སྦྱོར་དྲུག་སྔོན་འགྲོའི་ངག་འདོན།

ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོའི་ངག་འདོན་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ཞེས་བྱ་བ།

ཏཱ་ར་ནཱ་ཐ།

ན་མ་ཤྲིའ་ཀ་ལ་ཙཀྲཱ་ཡ། མཆོག་གསུམ་སྐྱབས་འགྲོ་དང་ནི་སེམས་བསྐྱེད་བྱ། །རྡོར་སེམས་བསྒོམས་ཏེ་སྒྲིབ་སྦྱོང་ཡིག་བརྒྱ་བཟླ། །མཎལ་ཆོ་གས་ལུས་དང་ལོངས་སྤྱོད་འབུལ། །བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་གདབ། །བསྐྱེད་པའི་རིམ་པས་ཐ་མལ་རྣམ་རྟོག་སྤངས། །སྒོ་གསུམ་དབེན་པར་གནས་པའི་མི་རྟོག་བསྒོམ། །ཞེས་བསྡོམས་སོ།། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །འདིར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་དུ་འགྲོ་བའི་ངག་འདོན་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་ལ། དང་བོ་ཆོས་སྤྱིའི་རྩ་བ་སྐྱབས་འགྲཱུ་བྱ་བ་ནི། དབེན་པའི་གནས་སུ་སེམས་རྣལ་དུ་ཕབས་ནས། རང་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་ཆེན་པོ་ཡངས་ཤིང་རྒྱ་ཆེ་བར་གྱུར་བའི་དབུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པ། དེའི་དབུས་སུ་དཔག་བསམ་གྱི་སྡོང་བོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་རབ་ཏུ་རྒྱས་པའི་རྩེ་མོར།སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་གདན་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་རྣམས་དང༌། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་བ། ཤིང་དེའི་རྩ་བ་ན་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་བསྟན་སྲུང་རྒྱ་མཚཱུའི་ཚོགས་རྣམས་ཀྱང་བདག་ལ་སྐྱོབ་པའི་ཚུལ་གྱིས་བཞུགས་པ་དང༌། བླ་མའི་སྐུའི་མདུན་ཕྱོགས་སུ། དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་བའི་སྐུ་རྣམས་དང༌། གཡས་ཕྱོགས་སུ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་དང༌།གཡོན་དུ་ཤཱ་རའི་བུ་ལ་སོགས་པ་ཉན་རང་འཕགས་པའི་ཚོགས་རྣམས་དང༌། རྒྱབ་ཏུ་ཆོས་དཀོན་མཆོག་རྣམས་རྣམ་པ་གླེག་བམ་གྱི་ཚུལ་ཅན་རྣམས་བཞུགས་པར་མོས་ཏེ། རང་དང་ལྷན་ཅིག་ཏུ་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱང༌། བླ་མ་དཀོན་མཆོག་སྐྱབས་གནས་རྒྱ་མཚོའི་ཚོགས་ལ་མོས་གུས་ཀྱི་གདུང་བ་ཆོན་པོས་སྐྱབས་འགྲོ་བྱེད་པར་མོས་ཤིང༌། ཁྱད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་སྐྱབ་ཏུ་གསོལ་སྙམ་དུ་འདུན་པ་ཤུགས་དྲག་པོས་སྐྱབས་སུ་འགྲོ་བ་དངོས་ནི། དང་པོ་སྐྱབས་སུ་འགྲོ་བ། མནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། དུས་འདི་ནས་བཟུང་སྟེ།   ཇི་སྲིད་བྱང་ཆུབ་སྙིང་བོ་ལ་མཆིས་ཀྱི་བར་དུ།   ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་བ།  ཆོས་ཀྱི་ཕུང་བོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས།   འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ།། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ།། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ།།  དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ།། འཕགས་པའི་དགེའདུན་རྣམས་ལ་སྐྱབས་སུ་མཆིའོ།། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ།། ཞེས་ལན་གསུམ་མམ་ཅི་ནུས་སུ་བཟླའོ།། ཐུན་འཇོག་ཁར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས། དགེ་བ་འདི་ཡིས་སྐྱེ་བོ་ཀུན།། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌།། བསོད་ནམས་ཡེ་ཤེས་ལས་བྱུང་བའི།། དམ་པ་གཉིས་པོ་ཐོབ་པར་ཤོག། གཉིས་པ་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད། གཉིས་པ་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་ནི།  སྐྱབས་འགྲོ་སྔར་བཞིན། སྐྱབས་ཡུལ་རྣམས་རང་ལ་བསྟིམས་པའི་རྗེས་སུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱིའོ།། ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག།   སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག།   སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག།   ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག། ཅེས་ལན་གསུམ་སོགས་ཅི་ནུས་བྱའོ།།  མཐར་དགེ་བ་བསྔོ། གསུམ་པ་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའ། གསུམ་པ་སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས་སྒོམ་བཟླས་བྱ་བ་ནི། སྐྱབས་སེམས་སྔར་བཞིན་བཏང་ལ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོཉ་ཧཱཾ། སྟོང་པའི་ངང་ལས་རང་གི་སྤྱི་བོར་པཾ་ལས་པདྨ་དང༌།  ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ།  ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས།  ཚུར་འདུས་ཧཱུཾ་ལ་ཐིམ།  དེ་འོད་དུ་ཞུ་བ་ཡོངས་སུ་གྱུར་བ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱིད་པ།  ཡུམ་རྡོ་རྗེ་བསྙེམས་མ་དཀར་མོ་གྲི་ཀུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ།  མགྲིན་པར་ཨཱཿ  ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས།  ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲངས། ཛཱཿཧཱུཾ་བཾ་ཧོཿ  གཉིས་སུ་མེད་པར་བསྟིམས།  བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ།  ཨོཾ་ཤྲི་བཛ་ཧེ་རུ་ཀ སོགས་ནས། ཨཱཿཧཱུཾ་ཕཊ། ཅེས་ཉེར་གཅིག་སོགས་ཅི་ནུས་བཟླས་མཐར། མགོན་པོ།  བདག་ནི་མི་ཤེས་རྨོངས་པ་སྟེ།།  དམ་ཚིག་ལས་ནི་འགལ་ཞིང་ཉམས།།  བླ་མ་མགོན་པོས་སྐྱབས་མཛོད་ཅིག།  གཙོ་བོ་རྡོ་རྗེ་འཛིན་པ་སྟེ།།  ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན།།  འགྲོ་བའི་གཙོ་ལ་བདག་སྐྱབས་མཆི།།   སྐུ་གསུངས་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ།།  འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ།  རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཟླ་བ་ཞུ་བ་ལྟར་གྱུར་བ་ལས་རང་གི་སྤྱི་གཙུག་ནས་ཐིམ།  རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར། དགེ་བ་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག།  རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས།།  འགྲོ་བ་གཅིག་ཀྱང་མ་ལུས་པ།།  དེ་ཡི་ས་ལ་འཁོད་པར་ཤོག།  དགེ་བ་འདི་ཡིས་སྐྱེ་བོ་ཀུན།།  བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌།།  བསོད་ནམས་ཡེ་ཤེས་ལས་བྱུང་བའི།།  དམ་པ་གཉིས་པོ་ཐོབ་པར་ཤོག། སོགས་ཀྱིས་བསྔོ་བ་བྱའོ།། བཞི་བ་ཚོགས་བསགས་པ་མཎྜལ། བཞི་བ་ཚོགས་བསགས་པ་མཎལ་འབུལ་བ་ནི། སྐྱབས་སེམས་སོགས་སྔར་བཞིན། གང་གི་དྲིན་གྱིས་བདེ་ཆེན་ཉིད།། སྐད་ཅིག་ཉིད་ལ་འཆར་བ་གང༌།།  བླ་མ་རིན་ཆེན་ལྟ་བུའི་སྐུ།།  རྡོ་རྗེ་ཅན་ཞབས་པད་ལ་འདུད།། ཅེས་པའམ་ཡང་ན། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི།།  དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་ནས།།  མིག་སྐྱོན་མེད་རྣམས་རོལ་བར་བཅས་པའི་སྟེང་དུ་ནི།།  ལྟར་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འཚལ་ལོ།། ཞེས་པས་ཕྱག་བྱ། ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང༌།།  ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས་པ་ཡང༌།།  ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ནི་ཡོན་ཏན་མཆོག་གི་གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ།།   ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱེད་ལ་བདག་སྐྱབས་སུ་མཆི།། ཞེས་པའམ་བསྡུ་ན། དཔལ་ལྡན་བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ།། ཞེས་པས་སྐྱབས་འགྲོ་བྱ། ངག་ཏུ་འདི་སྐད་ཅེས། ཨོཾ་བཛ྄་བྷུ་མི་ཨཱཿཧཱུཾ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ།  ཨོཾ་བཛ྄་རེ་ཁཱེ་ཨཱཿཧཱུཾ།  ཕྱི་ལྕགས་རིའི་འཁོར་ཡུག་གིས་བསྐོར་བའི་དབུས་སུ།  ཧཱུཾ།  རིའི་རྒྱལ་པོ་རི་རབ།  ཤར་ལུས་འཕགས་པོ།  ལྷོ་འཛམ་བུ་གླིང༌།  བྱང་སྒྲ་མི་སྙན།  ནུབ་བ་ལང་སྤྱོད།  སྒྲ་གཅན།  ཉི་མ།  ཟླ་བ།  དུས་མེའི་དབུས་སུ་ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་གང་ཡང་མ་ཚང་བ་མེད་པ་འདི་ཉིད་དྲིན་ཅན་རྩ་བ་དང༌།  བརྒྱུད་པར་བཅས་པའི་ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་དང༌།  ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས།  སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་རང་གི་ཚོགས་དང་བཅས་པ་རྣམས་དང༌།  མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་དབུལ་བར་བགྱིའོ།།  ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ།།  བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས།།  རིན་ཆེན་མཎལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ།།  བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ།།  ཐུགས་རྗེས་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།། ཞེས་པའམ། ས་གཞི་སྤོས་ཆུས་བྱུས་ཤིང་མེ་ཏོག་བཀྲམ།། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།།  སངས་རྒྱས་ཞིང་ལ་དམིགས་ཏེ་ཕུལ་བ་ཡིས།།  འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག།  གུ་རུ་ཨི་དམ་རདྣ་མཎ་ལ་ཀིཾ་ནིར་ཡ་ཏ་ཡ་མི། ཅེས་པས་མཎལ་ཕུལ་ལོ།། ལྔ་བ་བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར། ལྔ་བ་བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་བསྒོམ་པ་ནི། སྐྱབས་སེམས་སོགས་སྔར་བཞིན། གནས་ཁང་དག་པའི་ཞིང་དུ་གསལ་བའི་དབུས་སུ། སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་བཟུང་བ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ།  དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ།  མཚན་དཔེ་ཡོངས་སུ་རྫོགས་ཤིང༌། རང་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པ།  འོད་དང་འོད་ཟེར་གྱི་ཚོགས་མཐའ་ཡས་པ་འཕྲོ་བའི་སྐུ་ཅན། མཐའ་བསྐོར་དུ་བརྒྱུད་པའི་བླ་མ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས།  འཕགས་པ་ཉན་རང་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས་པར་མོས།  དངོས་བཤམ་ཡིད་སྤྲུལ་གྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་བློས་ཕུལ་ཏེ། དད་པ་ཤུགས་དྲག་པོས་གསོལ་བ་འདེབས་པ་ནི། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ།། སྲིད་དང་ཞི་བའི་ཕུན་ཚོགས་མ་ལུས་པ།།  མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་སྟོབས་ལས་བྱུང༌།།  དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས།།  ཀུན་ཁྱབ་བདེ་ཆེན་དང་བོའི་རྫོགས་སངས་རྒྱས།། འོག་མིན་གནས་སུ་ཆོས་སྐུ་རྡོ་རྗེ་འཆང༌།།  ལོངས་སྐུ་དུས་འཁོར་སྤྲུལ་སྐུ་ཤཱཀྱའི་ཏོག།  བཞི་ལྡན་སྐུ་བཞིའི་ཚོགས་ལ་གསོལ་བ་འདེབས།།  རྒྱལ་བའི་རྣམ་སྤྲུལ་ཆོས་རྒྱལ་སུམ་ཅུ་ལྔ།།  མཁས་གྲུབ་དམ་པ་དུས་ཞབས་ཆེ་ཆུང་གཉིས།།  པཎ་ཆེན་ནཱ་ལེན་ཏྲ་དང་ཟླ་མགོན་ཞབས།། ཆོས་རྒྱལ་ལོ་པཎ་རྣམས་ལ་གསོལ་བ་འདེབས།།  འགྲོ་བའི་སྐྱབས་གནས་སྒོམ་པ་དཀོན་མཆོག་སྲུང༌།། ཟབ་ལམ་མཐར་ཕྱིན་སྒྲོ་སྟོན་གནམ་ལ་བརྩེགས།།  གྲུབ་ཆེན་ཡུ་མོ་ཆོས་ཀྱི་རྭ་ཆེན་ཞབས།།  དངོས་གྲུབ་མཆོག་བརྙཻས་གསུམ་ལ་གསོལ་བ་འདེབས།།  སྤྲུལ་སྐུ་དྷརྨ་ཤྭ་ར་སྲས་ཀྱི་མཆོག།  ཐོས་དོན་མཐར་ཕྱིན་མཁས་པ་ནམ་མཁའ་འོད།།  མངོན་ཤེས་རྫུ་འཕྲུལ་ལྡན་པའི་སེ་མོ་ཆེ།།  ངོ་མཚར་སྐྱབས་མགོན་གསུམ་ལ་གསོལ་བ་འདེབས།།  འགྲོ་བའི་མུན་སེལ་འཇམ་གསར་ཤེས་རབ་འོད།།  ཤེས་བྱ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་འཕྲོ།།  འགྱུར་མེད་བདེ་ཆེན་མཐར་ཕྱིན་ཀུན་སྤངས་རྗེ།།   འདྲེན་མཆོག་མཐར་ཐུག་གསུམ་ལ་གསོལ་བ་འདེབས།། རྒྱལ་བའི་ཡེ་ཤེས་གཅིག་བསྡུས་བྱང་སེམས་ཆེ།། མཁས་བཙུན་བཟང་པོ་ཡོན་ཏན་རྒྱ་མཚོར་འཁྱིལ།།  ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ།།  མཚུངས་མེད་བླ་མ་གསུམ་ལ་གསོལ་བ་འདེབས།།  ཕྱོགས་ལས་རྣམ་རྒྱལ་མི་མཐུན་ཕྱོགས་ལས་རྒྱལ།།  ཀུན་ལ་དགའ་སྟེར་དཔལ་གྱི་ཉ་དབོན་མཚན།།  མཁྱེན་བརྩེའི་དབང་ཕྱུག་ཀུན་དགའ་བློ་གྲོས་ཞབས།།  བསྟན་པའི་སྲོག་ཤིང་གསུམ་ལ་གསོལ་བ་འདེབས།།  དཀོན་མཆོག་གསུམ་འདུས་འཕྲིན་ལས་བཟང་པོའི་ཞབས།།  ནམ་མཁའི་མཐའ་ཁྱབ་ངེས་དོན་དམ་ཆོས་སྐྱོང༌།།  མདོ་སྔགས་པཎ་ཆེན་ནམ་མཁའ་དཔལ་བཟང་པོ།།  ངོ་མཚར་བླ་མ་གསུམ་ལ་གསོལ་བ་འདེབས།།  སྒྲ་བསྒྱུར་མཚན་ཅན་རདྣ་བྷ་དྲ་དང༌།།  འགྲོ་ཀུན་དགའ་བའི་བླ་མ་གྲོལ་མཆོག་རྗེ།། སྐྱེ་མེད་དོན་གཟིགས་ལུང་རིགས་རྒྱ་མཚོའི་ཞབས།།  གཞན་ཕན་མངོན་གྱུར་གསུམ་ལ་གསོལ་བ་འདེབས།།  འགྲོ་ཀུན་ཐར་བར་འདྲེན་མཛད་སྒྲོལ་བའི་མགོན།།  ཀུན་དགའ་རིན་ཆེན་ཡོན་ཏན་རྒྱ་མཚོའི་གཏེར།།  རིགས་ཀུན་བདག་པོ་མཁས་གྲུབ་རྣམ་པར་རྒྱལ།།  བཀའ་དྲིན་མཚུངས་མེད་གསུམ་ལ་གསོལ་བ་འདེབས།།  ངག་གི་དབང་ཕྱུག་ཐུགས་རྗེའི་ཕྲིན་ལས་བདག།  བསྟན་འཛིན་མཆོག་གྱུར་རྣམ་པར་རྒྱལ་བའི་སྡེ།།  སྒྲུབ་བརྒྱུད་རྒྱུན་སྤེལ་ཀུན་དགའ་ཆོས་འཕེལ་ཞབས།།  གདམས་པའི་མཛོད་འཛིན་གསུམ་ལ་གསོལ་བ་འདེབས།།  ཀུན་བཟང་སྤྱོད་པའི་འཕྲིན་ལས་རྣམ་པར་རྒྱལ།།  གྲུབ་པའི་རྣམ་རོལ་ཆོས་ཀྱི་དཔལ་འབྱོར་རྗེ།།  མན་ངག་མཆོག་སྟེར་རྒྱལ་བའི་མཚན་འཆང་བ།།  མཛད་པ་ལྷུན་འགྲུབ་གསུམ་ལ་གསོལ་བ་འདེབས།།  དཀོན་མཆོག་གསུམ་དངོས་འཇིགས་མེད་རྣམ་རྒྱལ་ཞབས།།  སྐྱབས་གནས་ཀུན་འདུས་དྷརྨ་ཝརྟིའི་མཚན།།  ཐུགས་རྗེའི་གཏེར་ཆེན་རྩ་བའི་བླ་མ་མཆོག།   མཐོང་ཐོས་འདྲེན་མཛད་གསུམ་ལ་གསོལ་བ་འདེབས།། ཁ་སྐཽང་ཤོ་ལོ་ཀ་གསུམ་པོ་འདི་དྷརྨ་ཝརྟས་མཛད་པའོ།། རྣལ་འབྱོར་མངོན་གྱུར་ཆོས་ཀྱི་འཕགས་པ་དང༌།།  མཁྱེན་བརྩེའི་བདག་ཉིད་ཆོས་འབྱོར་རྒྱ་མཚོའི་སྡེ།།  གངས་ཅན་གྲུབ་བརྒྱའི་གཙུག་རྒྱན་སྨོན་ལམ་བཟང༌།།  ཐེག་མཆོག་བཤེས་གཉེན་གསུམ་ལ་གསོལ་བ་འདེབས།།  ཟབ་དོན་གདམས་པའི་ང༵ག་ལ་དབ༵ང་འབྱོར་ཞིང༌།།  བསླབ་གསུམ་འཛུམ་དཀར་པད༵་མའི་སྦུབས་ལྟར་གཙང༌།།  རྣ༵མ་མང་རྒྱ༵ལ་བ་རྒྱ་མཚོ་སྤྲོ་བསྡུའི་མགོན།།  དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། སླུ་མེད་གཏན་གྱི་སྐྱབས་མཆོག་ཁྱེད་རྣམས་ལ།།  ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ།།  དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་དཔག་མེད་འབུལ།།  ཐོག་མེད་ནས་བསགས་སྡིག་ལྟུང་སོ་སོར་བཤགས།།  འཁོར་འདས་དགེ་བ་ཀུན་ལ་རྗེས་ཡི་རང༌།།  ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་དུ་གསོལ།།  མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས།།  བདག་གཞན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག། ཅེས་པའང་ཝ་ཀིན་དྷརྨའི་མིང་གིས་སྦྱར་བའོ།། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།།  སྐུ་བཞིའི་བདག་ཉིད་ཆོས་རྗེ་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།།  སྐྱབས་མཆོག་མཚུངས་མེད་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།།  འདྲེན་མཆོག་མཚུངས་མེད་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།།  ཐར་བའི་ལམ་སྟོན་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།།  དངོས་གྲུབ་འབྱུང་གནས་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།།  མ་རིག་མུན་སེལ་ཆོས་རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།།  བདག་ལ་དབང་བསྐུར་བར་བྱིན་གྱིས་བརླབ་ཏུ་གསོལ།   བདག་རྩེ་གཅིག་གིས་སྒྲུབ་པ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ།  སྒྲུབ་པ་ལ་བར་ཆད་མི་འབྱུུང་བར་བྱིན་གྱིས་བརླབ་ཏུ་གསོལ།  སྒྲུབ་པའི་སྙིང་པོ་ཉམས་སུ་ལོངས་བར་བྱིན་གྱིས་བརླབ་ཏུ་གསོལ།  སྒྲུབ་པ་རབ་ཀྱི་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ།  བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ།  ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་དབང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ།   ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ།  ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ།  ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། དབང་བཞི་ལེན་པ་ནི། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་གྱི།། དཔྲལ་བའི་ཨོཾ་ལས་འོད་འཕྲོས་བདག་ཉིད་ཀྱི།།  དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག།  བུམ་པའི་དབང་ཐོབ་སྐུ་ཡི་བྱིན་རླབས་ཞུགས།།  མགྲིན་པའི་ཨཱཿལས་འོད་འཕྲོས་བདག་ཉིད་ཀྱི།།  མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་དག།  གསང་བའི་དབང་ཐོབ་གསུང་གི་བྱིན་རླབས་ཞུགས།། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་བདག་ཉིད་ཀྱི།།  སྙིང་གར་ཐིམ་པས་ཡིད་ཀྱིས་སྡིག་སྒྲིབ་དག།  ཤེར་དབང་ཐོབ་ཅིང་ཐུགས་ཀྱི་བྱིན་རླབས་ཞུགས།།  ལྟེ་བའི་ཧོཿལས་འོད་འཕྲོས་བདག་ཉིད་ཀྱི།།  ལྟེ་བར་ཐིམ་པས་ཆགས་རྟོག་བག་ཆགས་དག།  བཞི་བའི་དབང་ཐོབ་སྐུ་བཞིའི་ས་བོན་ཐེབས།།  ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས་པར་གྱུར།།  བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ།།  བླ་མ་རང་སེམས་དབྱེར་མེད་ཆོས་སྐུའི་ངང༌།།  རྩ་བྲལ་ལྷུན་གྲུབ་ཆེན་པོའི་ངང་དུ་བཞག།  རྩ་བརྒྱུད་བླ་མ་ཁྱེད་སྐུ་ཇི་འདྲ་དང༌།། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌།།  ཁྱེད་ཀྱི་མཚན་མཆོག་བཟང་པཱུ་ཇི་འདྲ་བ།།  དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།  ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།།  བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།།  ནད་དང་དབུལ་འཕོང་འཐབ་རྩོད་ཞི་བ་དང༌།། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། སྔར་བཞིན་དགེ་བ་བསྔོ། བསྐྱེད་རིམ་ལྷའི་རྣལ་འབྱོར་བསྒོམ་པ། དེ་ནས་བསྐྱེད་རིམ་ལྷའི་རྣལ་འབྱོར་བསྒོམ་པ་ནི།   སྐྱབས་སེམས་སོགས་སྔར་བཞིན་བཏང་སྟེ། ཨོཾ་ཤཱུ་ན་ཏཱ་ཛྙཱ་ན་བཛ྄་སྭ་བྷ་ཝ་ཨཱཏ་ཀོཉ་ཧཾ། སྟོང་པའི་ངང་ལས་རང་སྐད་ཅིག་གིས་དུས་འཁོར་ལྷན་སྐྱེས་སུ་གྱུར་བ་ནི།  འབྱུང་བཞི་རི་རབ་པད་ཟླ་ཉི་མ་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ།  བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ།  རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ།  ཞབས་གཡོན་པ་དཀར་པོ་བསྐུུམ་པས་དབང་ཕྱུག་དཀར་པོ་དང༌། གཡས་པ་དམར་པོ་བརྐྱང་བས་འདོད་ལྷ་དམར་པཱུའི་སྙིང་ཁར་མནན་པ། རལ་བའི་ཐོར་ཚུགས་དང༌།  ཡིད་བཞིན་གྱི་ནོར་བུ་དང༌།  ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ།   རྡོརྗེའི་རྒྱན་དང༌།   སྟག་གི་པགས་པའི་ཤམ་ཐབས་ཅན། ཕྱག་སོར་རྣམས་ཁ་དོག་ལྔ་བ།  སོར་ཚིགས་རྣམས་ཁ་དོག་གསུམ་པ།  རྡོ་རྗེ་སེམས་དཔས་དབུ་ལ་བརྒྱན་ཅིང༌།  མེ་རི་ཁ་དོག་སྣ་ལྔ་བའི་དབུས་ན་བཞུགས་པ།  ཁྲོ་ཆགས་འདྲེས་པའི་ཉམས་ཅན་ནོ།།  དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ།  གཡས་གྲི་གུག་དང༌།  གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང༌།  ཞབས་གཡས་བསྐུུམ་གཡོན་བརྐྱང་བས་ཡབ་དང་སྦྱོར་བ།  གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང༌།  དབུ་སྐྲ་ཕྱེད་དཀྲོལ་བའོ།།  དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ།  ལྟེ་བར་ཧོཿ  གསང་གནས་སུ་སྭ།  གཙུག་ཏོར་དུ་ཧཱཿརྣམས་འཁོད་པར་གྱུར།  རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། སྣོད་ཐམསཅད་གཞལ་ཡས་ཁང་དང༌།  བཅུད་ཐམས་ཅད་དུས་ཀྱི་འཁོར་ལཱུའི་ལྷ་ཚོགས་སུ་གྱུར། ལྷ་སྐུ་གསལ་སྟོང་དེ་ལ་ཅི་ནུས་སུ་མཉམ་པར་བཞག བཟླས་པ་བྱ་བ་ནི། ཧ་ཀྵ་ཅི་འགྲུབ་བཟླའོ༎ དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། དགེ་བ་འདི་ཡིས་མྱུར་དུ་བདག། དུས་ཀྱི་འཁོར་ལོ་འགྲུབ་གྱུར་ནས།།  འགྲོ་བ་གཅིག་ཀྱང་མ་ལུས་པ།།  དེ་ཡི་ས་ལ་འཁོད་པར་ཤོག། དགེ་བ་འདི་ཡིས་སྐྱེ་བོ་སོགས་ཀྱིས་དགེ་བ་བསྔོ། བདུན་པ་སྒོ་གསུམ་དབེན་པར་གནས་པ་བླ་མའི་མན་ངག་ལྟར་བྱའོ།། ཅེས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ངག་འདོན་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ་ཇོ་ནང་པ་ཡབ་སྲས་ཀྱི་ཕྱག་ལེན་ཇི་ལྟ་བ་སྟེ། གྲུབ་ཐོབ་གོང་མ་རྣམས་ཀྱི་ཡི་གེ་སོ་སཱུའི་གནད་ཚང་བར་བྱས་ཤིང་གཞུང་འདི་སྒྲོལ་བའི་མགོན་པོས་མཛད་པ་དར་རྒྱས་འཕེལ།། སྦྱོར་དྲུག་གསོལ་འདེབས་བདེ་སྟོང་གསལ་བྱེད། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ལྷ་བདེ་གཤེགས་སྙིང་པཱུའི་བཀའ་དྲིན་གྱིས།། ཡིད་རྣམ་རྟོག་འགྱུ་བ་སོ་སོར་བཅད།། ཉམས་འོད་གསལ་རྟགས་བཅུ་རྫོགས་གྱུར་ནས།། ལམ་སོར་སྡུད་འབྱོངས་བར་བྱིན་གྱིས་རློབས།། ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས།། འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས།། ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས།། ཡིད་རླུང་སེམས་ངག་རྣམས་མི་གཡོ་ཞིང༌།། ཉམས་ཤེས་རབ་རྟོགས་དཔྱོད་དགའ་བདེ་འཕེལ།། ལམ་བསམ་གཏན་འབྱོངས་བར་བྱིན་གྱིས་རློབས།། ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས།། འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས།། ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས།། རྩ་རོ་རྐྱང་རླུང་བཅུ་དབུ་མར་ཚུད།། ཉམས་གཏུམ་མོ་འབར་བའི་ཧཾ་ཡིག་ཞུ།། ལམ་སྲོག་རྩོལ་འབྱོངས་བར་བྱིན་གྱིས་རློབས།། ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས།། འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས།། ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས།། ཁམས་འཛག་མེད་ཐིག་ལེ་དཔྲལ་བར་བརྟན།། ཉམས་ཞུ་བདེ་འགྱུར་མེད་རྒྱུད་ལ་སྐྱེས།། ལམ་འཛིན་པ་འབྱོངས་བར་བྱིན་གྱིས་རློབས།། ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས།། འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས།། ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས།། ལུས་རྩ་འདབ་བདེ་ཆེནཐིག་ལེ་གང༌།། ཉམས་ཕྱག་རྒྱ་གསུམ་ལ་མངའ་བརྙེས་པའི།། ལམ་རྗེས་དྲན་འབྱོངས་བར་བྱིན་གྱིས་རློབས།། ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས།། འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས།།  ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས།།  རྩ་འཁོར་ལོ་དྲུག་པོ་བདེ་བའི་གང༌།། སེམས་སྤྲོས་པ་མེད་ལ་དབང་འབྱོར་ཞིང༌།། ལམ་ཏིང་འཛིན་འབྱོངས་བར་བྱིན་གྱིས་རློབས།། ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས།། འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས།། ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས།། ལུས་བྱེད་བཅིངས་གནད་དང་མ་བྲལ་ཞིང༌།། ཆོས་མ་ནོར་མན་ངག་ཟབ་མོ་ཡིས།། ལམ་སྦྱོར་དྲུག་འབྱོངས་བར་བྱིན་གྱིས་རློབས།། ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས།། འདྲེན་མཆོག་ཡབ་སྲས་རྣམས་ཀྱི་བྱིན་གྱིས་རློབས།། ཞེས་སྦྱོར་དྲུག་ངོས་འཛིན་གྱི་གསོལ་འདེབས་བདེ་སྟོང་གསལ་བྱེད་ཅེས་པ་འདི་ཡང་རྟོན་པ་བཞི་ལྡན་གྱིས་སྦྱར་བའོ།། བར་གྱི་ཕ་དྲིན་ཅན་ཞེས་པའི་ཚིག་རྐང་གཉིས་པོ་ཝཱཀིན་ཀརྨའི་མིང་གིས་མཛད་པའོ།། དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ།། དོན་མེད་འཁོར་བའི་བྱ་བ་རབ་སྤངས་ནས།། དོན་ཆེན་རྡོ་རྗེའི་རྣལ་འབྱོར་ལེགས་བསྒོམས་ཏེ།། དུས་ཀྱི་འཁོར་ལོའི་གོ་འཕང་མྱུར་ཐོབ་ཤོག། དགེ་བ་འདི་ཡིས་མྱུར་དུ་བདག། ཡན་ལག་དྲུག་པོ་འགྲུབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པ།། དེ་ཡི་ས་ལ་འཁོད་པར་ཤོག། དགེ་བ་འདི་ཡིས་སྐྱེ་བོ་ཀུན།། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌།། བསོད་ནམས་ཡེ་ཤེས་ལས་བྱུང་བའི།། དམ་པ་གཉིས་པོ་ཐོབ་པར་ཤོག།