས་གནོད་ཅིང༌། མདོ་རྒྱུད་རྣམ་དག་ཐམས་ཅད་དུ་གསུངས་པ་རྣམས་ལ། རང་སྟོང་གཞན་སྟོང་དུ་ཕྱེ་དགོས་པ་ཡིན་པ་ལ། དེ་ལྟར་མི་བྱེད་པར་ཐམས་ཅད་རང་སྟོང་ཁོ་ན་ཡིན་ཞེས་པ་དང༌། གཞན་སྟོང་གིས་སྟོང་ཉིད་ཀྱི་གོ་མི་ཆོད་པས། སྟོང་ཉིད་གོ་ཆོད་པོ་རང་སྟོང་ཁོ་ན་ཡིན་ཞེས་པ་དང༌། དོན་དམ་པར་ཡོད་པ་དང༌། རྟག་པ་དང༌། བདག་དང༌། གཙང་བ་དང༌། བདེ་བར་གསུངས་པ་ཐམས་ཅད་དྲང་དོན་ཡིན་ཞེས་པ་དང༌། མེད་པ་དང་མི་རྟག་པ་དང༌། བདག་མེད་པ་དང༌། མི་གཙང་བ་དང༌། སྡུག་བསྔལ་བར་གསུངས་པ་ཐམས་ཅད་ངེས་དོན་ཡིན་ཞེས་འགོད་པ་དང༌། ཡོངས་གྲུབ་དགུའམ། བཅུ་གཉིས་དང༌། དོན་དམ་ཆོས་སྐུ། ངོ་བོ་ཉིད་སྐུ། རང་བཞིན་འོད་གསལ། རང་བཞིན་ལྷན་སྐྱེས། རང་བཞིན་བདེ་ཆེན། རང་བཞིན་གཉུག་མ། རང་བཞིན་མྱང་འདས། རང་བཞིན་ལྷུན་ཀྱིས་གྲུབ་པའི་དཀྱིལ་འཁོར་ལ་སོགས་པ་དང༌། དབྱེ་བསྡུ་མང་བོ་ཅན་གྱི་རང་བཞིན་གྱི་རིགས་དང༌། ཡོན་ཏན་མང་བོ་ཅན་གྱི་དོན་དམ་བདེ་གཤེགས་སྙིང་བོ་ལ་སོགས་པ་ཆོས་ཉིད་ལ་འདོད་ཀྱང༌། ཆོས་ཉིད་རང་སྟོང་འདོད་པ་ལ་སོགས་ལྟ་ལོག་ལྟ་ངན་གཟངས་གཟིངས་པ་མང་བོ་དཔག་ཏུ་མེད་པ་ཐམས་ཅད་ལ་ཡང༌། རྫོགས་ལྡན་གྱི་ལུང་རིགས་ཡང་དག་དཔང་དུ་བྱས་ན་གསལ་བར་འགྱུར་གྱི། གསུམ་ལྡན་མར་བཅད་ལྷད་ཅན་སྐྱོན་ཅན་གྱི་ལུང་རིགས་ནི་ཤེས་བྱེད་དུ་འདོད་པ་མང་ཡང༌། དོན་ལ་ཤེས་བྱེད་ཡང་དག་ཏུ་མི་རུང་བར་གདའ་བས། ནོར་བའི་རྗེས་སུ་མ་འབྲང་ཞིག ཅེས་མ་ཕོད་པས་སྐད་ཐེབས་སོ། །མ་ཐོས་མ་ཟེར་ཞིག འདི་ནི་ལེའུ་དང་བོའོ། །ཞེས་རྟོན་པ་བཞི་ལྡན་གྱིས་སྦྱར་བའོ། །