སྙན་ངག་ཚོར་གདུང་གིས་འབྲི་དགོས།

སྙན་ངག་ཚོར་གདུང་གིས་འབྲི་དགོས།

གཉན་པོ།

བདག་གིས་བོད་ཀྱི་གདོད་མའི་སྙན་ངག་དང་བཙན་པོའི་སྐབས་ཀྱི་སྙན་ངག་སོགས་ལ་ཆེད་དུ་དཔྱད་ཞིབ་བགྱིས་པ་ཅི་ཡང་མེད་ཅིང་། བོད་ཀྱི་གནའ་བོའི་མགུར་དང་གླུ་ལ་གཞས། གེ་སར་སྒྲུང་། ཁེད་སོགས་དམངས་ཁྲོད་ཀྱི་ངག་གི་སྦྱོར་བ་འདི་དག་ལ་ཡང་འཚོ་བའི་ཁྲོད་ཀྱི་གོམས་འདྲིས་ཙམ་ལས་སྒྱུ་རྩལ་རྩོམ་རིག་གི་ཚད་དུ་བཞག་ནས་དཔྱད་པ་བཏང་བ་ཤིན་ཏུ་འདང་མེད་པ་རང་ལ་གསལ། ཡིན་ན་ཡང་། འདི་དག་གི་ངོས་སུ་ཚིག་གི་བརྗོད་པ་ཁྱད་པར་བ་ཞིག་དང་། ཡིད་ཀྱི་དུངས་པ་རྨ་མེད་པ་རེ་གང་སར་མངོན་ཡོད་པའི་ཚོར་བ་ཞིག་བདག་ལ་ཡོད། གཞན་ཡང་སྙན་ངག་མེ་ལོང་མ་དང་དེ་ཡི་ཤུགས་རྐྱེན་ཅན་གྱི་སྙན་ངག་མང་བོ་ཞིག་ལའང་ཚིག་གི་སྤྲོས་པ་སྣ་ཚོགས་པའི་ཁྱད་ཆོས་དང་། སྐད་ཆའི་བཤད་སྟངས་འདྲ་མིན་གྱི་ཐབས་རྩལ་ཡོད་ན་ཡང་། བརྗོད་བྱ་རྗོད་བྱེད་དང་སྙན་ངག་གི་བླ་ཚེ་སྲོག་གསུམ་གྱི་འབྲེལ་བའི་འཐད་དམ། སྙན་ངག་པའི་བླ་ན་མེད་པའི་སེམས་ཁམས་དམིགས་བསལ་བ་དེ་ཉིད་སྙན་ངག་ཏུ་མངོན་སྟངས་ཀྱི་ཆ་ནས་ཡིད་མི་ཚིམ་པའི་ཕྱོགས་འགའ་ཞིག་འདུག རྒྱུ་མཚན་ནི། སྙན་ངག་ཅེས་པའི་བླ་མེད་ཀྱི་རིན་ཐང་ངམ། བྱ་དངོས་གཞན་གང་གིས་ཀྱང་ཚབ་བྱེད་ཐབས་བྲལ་བའི་སྙན་ངག་གི་བྱེད་ནུས་ནི་སྙན་ངག་གི “ནང་ནམ”ཡིན་པས་སོ། ལྷག་པར་དུ་སྙན་ངག་མེ་ལོང་མ་བོད་དུ་དར་རྗེས་ཀྱི་སྙན་ངག་དག་གི་ཁ་གཏད་ཡུལ་གཙོ་བོ་ནི་མིའི་འཚོ་བའམ། མི་ཆོས་རིག་གནས་སམ། མི་རིགས་ཀྱི་ཉམ་ཐག་པའི་འཚོ་གནས་མ་ཡིན་པར་ཆབ་ཤོག་དང་བསྟོད་ཚོགས་ཤུགས་ཆེ་བ་གསལ་བོ་རེད། རྗོད་བྱེད་ཀྱི་ངོས་ནས་རིག་བྱེད་གཏམ་རྒྱུད་སོགས་ཀྱིས་འགྲེལ་དགོས་པའི་མངོན་བརྗོད་ཤིན་ཏུ་མང་ཞིང་། མདོར་ན་མཁས་སྐད་དང་ཆོས་སྐད་འབའ་ཞིག་གིས་བཅིངས་ཡོད། དེ་བས་འུ་ཚོས་སྙན་ངག་གཙོས་པའི་རྩོམ་ཡིག་གང་ཞིག་འབྲི་སྐབས་རང་དང་ཤིན་ཏུ་ཐག་ཉེ་ཞིང་འཚོ་བ་དངོས་ན་སྤྱོད་སྒོ་ཧ་ཅང་ཆེ་བའི་ཐ་སྙད་དག་བསྐྱུར་ཏེ་རང་ལ་འདྲིས་ཆ་མེད་པའི་རིག་གནས་ཁྲོད་ཀྱི་ཚིག་འབའ་ཞིག་སྙེག་པ་རེད། དེ་ཡང་སྔོན་མའི་བོད་ཀྱི་སྙན་ངག་མང་ཆེ་བ་ནི་རྟོགས་བརྗོད་མིན་ན་བསྟོད་པ་ཡིན་ཞིང་དེ་མིན་ན “བསྟན་པ”ཡིན་པས་ན། ལོ་ངོ་བརྒྱ་ཕྲག་འགའ་ཞིག་གི་རིང་ལ་བོད་ཀྱི་སྙན་ངག་ནི་འབངས་མི་སེར་རམ། འཇིག་རྟེན་པའི་ལག་ཏུ་འབབ་མ་ཐུབ་པ་རེད། དེ་ནི་དེང་གི་སྐད་དུ་བྱས་ན “མྱི”་བརྗོད་བྱ་མ་བྱས་པར་འདོད་པ་དེ་རེད། འདི་ཡི་རྒྱུ་རྐྱེན་ནི་སྐབས་དེར་སྙན་ངག་ཅེས་པའི་ཚིག་གི་རོལ་རྩེད་དམ་ཚོར་བའི་རྐང་མར་འདི་ལ་ངོས་འཛིན་བྱས་བས་མ་འདང་བར་འདོད་པ་ལས་ལོ་ངོ་མང་བོའི་ཡར་སྔོན་གྱི་སྙན་ངག་དག་དེང་གི་རྒྱ་མར་གཞལ་ཏེ་སྡོམ་ཚིག་རྒྱག་པ་སོགས་ནི་ཁྱོན་ནས་མིན། སྙན་ངག་ཇི་ལྟར་འབྲི་དགོས་མིན་དང་། སྙན་ངག་ཅིས་ཕྱིར་འབྲི་དགོས་མིན། ཡང་ན་སྙན་ངག་ནི་ཅི་ཞིག་ཡིན་མིན་བཅས་ལ་གནའ་དེང་ཤར་ནུབ་ཀྱི་མཁས་བླུན་མང་བོ་ཞིག་གི་འདོད་ཚུལ་མི་མཐུན་པ་རེད། བོད་རང་ལ་མཚོན་ན་སྙན་ངག་ནི་བཅུ་ཕྲག་རིག་པའི་གནས་ཀྱི་ཡ་གྱལ་དུ་བགྲང་ཞིང་སྙན་འཇེབས་དོན་ལྡན་གྱི་ཚིག་ཏུ་འབོད་པ་དང་སྙན་ངག་གི་ཁྱད་ཆོས་གཙོ་བོ་ཞིག་ནི་ཚིག་གི་སྡེབ་སྦྱོར་ཀྱི་ངོས་ནས་འཇོག་པར་སྣང་། ལྷག་པར་དུ་སྙན་ངག་མེ་ལོང་མ་བོད་དུ་དར་བའི་རྗེས་ནས་ཕལ་ཆེར་སྙན་ངག་ཅེས་པ་འདི་ལ་བོད་མི་ཚོས་མེ་ལོང་མའི་མིག་གིས་བལྟས་ཤིང་། རྒྱ་གར་བའི་སེམས་ཁམས་ནས་རོལ་མྱོང་བྱས་པ་རེད། སྙན་ངག་མེ་ལོང་མ་ནི་ཚིག་རྒྱན་གཙོ་བོར་བྱེད་པའི་སྙན་ངག་ཅིག་དང་ཚིག་རྒྱན་གཙོ་བོར་སྟོན་པའི་བསྟན་བཅོས་ཤིག་ཡིན་པས་ན། བོད་མི་ཚོས་ཡར་སྔོན་སྙན་ངག་ལ་གཙོ་བོ་ཚིག་རྒྱན་གྱི་ངོས་ནས་གདེངས་འཇོག་བྱེད་པ་རེད། དེ་བས་བོད་ལ་མཚོན་ན་སྙན་ངག་ནི་གཞུང་ལུགས་རྩོམ་བྱེད་དང་། རྟོགས་བརྗོད་འབྲི་བྱེད། བསྟོད་པ་གྱེར་བྱེད་དང་། ཁ་བཏོན་འདོན་བྱེད་ཡིན་པ་དང་། ཐ་ན་ཁ་ཡག་པོ་དང་ཚིག་སྙན་མོས་ངོ་བསྟོད་བགྱི་བྱེད་སོགས་སུ་བཟོས་པར་མ་ཟད། རྗོད་བྱེད་ཀྱང་གཞུང་ལུགས་ཁྲོད་ཀྱི་ཐ་སྙད་ཀྱིས་བཅིངས་ཅི་ཐུབ་བྱེད་པ་རེད། སྤྱིར་ཚིག་རྒྱན་དང་སྙན་ངག་གཉིས་ལ་འབྲེལ་བ་ཤིན་ཏུ་དམ་པོ་ཡོད་ན་ཡང་དེ་གཉིས་ལ་ཁྱད་པར་ཀྱང་དེ་བས་ཆེ་བར་ཡོད་དེ། ཚིག་རྒྱན་ཙམ་གྱིས་ནམ་ཡང་སྙན་ངག་གི་ཚབ་བྱེད་མི་ཐུབ་པ་རེད། ཚུལ་འདིར་མཁས་པ་དོན་གྲུབ་རྒྱལ་ལགས་ལ་ལྟ་ཚུལ་འདི་འདྲ་ཞིག་ཡོད་དེ “དེས་ན་སྙན་ངག་རྩོམ་ན་ཚིག་རྒྱན་རག་ལས་པ་དང་། སྙན་ངག་བཟང་བོའི་ནང་དུ་ཚིག་རྒྱན་གྱི་རོ་འདྲེས་པ་ཡིན་པས། རྣམ་པ་གཅིག་ཏུ་ན་འདི་སྙན་ངག་ཡིན་ལ་ཚིག་རྒྱན་མིན་ཞེས་པ་དང་། ཡང་ན་དེ་ཚིག་རྒྱན་ཡིན་ལ་སྙན་ངག་མིན་ཅེས་ཁ་མཚོན་གཅོད་པ་ནི་ཤིན་ཏུ་དཀའ་བའི་གནས་ཡིན།”ཞེས་པ་དང་། སྐུ་ཞབས་སངས་རྒྱས་ལགས་ཀྱིས “ལུས་རྒྱན་སྲོག་གསུམ་ཚང་བའི་ཚིགས་སུ་བཅད་པའི་རྩོམ་ནི་སྙན་ངག་དང་། སྙན་ངག་དེ་ལྟ་བུ་ལ་ཚིག་གི་ཉམས་ཇི་ལྟར་འདོན་པའི་ཐབས་ནི་ཚིག་རྒྱན་དུ་འདོད།”ཅེས་ཟེར་རོ། གང་ལྟར་སྙན་ངག་ཅེས་པ་ནི་མིའི་རིགས་ཀྱི་རྣམ་རྟོག་དང་འདུ་ཤེས་ཀྱིས་སྐྲུན་ཞིང་སུས་ཀྱང་ཚོད་འཛིན་བྱེད་ཐབས་བྲལ་བའི་རང་དབང་གི་ཐོན་རྫས་ཤིག་ཡིན་པའི་ཆ་ནས། སྙན་ངག་གིས “ཀན་ཐེག་དགོས”དང་འདི་འཁུར་དགོས་ཞེས་བཤད་ས་མི་འགྲོ་ན་ཡང་། སྙན་ངག་ནི་མིའི་བླ་ཚེ་སྲོག་གསུམ་གྱི་ཉིང་བཅུད་དམ། རྣམ་རྟོག་གི་སྤྲོས་པ་དང་འདུ་ཤེས་ཀྱི་འཕྲོ་འདུ་ལས་གྲུབ་པའི་ཚོར་བའི་འཆར་ཡན་འབའ་ཞིག་ཡིན་པའི་ཆ་ནས་དེ་ནི་ལྷད་བཅོས་བྲལ་བའི་ཚོར་གདུང་གིས་འབྲི་དགོས་པའམ། ཡང་ན་ཚོར་བ་བཙོ་སྦྱང་བྱས་པའི་སེམས་ངོས་ཀྱི་ཐིག་པ་དྭངས་མོ་ཞིག་གིས་ཅིས་ཀྱང་གྲུབ་དགོས་པ་རེད། སྤྱིར་བོད་ལ་མཚོན་ཏེ་བཤད་ན་སྙན་ངག་ནི་གནའ་སྔ་མོ་ནས་བོད་རང་གི་སྤྱི་ཚོགས་ཁྲོད་དུ་འབྲི་སྲོལ་དར་ཡོད་པ་དང་། མེ་ལོང་མ་བོད་བསྒྱུར་བྱས་པ་ནས་སྙན་ངག་མེ་ལོང་མས་འུ་ཚོའི་སེམས་ཁམས་བཟུང་ཞིང་བོད་མི་རིགས་ཀྱི་བླ་དང་རུས་པར་ཐིམ་ཡོད་ན་ཡང་། མཁས་པ་དོན་གྲུབ་རྒྱལ་ལགས་ཀྱིས་ལང་ཚོའི་རྦབ་ཆུ་སྤེལ་ཏེ་བོད་ཀྱི་སྙན་ངག་གསར་བའི་སྲོལ་ལུགས་འདི་ཐོག་མར་ཕྱེས་པ་ནས། འུ་ཚོའི་སྙན་ངག་པ་དག་གིས་སྙན་ངག་གསར་བའམ་རང་མོས་སྙན་ངག་གི་ལུགས་འདི་གཙོ་བོར་འབྲི་གྱིན་ཡོད། ལྷག་པར་དུ་འུ་ཚོས་སྙན་ངག་ཚོར་བས་འབྲི་བའི་ཕྱོགས་སུའང་གོམ་པ་མདུན་སྤོས་བྱས་ཡོད་པར་མ་ཟད (བོད་ནང་གཙོ་བོས་བྱས་ཡོད།) ཚིག་གི་བཙོ་སྦྱང་དང་རྣམ་རྟོག་གི་འཕྲོ་འདུའི་ཁྲོད་ནས་སྙན་ངག་གི་ཁམས་སུ་ཐིམ་པའམ། ཤིན་ཏུ་རྒྱང་ཐག་རིང་བའི་རྟོག་འཆར་གྱི་ཞིང་ཁམས་སུ་བརྒལ་གྱིན་འདུག་ཨང་། དེང་སྐབས་ང་ཚོས་སྙན་ངག་ནི་སེམས་ཁམས་དམིགས་བསལ་བ་ཞིག་གིས་འབྲི་བའམ། ཚོར་བ་དྲག་པོ་ཞིག་གིས་འབྲི་བའི་ལས་སུ་གཞོལ་གྱིན་པ་འདིས་ནི། དེང་རབས་བོད་ཀྱི་སྙན་ངག་གསར་བའི་འབྲི་ལུགས་འདི་ཀོ བོད་ཀྱི་གདོད་མའི་སྙན་ངག་དང་མེ་ལོང་མའི་ལུགས། དོན་གྲུབ་རྒྱལ་སོགས་ཀྱི་གནས་སྟངས་ལས་བརྒལ་ཏེ་སྙན་ངག་ནང “ནམ་ཅན”ཞིག་འཁྱོངས་པའམ། སྙན་ངག་གི་མཐར་ཐུག་ལ་སྙེག་གིན་པ་འདྲ་བའི་ཚོར་བ་ཞིག་སྟེར་གྱིན་འདུག། སྙན་ངག་ནི་ཚོར་བས་འབྲི་དགོས་པའི་ཆ་ནས་སྙན་ངག་འབྲི་བ་བོ་དག་ལ་གཞན་དང་མི་འདྲ་བའི་ཚོར་རྟོག་དམིགས་བསལ་ཅན་འབྱུང་དགོས་པ་གལ་ཆེ་ཞིང་། སྙན་ངག་ལ་བཟུང་བའི་སེམས་ཁམས་ལྷད་མེད་པ་ཞིག་ངེས་པར་དུ་ཡོད་དགོས་པ་ཡིན་ཏེ་སུ་དང་གང་གིས་ཀྱང་བཟོ་བཅོས་རྫུན་ལས་བྱེད་མི་ཐུབ་པ་ནི་སྙན་ངག་ཡིན། སྙན་ངག་ནི་བདེན་པ་དང་ཚོར་བས་འབྲི་དགོས་པའི་ཆ་ནས་སྙན་ངག་འབྲི་བ་བོས་སྙན་ངག་ལ་ལྷག་བསམ་རྣམ་དག་ཅིག་འཛིན་དགོས་པ་ཡིན། དེ་ལྟ་མ་ཡིན་པར། འུ་ཚང་གི་ཅོལ་ཆུང་འགའ་ཞིག་ལྟར་སྙན་ངག་ལ་མཐོང་ཆུང་བྱེད་ཞོར་སྙན་ངག་བྲིས་ས་མི་འགྲོ་ལ། སྙན་ངག་ལ་ངོ་ལོག་བྱེད་ཞོར་དེ་བས་ཀྱང་སྙན་ངག་འབྲི་ཐབས་མེད་པ་ཡིན། ད་དུང་སྙན་ངག་གི་བླ་ན་མེད་པའི་རིན་ཐང་མ་རྟོགས་པ་དང་། སྙན་ངག་ལ་འཁྱོག་པོའི་བློ་ཡིས་བལྟས་ཏེ་སྙན་ངག་འབྲི་བ་ནི་སྙན་ངག་ལ་རྡོག་བརྫིས་བྱེད་སྟངས་ཤིག་ཡིན་པ་ལས་གཞན་གང་མ་རེད། སྤྱིར་སྙན་ངག་པ་ཞེས་པའང་སྙན་ངག་གི་མཐར་ཐག་གི་དམིགས་ཡུལ་ལྟར་དུངས་པ་དང་བདེན་པ་ལ་གཞི་བཅོལ་མཁན་ཞིག་དང་མིའི་རིགས་ལ་ཅིས་ཀྱང་འགན་འཁུར་མཁན་ཞིག་ཡིན་འོས་པ་འདྲ་མོད། དེང་གི་འུ་ཚོའི་སྙན་ངག་འབྲི་མཁན་སྐོར་ཞིག་ནི་སྙན་ངག་ལག་ཆར་སྤྱོད་མཁན་འགའ་ཞིག་གམ། ལབ་བརྡོལ་འབྱིན་མཁན་སྐོར་ཞིག ཡང་ན་སྒྱུ་རྩལ་སྙན་ངག་དང་ཁ་བརྡ་མཉམ་བསྲེས་བྱེད་མཁན་ཁྱུ་ཞིག་ཡིན་པས་ན། འུ་ཚོའི་སྤྱི་ཚོགས་ཁྲོད་དུ་སྙན་ངག་པར་བཟུང་བའི་སེམས་ཁམས་སམ་ལྟ་སྟངས་ཤིན་ཏུ་སྐྱོ་བོ་འདི་བྱུང་བ་རེད། འུ་ཚོར་སྙན་ངག་ལ་འཇུག་མཁན་ཤིན་ཏུ་མང་ན་ཡང་ཧ་ཅང་ཡིད་མི་ཚིམ་པ་ཞིག་ནི་སྙན་ངག་པ་སོ་སོ་རང་གིས་བྲིས་པའི་སྙན་ངག་ལ་ཡིད་ཆེས་མེད་པ་དང་ཁོ་ཚོ་སྙན་ངག་ཅེས་པ་འདི་ལ་སེམས་ཁམས་རྣམ་དག་ཅིག་གིས་འཇུག་ཐུབ་ཀྱིན་མེད་པ་དེ་རེད། དེ་བས་སྙན་ངག་པ་དང་སྙན་ངག་ལ་བར་ཐག་སྟོང་གིས་ཆོད་སོང་བ་རེད། ལྷག་པར་དུ་སྙན་ངག་ནི་རྫུན་བཟོ་བྱས་ས་མི་འགྲོ་ཞིང་། ཅི་ཞིག་གི་དགོས་མཁོའི་དོན་དུ་ནམ་ཡང་ལག་ཆར་སྤྱོད་མི་རུང་ལ། རྩེད་བྱེད་དགོད་སྤྱད་ཙམ་གྱི་ཐབས་སུ་ནི་དེ་བས་ཀྱང་ངོ། དེ་ལྟར་སྙན་ངག་ནི་རྣམ་རྟོག་གི་འཕྲོ་འདུ་སྤྲོས་སྟངས་ཤིག་དང་། ཚོར་བའི་ན་ཟུག་གྱེར་སྟངས་ཤིག བཅོས་ལྷད་བྲལ་བའི་ཡིད་སེམས་ཀྱི་རྫ་ཆུ་དྭངས་མོ་ཞིག་བཅས་ཡིན་པས་ན། སྙན་ངག་པ་རྣམས་ཀྱིས་སྙན་ངག་ལ་བཟུང་བའི་ལྟ་ཚུལ་དྲང་དགོས་པ་ཡིན། དེས་མི་ཚད་སྙན་ངག་ནི་ཅི་ཞིག་གི་ཆེད་དུ་འབྲི་གྱིན་པ་དེ་ཡང་གསལ་བོར་ངེས་དགོས་པ་ཞིག་རེད། ད་ལྟ་འུ་ཚོའི་སྤྱི་ཚོགས་ཁྲོད་ཀྱི་སྙན་ངག་ཏུ་བྲིས་པ་མང་བོ་ཞིག་ལ་སྙན་ངག་གི་ཚད་གཞིའི་ངོས་ནས་འདང་མེད་པ་དང་། སྙན་ངག་འབྲི་བ་བོ་དེ་ཚོར་ཡང་སྙན་ངག་པ་གཤའ་མ་ཞིག་བྱེད་རྒྱུར་ཀུན་སྤྱོད་སོགས་ཀྱིས་ཀྱང་ལོངས་མེད་པ་གསལ་བོ་རེད། དེ་བས་ཁོ་ཚོས་སྙན་ངག་འབྲི་བ་མ་ཡིན་པར་སྙན་ངག་རྨེག་མེད་དུ་གཏོང་བའི་ལས་བགྱི་བ་ཡིན་ཞིང་། སྙན་ངག་གི་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་སྦྱོར་བ་རྩོམ་པ་ཞིག་ཀྱང་ཡིན་པ་རེད། དེས་མི་ཚད་སྙན་ངག་དང་སྙན་ངག་པ་ཞེས་པ་འདི་མི་མང་གི་སེམས་ཁོང་ནས་ཐག་རིང་དུ་ཁྲིད་མཁན་ཀྱང་ཁོ་ཚོ་ཡིན་པ་རེད། ཁོ་ཚོས་སྙན་ངག་ཅེས་པ་འདི་ཚོར་བས་མི་འབྲི་ཞིང་། སྙན་ངག་གི་ཚིག་གི་མཚོན་ཐབས་ཀྱི་བླ་ན་མེད་པའི་སྤྲོས་པ་ལ་ཡིད་འཇོག་མི་བྱེད། ད་དུང་ཁོ་ཚོས་སྙན་ངག་ནི་ན་ཟུག་གིས་མི་འབྲི་ཞིང་། མི་རིགས་དང་མིའི་རིགས་ཀྱི་གནད་དོན་སེམས་ནས་བོར་ཞིང་རུས་པས་བརྗེད་དེ་འབྲི་བ་རེད། དེ་ལྟར་ཁོ་ཚོས་སྙན་ངག་ནི་ཤིན་ཏུ་དམན་སར་འཇོག་ཅིང་། སྙན་ངག་ལ་རྣམ་འགྱུར་ངན་པ་འཛིན་པ་རེད། སྙན་ངག་དང་སྙན་ངག་པའི་བར་དུ་གནད་དོན་འདི་འདྲ་ཞིག་ལྷག་ཡོད་པས་ན་སྙན་ངག་པ་ཁྲི་སེམས་དཔའ་ལགས་ཀྱིས་“སྙན་ངག་ལ་རྡོག་བརྫིས་མ་གཏོང”ཞེས་པའི་བསྒྲགས་གཏམ་སྤེལ་བ་དང་། བོད་ཁམས་ནས་མི་རབས་གསུམ་པ་ཞེས་པ་འདི་ཤོག་ཁ་ཞིག་ཏུ་གྱུར་སོང་བ་རེད། བདག་གིས་སྙན་ངག་ཅིག་འབྲི་བ་དང་ཀློག་པའི་སྐབས་སུ་སྙན་ངག་གང་དེའི་མཚོན་ཐབས་ཀྱི་ངོས་དང་། དབྱངས་འགྲོས་ཀྱི་ངོས། ཚོར་རྟོག་དང་འདུ་ཤེས་ཀྱི་དམིགས་སྟངས་སམ་བསམ་བློའི་གཞི་འཛིན་ས་གཙོ་བོ་དེ་ལ་རེག་ཅི་ཐུབ་བྱེད་པ་ཡིན། དེ་ནི་སྙན་ངག་པ་ཡི་དམ་ཚེ་རིང་ལགས་ཀྱིས་བཤད་པ་བཞིན། “སྙན་ངག་ནི་མིའི་རིགས་ཀྱི་སེམས་གཏིང་ནས་ཐོན་པའི་གདངས་དབྱངས་ཤིག་ཡིན”ཞེས་པ་དང“འཚོ་བ་དང་དུངས་སེམས་གཉིས་ནི་སྙན་ངག་གི་གཤོག་ཟུང་ཡིན།” གསུངས་པ་ལྟར་སྙན་ངག་གི་མཐར་ཐུག་ལ་འཚོལ་སྙེག་བྱས་པ་ཡིན། སྙན་ངག་གིས་ད་དུང་འཚོ་བའི་ངོས་ཀྱི་བདེན་པ་གང་ཞིག་གི་རུས་རྐང་ཟིན་དགོས་ལ། དུངས་པའི་སེམས་ཀྱི་རི་མོ་དེ་དག་གི་རང་མདངས་ངོམ་དགོས་པར་མ་ཟད། ཚོར་རྟོག་ཁྲོད་ཀྱི་འདུ་ཤེས་ཡོད་ཅོག་གི་སྣང་བརྙན་བསྐྲུན་དགོས་པར་སྙམ་མོ། གོང་དུ་བཤད་པ་བཞིན་སྙན་ངག་ནི་མིའི་རིགས་ཀྱི་ཆེད་དུ་ན་ཟུག་གིས་གྱེར་དགོས་པ་ཞིག་དང་། སྙན་ངག་ནི་སྙན་ངག་པ་དང་རང་བྱུང་ཁམས་བར་གྱི་གཟུགས་མེད་ཀྱི་སྦྲེལ་ཐག་ཅིག་ཡིན་པས། སྙན་ངག་ཅེས་པ་སེམས་ཁམས་གཙང་མ་ཞིག་གིས་བྲིས་ཏེ། གདངས་དབྱངས་ལྷད་མེད་ཅིག་ལ་བསྲེས་དགོས་པ་ཇི་འདྲའི་གསལ་ཨང་། ལབ་བརྡོལ་དང་ཉོག་བཤད་འགའ་ཞིག་སྙན་ངག་གི་གར་སྟེགས་སུ་སྤུངས་ཏེ། ཚོར་བའི “ནང་ནམ”བྲལ་བའི་ཚིག་གི་ཤུན་པ་སྐོར་ཞིག་སྙན་ངག་གི་ལྡིང་ཆར་འཇོག་པ་ནི། འུ་ཅག་སྙན་ངག་ངོ་མ་དང་བར་ཐག་སྟོང་གིས་ཆོད་ཡོད་པའི་ཡ་ང་བའི་གནས་སྟངས་ངོ་མ་བོ་དེ་མ་ཡིན་ནམ། སྙན་ངག་ངོ་མ་ཞིག་འབྲི་བའམ་ཚོར་བའི་ཐིག་པ་རེ་རེ་སྙན་ངག་གི་ངོ་གདོང་དུ་སིམ་དུས། སྙན་ངག་གིས་ཁྱེད་ལ་མཛེས་སྡུག་གི་མནར་གཅོད་གཏོང་ངེས་ཤིང་། རང་གི་ཡིད་ཡུལ་གྱི་བྱ་དངོས་དག་ལ་ཁ་དོག་གཞན་ཞིག་འཚེར་བར་གདོན་མི་ཟ་འོ། “སྙན་ངག་ལས་སྙན་ངག་པ་མང”ཞེས་སྡིགས་སྨྲེ་འདོན་འོས་པའི་འུ་ཚོའི་ཁོར་ཡུག་ན་དངོས་གནས་སྙན་ངག་གི་ཆེད་དུ་ཅི་ཡང་བློས་གཏོང་ཕོད་མཁན་ཞིག་ཡོད་དམ ཡང་ན་སྙན་ངག་རང་གི་བླ་སྲོག་གིས་བཞེངས་མཁན་འགའ་ཞིག་འདུག་གམ། དེ་ལས་ལྡོག་སྟེ་སྙན་ངག་ནི་རང་གི་ཁེ་ཕན་གཉེར་སྤྱད་དུ་བཀོལ་པ་ཤིན་ཏུ་མང་བ་མ་ཡིན་གྲང་། སྙན་ངག་ཅེས་པ་ཅི་ཞིག་ཡིན་མིན་ལ་གོ་བ་ཙམ་ཡང་མེད་པར་སྙན་ངག་འབྲི་ཁུལ་བྱེད་པའི་སྐྱོ་གར་འདིས། འུ་ཚོས་སྙན་ངག་འབྲི་བའི་མགོ་རྩོམ་པར་ཤིན་ཏུ་རྔམ་པ་བཞིན་སྙན་ངག་འབྲི་བའི་མཇུག་བསྡུ་བའང་དེ་བཞིན་བྲེལ་མྱུར་གྱིས་བྱས་འགྲོའོ། རང་ཉིད་གཅིག་པུ་ལས་བསམ་རྒྱུ་མེད་པའི་སྤྱི་ཚོགས་ཤིག་ཏུ་སྙན་ངག་ངོ་མ་ཞིག་འཁྲུངས་རྒྱུ་ཤིན་ཏུ་དཀའ་ཞིང་། སྙན་ཞིང་འཇེབས་པའི་ཚིག་ཁོ་ན་སྙེག་གིན་པའི་གྲས་ནས་སྙན་ངག་པ་དངོས་མ་ཞིག་འབྱུང་བར་རེ་བ་བྱེད་ཐབས་བྲལ་བའོ། དེང་གི་སྐབས་སུ་མང་བོ་ཞིག་སྙན་ངག་གོ་སླ་བའི་རིགས་སམ། ལ་ཤས་ཚོར་བ་ཐད་སྤྲས་སུ་འབོད་པ་དེའི་གྲས་ལ་དགའ་བོ་ཡོད་ཅིང་། སྒྱུ་རྩལ་གྱི་མཛེས་པ་ཅན་ཞིག་དང་བསམ་གཞིག་གི་བར་སྟོང་ལྡན་པ་ཞིག་ཡིན་ཚེ་ཉོབ་སྣང་གིས་བལྟ་བ་ནི་དྲང་མོར་བཤད་ནི། འུ་ཚོའི་སྙན་ངག་འབྲི་མཁན་དང་ཀློག་མཁན་གཉིས་ཀ་སྙན་ངག་གི་གངས་རི་སྙེག་པར་ཧུར་བརྩོན་གྱིས་མ་འདང་བའི་རྟགས་བླ་ན་མེད་པ་ཞིག་གོ སྙན་ངག་ཇི་ལྟར་འབྲི་དགོས་མིན་གླེང་སོང་ཚེ། སྙན་ངག་གི་བྱེད་ནུས་དང་རང་བཞིན་སོགས་དང་འབྲེལ་བར་གྱུར་ཅིང་། དེ་ལྟར་བཤད་དགོས་ཚེ་སྙན་ངག་པའི་སྟེང་དུ་བབས་ འགྲོ་བ་རེད། དེ་བས་བདག་གིས་སྙན་ངག་ཇི་ལྟར་འབྲི་དགོས་ཚུལ་ལས་འཕྲོས་ཏེ་སྙན་ངག་ན་ཟུག་གིས་འབྲི་དགོས་པར་ཐག་གིས་བཅད་ཅིང་མོལ་གྱིན་པས་ན་འདི་རུ་གཞུང་ལུགས་དང་རིགས་པ་ཉུང་ལ་རང་གི་བསམ་ཚུལ་དང་ཚོར་བས་ཟིན་པར་བྱས་པ་ཅུང་མང་བ་ཡིན། མཐར་གཏུགས་ནས་བཤད་ན་སྙན་ངག་ལ་རང་རང་གི་གོ་རེ་ལན་སྟངས་ཡོད་པ་ལས་གཞུང་ལུགས་ལྟར་འགྲེལ་ས་མི་འགྲོ་ཞེས་ཁ་ཤས་ཀྱིས་སྙན་ངག་པའི་སེམས་ཁམས་དང་འབྲེལ་བའི་ཚོར་བ་གསོན་པོ་མོལ་སོང་བ་བཞིན་འདིས་སྙན་ངག་ལ་བློ་དྲང་བས་འཇུག་པ་དག་ལ་ཤིན་ཏུ་དགོས་པའི“ལམ”ཞིག་བསྟན་འདུག་ལ། ད་དུང “སྙན་ངག་ནི་སྐྱེས་བུ་གང་ཡིན་ཐམས་ཅད་ཀྱིས་ཀློག་ཐུབ་པ་ཞིག་ཡིན་མི་སྲིད་པར་ཐག་གིས་བཅད་ཡོད”གསུངས་པ་འདིས་དེ་བས་ཀྱང་གནད་དོན་འགའ་ཞིག་གསལ་བོར་བཟོས་སོང་བ་མ་ཡིན་ནམ། ༢༠༡༡ ༠༦ ༣༠ ལ་གྲུབ།