མགོ་འཇོག་མཁན་དེས་དང་པོ་རང་གི་ཡིད་སྨོན་དང་གཟུགས་མེད་སེམས་གཏིང་གི་ཤོ་ལྷ་གང་རུང་ལ་འདོད་གསོལ་བཅས་སྐད་གསེང་མཐོ་ལ་ཉམས་དོད་པོས། འོ། མ་བདེ་ས། བུ་སྐྱིད་ས། ཤོ་མ་ཁང་ནང་གི་དགུ་མ་ཡོད་ས། དགུ་མའི་མགོའི་སྒ་ལེན་ས། ཨ་རོག་ཤོ་བའི་མགོ་ནས་རྒྱལ་ཁ་ལེན་ས། གྲོ་ཆུང་སྨུག་གུ་མགོ་ནས་མཐུར་ལེན་ས། ཨ་བཅུ་ཐིག་དང་། འཛིར་མ་བུས་མགོ་ཁྱོགས། བྱང་མ་བུས་ཡོབ་རྒྱོངས། ཞེས་འབོད་པ་བྱས་ཏེ་འཕེན་མགོ་འཛུག་པ་དང་། དངོས་སུ་འགྲོ་བའི་སྐབས་ཤོ་ཆས་ལག་ཏུ་དཀྲུག་བཞིན། ཤྭ་བ་འདྲ་མའི་ཤེའུ་ཞིག་ཞོན་ད་(དང)རི་ལ་འགྲོ། ཨ་སྟག་ཀླུ་མོའི་དྲུག་ཁྲ་ཞོན་ད་(དང)རི་ལ་འགྲོ། སྔགས་པ་བན་དེའི་དར་ནག་ཟུངས་ད (དང)རི་ལ་འགྲོ། འགྲོ། འགྲོ། འགྲོ། ཞེས་འཕེན་གྱིན་འདུག ཁོ་ཚོའི་ཤོ་རྩེད་སྤྱི་ཁྱོན་ནས་འཛིར་ཞེས་པའི་རིགས་དང་བཅོ་བརྒྱད་ནི་རྩེད་མོ་རྒྱན་པོ་འཇོག་དུས་ཆེས་རིམ་པ་བཟང་ཤོས་སུ་བགྲང་གིན་འདུག (མི་འདྲ་ས་ཞིག་ནི་སྔོན་དུས་དམག་ཇག་དང་རྒྱལ་ཁ་ཆེན་པོ་ལེན་རྒྱུར་ཤོ་རྡེལ་བཀོལ་ཏེ་རྟག་དཔྱད་བྱེད་སྲོལ་ཡོད། སྐབས་དེར་མཚོན་ན་རྩེད་མོའི་སྐབས་ཀྱི་གྲངས་ཀ་ཡག་པོ་དག་ཡག་པོ་ཡིན་པའི་ངེས་པ་མེད་པ། དཔེར་ན་བཅྭོ་བརྒྱད་བབས་ན། བཅྭོ་བརྒྱད་གོང་མེད་ཅེས་ཡག་ཐལ་ཆེ་བའི་ངོ་སོགས་ཡོད་པའི་ཡིད་གཟབ་དགོས་ཟེར་སྲོལ་འདུག ཤོ་འབོད་སྟངས་ལ་འབོད་ལུགས་ཀྱི་ཉམས་ཞི་དྲག་སྣ་ཚོགས་པ་དང་། འབོད་ཚིག་ཀྱང་གླིང་སྒྲུང་དང་ལོ་རྒྱུས་ལ་སྦྱར་བ། རང་གི་ཁོར་ཡུག་གི་ས་གནས་རེ་ཟུང་གི་འཚོ་བའི་ཁྲོད་ཀྱི་གནས་ཚུལ་ལ་སྦྱར་བ། ཁོར་ཡུག་གི་མཚུན་ལྷ་ཡུལ་སྐྱོང་གཉན་པོ་དག་ལ་སྦྱར་བ། གཏམ་དཔེ་ལ་སྦྱར་བ།ཆགས་གཏམ་ལ་སྦྱར་བ། བརྡ་རྙིང་དང་འདབས་འབྲེལ་གྱི་དབང་གི་སོག་པོ་མི་རིགས་ཀྱི་སྐད་ཤུགས་བྱུང་བ་མ་ཡིན་ནམ་སྙམ་པའི་མིང་བརྡ་དོན་མི་གོ་བའི་རིགས་ཀྱང་ཅི་རིགས་པ་འབྱུང་གི་འདུག)
༈དང་པོ། གསུམ་འཛིར་གྱི་འབོད་པ་ལ། བ་ལི། བ་ལི། བ་ལི།
བ་དཀར་སྤུན་གསུམ་དགྲ་བླའི་ཐོག་ཤོ། ཉི་ཟླ་སྐར་གསུམ་དགུང་གི་དཀྱིལ་འཁོར། ཡང་ན། བ་ལི་བུག་དམར་ཤོག་ར(དང)། ལྕིག་དམར་ཁ་ཚར་ངས་འཕེན། མ་འཕེན་ཟེར་ནི་ཡོད་རུང་། གཡུ་བྱུ་རུའི་སྣ་ཚར་ངས་འཕེན།། ཡང་། བ་ལི་བུག་གི་སྒོང་བ་ཅན།། བྱ་རྒྱལ་ཁྱུང་གི་སྒོང་བ་ཅན།། ནེ་མོ་གླག་གི་སྒོང་བ་ཅན།། ཨ་གྲག་སྒང་གི་སྒོང་བ་ཅན།། སྒོང་བའི་མི་དགུ་རྟ་དགུ་ཅན།། ཡང་། གསུམ་འཇིར་བ་ལུའི་མཐོ་རྒྱུ་ལ་ལྟོས།། མར་དཀར་སྤུ་ལུའི་སྣུམ་རྒྱུ་ལ་ལྟོས།། ཐུད་དཀར་རྡ་རུའི་ཞིམ་རྒྱུ་ལ་ལྟོས།། ཡང་། མཛོད་དགེའི་བ་ལི། གླིང་སྐོར་བ་ལི། ཐང་སྐོར་བ་ལི། ཁྲོ་ཁོ་ཕྱི་འབྲོག་གི་བ་ལི། རྔ་རོང་སྡེ་བཞིའི་བ་ལི། བྱམས་མེའི་བ་ལི །བ་ཁྲ་མོས་བེའུ་བཟུང་ན། གཞི་འཁོར་བ་འཛིན་འདུག་ཆེ(ཅི)ཡོད། ཡང་། བ་ཀ་ཡོ་རོག་ཡོ་འཛི་ཡོ་གསུམ་ཡོད། སྣ་ཐུག་ཀ་མ་འཇིར་ཡོ་གསུམ་ཡོད།། བ་དཀར་དཀར་གི(གྱིས)ཞལ་སྟོན།། སོགས་སྦྱར་ཡུལ་དང་འབོད་ལུགས་དམ་དུམ་མི་འདྲ་བ་མང་པོ་འདུག
༈བཞི་ཙི་ལིའི་འབོད་པ་ལ། ཙི་ལི། ཙི་ལི། ཙི་ལི། མ་བཞི་ཁྲོ་ཐུང་ཤོ་སྐལ་ཡིན།། ཆུ་དཀར་བསྐོལ་ཕུད་འཐུང་གི་ཤོག། ལུག་མགོའི་ཡ་ཐོད་ཟ་འུ(རུ)ཤོག། གོ་ཁའི་གཡས་གྲལ་གནོན་ཀི(དུ)ཤོག།ཨ་ཙི་ལི། ཞེས་དང་ཡང་ན།
བཞི་ཙི་ལིས་གནམ་རྡོ་འཕོང་ང་(ལ)།། དགྲ་ནག་པོའི་མ་སྒྱེད་ཆོད་ཤོག། དང་། བཞི་ཙི་ལི་བཞར་བ་ནག་པོ།། བཞར་མ་བཞག་འུ་གཉིས་སྐེ་ལེ།། ཡང་། ཙེས་སྤོ་ཁ་ར་རྣ་སྡེར།། ཤོག་ར་འོ་མ་ངས་ལྡུད།། ཡང་། ཙ་བཞི་ལི། ཙེས་བཞི་ལི། ལྡོང་གི་མ་མོ་བཞི་ལི། བཞིའི་བཞོན་མ། སྐད་ཕྲ་མ། དང་ཡང་། ཙི་ལི་བ་ལི་བུ་མོའི་ཤོ། ཁ་འདྲིས་པ་ཅན་གི་ (གྱིས)བོས་ན་ཡོང་། ལག་འདྲིས་པ་ཅན་གི(གྱིས)འཐེན་ན་འོང་། སོགས་འབོད་ལུགས་འདུག
༈ལྔ་ལ་ཁ་ལ་དང་ཀེ་ལེ་ཞེས་འབོད་སྲོལ་གཉིས་འདུག དང་པོ་ཁ་ལ། འོ། ཁ་ལ། ཁ་ལ། ཁ་ལ། ཁ་ལ་ཡོན་ཏན་གྱི་རྒྱལ་མོ། ཤིང་གི་རལ་གྲི་ཟུངས་ངེས་(ལ)
ཤོག་དང་།། བཙན་པོ་བུ་ཟིག(ཞིག)གསད་རྒྱུ་ཡོད་ཀི། གཉོམ་པོའི་བུ་ཞིག་སྐྱོང་རྒྱུ་ཡོད་ཀི། ཡང་། ཁ་ལ་ཁ་རྟགས་རྒྱག་ནོ།། ཨ་སྟག་ཀླུ་མོ་ངི་(ངེད)གཉིས།། འབྲོང་ང་(ལ)རྭ་རྟགས་རྒྱག་ནོ།། ཚ་ཞང་འདན་མ་ངི(ངེད)གཉིས།། ཡང་།ཁ་མི་དལ་མ་ཎི་ཐོན་དང་།། མ་ཎི་ཆོས་ཀྱི་སྙིང་པོ།། ལག་མི་དལ་འུར་རྡོ་ཟུངས་དང་།། འུར་རྡོ་མཚོན་གི(གྱི)ཐོག་མ།། ཡང་།ཁ་ལ་ཡོན་ཏན་གྱི་རྒྱལ་མོ།།སེར་བ་ཐོག་འབྲུག་གི་སྣ་འདྲེན།།
༈ཡང་ན་ལྔ་ཀེ་ལེ་ཞེས་འབོད་སྲོལ་ཡང་ཡོད་པ། ཀེ་ལེ། ཀེ་ལེ།ཀེ་ལེ།མགོ་ཀེ་ལེ། རྔ་མ་ཀེ་ལེ། སོག་པའི་བ་ཡོ་ཀེ་ལེ། སོག་མིག་གོར་མོ་ཀེ་ལེ། ལག་ངར་གཞུ་མཆོག་ཀེ་ལེ། རྗེ་ངར་ཐེ་གེ་ཀེ་ལེ། ཚོང་བའི་མཛོ་མགོ་ཀེ་ལེ། ཀེ་ལེས་མི་ལེ་དེད་ཤོག མི་ནག་རྡོ་དེད་ཆིས(ཀྱིས)ཤོག
༈དྲུག་པ་དྲུག་གུའི་འབོད་པ་ནི། དྲུག་གུ། དྲུག་གུ། དྲུག་གུ། དྲུག་གུ་བུ་གུ་ལྟེ་བ་ཅན། མགོ་ནག་རྒྱལ་པོ་ལྟེ་བ་ཅན། ཤོ་བ་ང་རང་ལྟེ་བ་ཅན། ངེད་ལྟེ་བ་ཅན་གྱི་མགོ་རྣ་གཅིག ཨ། དྲུག་ལ་ཡག་ལྷའི་ནོར་བུ། ཀླུའི་བང་མཛོད། ངོ་སོ་བསྟོད་རྒྱུ། དང་ཡང་ན། ཐེའུ་སེའི་ཐེའུ་དྲུག་ཟེར་ར། ནེ་སེའི་ནེ་དྲུག་ཟེར་ར། ཀ་བ་གཡུ་དྲུག་ཟེར་ར། སྟག་ཟླ་ལོ་དྲུག་ཟེར་ར། བུ་མོ་སྤུན་དྲུག་ཟེར་ར། ཁྱེའུ་ཟླ་དྲུག་ཟེར་ར། སྐར་མ་སྨིན་དྲུག་ཟེར་ར། ཡང་། ཁ་དྲུག་སོ་དྲུག བྲེ་མོ་ལུང་དྲུག ཐེག་པ་འདོམ་དྲུག བླ་མ་བཟང་པོའི་ཆོས་གོས་དྲས་དྲུག་དང་ཡང་ན། དྲུག་གུས་བུ་གུ་ཁྲིད་ད(ལ)ཤོག དྲུག་སྔ་ཤད་ཐག་གྱིས་ལ་ཤོག སོགས་འབོད་ལུགས་དུ་མ་མཆིས།
༈བདུན་པ་ཏོ་ལོའི་འབོད་པ་ནི། ཏོ་ལོ།ཏོ་ལོ།ཏོ་ལོ། ཕོ་བདུན་ཏོ་བོ་རྐང་གཅིག། མོ་བདུན་ཏོ་མོ་རྐང་གཅིག། ཐེའུ་རིང་བྲ་མ་རྐང་གཅིག། ཡང་། ཤོ་ཏོ་ལོ་བོས་ན་དོན་ཞིག་ཡོད། གཡག་ཚ་སྣ་བླངས་ན་སྐྱོན་ཞིག་ཡོད། ཡང་།ཏོས་འུ(ཀི)རི་ནག་མཐོན་པོ།། རྐང་ཐང་རྐུན་མའི་བླ་རི།། སྡིག་ཆེན་དོམ་ནག་པགས་པ།། ཆོས་ཆེན་བླ་མའི་གདན་ས།། ཨ་ཏོས་འུ་ཨ་ཟི་ཏིང་དམར་མ། ཞེས་དང་ཡང་ན། བདུན་ཏོ་ལོའི་བསྟོད་པ་རི་རེད།། གཉན་ཆེན་ཐང་ལྷའི་མཐོ་རེད།། ལྟ་བུ་དང་ཡང་ན། ཕོ་ཏོ་ཏོ་རྒོ་བོའི་རྭ་ཁ་ན།། མོ་ཏོ་ཏོ་རྒོ་མོས་མཚར་གླུ་ལེན།། ཡང་། ཏ་རེབ(རེས)ཏོ་ལོ་མ་འོང་ན།། གཞུག་རེབ་(རེས)ཏོ་ལོ་འབོད་རྒྱུ་མིན།། ཨ་ཏོ་ལོ་ངང་ཡག་སྤུན་གསུམ། སོགས་ཀྱི་མཚོན་འབོད་ཚུལ་མང་པོ་འདུག
༈བརྒྱད་པ་ཁྱད་འཛིར་ལ་འབོད་ཚུལ་ནི། ཁྱད། ཁྱད་ཁྱད། འོ། ཕོ་ཁྱད་ཀ་བ་སྟག་ལ་ཁྱད།། མོ་ཁྱད་ཀ་མ་གཟིག་ལ་ཁྱད།། སྐེད་པ་ཨ་ལོང་ལ་ཁྱད།། རྔ་མ་ལྡེའུ་མིག་ལ་ཁྱད།། ཨ་ཁྱད་ཀ་བོ་གཡུ་རྣ་མཛོ་ཞོན།། ལྟ་བུ་དང་ཡང་། ཁྱད་ཀ་བོའི་མགོ་ན་གཡུ་ཐུར་ཤིགས་སེ།མཛོ་ཁྱུང་དཀར་མགོ་ན་རུ་ཐུར་རིགས་སེ། ཡང་། ཁྱད་པ ་དཀར་པོའི་ཡང་སྟེང་ན།། ཁྱད་ད་(ལ) མ་བུ་བཅུ་གསུམ་ཡོད།། ཁྱད་རེ་རེ་མིན་རུང་རེ་རེ་ཤོག། ཡང་།ལུང་སྟོད་ཡོས་ན་ཤྭ་བོ་བརྒྱད།། ལུང་སྨད་མོས་ན་ཡུ་མོ་བརྒྱད།། ས་སེ་ལུང་གད་པ་ཆུ་མགོ་བརྒྱད། ཡང་། ཨ་བརྒྱད་ཤོ་བརྒྱད་ཤ་བོ་བརྒྱད།། ཤར་ལུའི་ཡོངས་རྫོགས་ནུ་བོ་བརྒྱད།། མདོར་ན་སྣ་ཚོགས་ཕུར་བུ་བརྒྱད།། དང་། ཕོ་ཁྱད་པས་དེད་ན་ཁྱད་ད་ད།། མོ་ཁྱད་མོས་དེད་ཉིན་ཉད་ད་ད།། ཉ་ལྕོང་མོས་དེད་ན་རུག་འུ་འུ།། སོགས་མང་།
༈དགུ་འཛིར་ཀི་རུ་འབོད་ཚུལ་ལ། ཀི་རུ།ཀི་རུ་ཀི་རུ། དགུ་ཀི་རུ་མིན་པ་ཇག་འ་(ལ)བུད་ཐལ།། བྱང་མྱི་རེས་གཡག་རེ་ལོན་ཐལ།། དགུ་ཀི་རུའི་གཡག་སྐལ་ཆད་ཐལ།། ཨ་ཀི་རུ་ཁྱོད་ཤི་བ་རེད་ལ་གཉིད་པ་རེད།། ལྟ་བུ་དང་ཡང་། ཀི་རུ་དགུ་བོ་སྒོར་བུད།། མགོ་ལག་པས་ཁྱོགས་འ(ལ)ང་ཉོན།། གཞི་འཁོར་བ་འཛིན་ཚུལ་ངས་བཤད།། དང་། ཀི་གཅིག་དཀར་མོའི་གོ་རོ་རོ།། སྟག་སེང་ཁྱུང་འབྲུག་ལྡི་རུ་རུ།། མ་ཡོང་རླུང་རྟ་ཁམས་པ་རེད།། རི་ཤུ་རྒན་པོའི་ཆོས་སྐལ་རེད།། ལྟ་བུ་དང་།་ཀི་རུས་དཀར་དཀར་བྱེད་པ།། ཀི་རུས་གོར་གོར་བྱེད་པ།། ཀི་རུས་ཐེའུ་ཡང་བྱེད་པ།། ཀི་རུས་ནེ་ཡང་བྱེད་པ།།ཡང་།དགུ་འཛིར་རྒོ་བོ་ལྡིང་ལྡིང་གྱིས།།ཚ་ལ་གློག་དམར་འཁྱུག་འཁྱུག་གྱིས།། བོའུ་སྐད་ལྷོ་འབྲུག་གྲག་གྲག་གྱིས།། ཤྭ་ཡུ་མོ་རྫ་རྡོ་བསྒྲིལ་བསྒྲིལ་གྱིས།། ཞེས་དང་། དགུ་དགུ་ཕག་མོའི་སྤྲུལ་བ་ཅན།།གཅན་གཟན་དམར་པོའི་གདོང་བ་ཅན།།སེང་གེ་དཀར་མོའི་ཡ་ཐོད་ཅན། ཨ་དགུ་འཛིར། ལྟ་བུ་འབོད་སྲོལ་འདུག
༈)བཅུ་བཅུ་མོ་ཡག་གི་འབོད་པ་ནི། བཅུ། བཅུ་བཅུ།ཕོ་བཅུ་ཕོ་ལ་བཅུ།། མོ་བཅུ་མོ་ལ་བཅུ།། ཐང་དཀར་རྒོད་ལ་བཅུ།། ཐེའུ་མོ་ཧོར་ལ་བཅུ།། ད་རེབ་(རེས)ང་ལ་བཅུ།། གཞུག་རེབ(རེས)ཁྱོད་ལ་བཅུ།། སྐྱིན་པ་དོ་ཚིགས་(ད་ལོ)མེད་ར་(མེད་མོད)སང་ཕོད་སྦྱིན།། སང་ཕོད་ས་རྡོ་རམ་གསུམ་རྙེད་ཚད་སྦྱིན།། ལྟ་བུ་དང་ཡང་། བཅུ་མོ་ཡག་གི་སྲི་མོ།། རྒྱ་ཤྭ་ར་ཏོས་འུ་(ཀྱི)མནའ་མ།། དང་ཡང་། ཤད་ན་བཅུ།ཤོད་ན་བཅུ། རྟ་ཁ་འཐེན་ན་བཅུ། ཡོབ་ཆེན་བརྒྱངས་ན་བཅུ། དང་ཡང་། བཅུ་བའི་ཁྲབ་དཀར་ཟེར་ར།། རྨ་བྱའི་སྒྲོ་མདངས་ཟེར་ར།། ཡང་། བཅུ་དཀར་ལྷ་མོ་དུང་འདྲ་མ།། དུང་དཀར་པོར་བ་དན་ཆགས་འདྲ་མ།། ཡང་། བཅུ་ཤྭ་སྐྱ་ཤོ་བའི་ཉག་ཤོ བཅུ་རེ་བའི་རེ་ཐག་ཆོད་ད(ལ)ཤོག སྡུག་མོའི་ལག་གཡས་ཆོད་ད(ལ)ཤོག
༈བཅུ་གཅིག་ཐིག་གི་འབོད་པ་ལ། ཐ་བའི་ཐེའུ་མགོ་ཐིག རྨི་བུའི་རྒོ་མགོ་ཐིག གོ་ལོའི་རྭ་སྐྱ་ཐིག འབྲོང་མོའི་བེའུ་དཀར་ཐིག ཚ་ཞང་འདན་མ་ཐིག འདན་མ་བྱང་ཁྲ་ཐིག ཡང་ན།སྔགས་པ་ཧཱུྃ་མཛད་རྡོ་རྗེ། བྷེ་ད་རཀྴའི་ཕྲེང་བ། ཐིག་གོར་གོར་གསེར་གྱི་མདའ་གཞུ་ཅན། དགྲ་གྱེན་ན(ལ)མ་མངག་ཐུར་ར(ལ)ཁུགས། ཡང་། དབྱར་ཆུ་བཟང་པོ་ན་དམར་གི(གྱི)དཀྱིལ་ནས་ཐིག དགུན་ཆུ་བཟང་བོ་འཁྱགས་དཀར་གི(གྱི)སྦུབ་ནས་ཐིག ཤོ་མིག་བཟང་པོ་ཤོ་གདན་གི(གྱི)དཀྱིལ་ལ་ཐིག ཤོ་ཤིང་བཟང་པོ་ཤོ་མཁན་གི(གྱི)ལག་ལ་ཐིག དར་ཐིག་དར་ར་(ལ)ཐིག དུང་ཐིག་དུང་ང(ལ)ཐིག དུང་ལིའི་བུམ་པ་ཐིག ཡང་།ཤོ་ཐིག་ཉིན་ཐིག་ལ་དགའ་དགའ་འུ(གི) ཤོ་རིག་ཉིན་རིག་པ་དྭངས་དྭངས་ཀི ཤོ་ཇོ་མོའི་སྣང་བ་མཐོ་མཐོ་འུ(གི) ཡང་། ཐིག་ཐེའུ་རང་བྲ་མ་ཤིང་ལྕག་ཅན། ད་རེབ (རེས)ང་ལ་ཐིག གཞུག་རེབ(རེས)ཁྱོད་ལ་ཐིག བཙན་པོ་སང་(ཚང)གི་ཤ་ཐིག གཉན་པོ་སང་(ཚང)གི་ཁྲག་ཐིག བཙན་ཐིག་རྭ་ཡས་མ། གཉན་ཐིག་ཟེ་དམར་མ།སོགས་ཀྱིས་མཚོན།༈བཅུ་གཉིས་པ་ཉུག་གི་འབོད་པ་ལ། ཉུག ཉུག ཉུག ཅིག་རེའི་སྒང་གི་རྟ་དེད་མ།། ཉུག་རེའི་སྒང་གི་གླུ་ལེན་མ།། བྲག་དཀར་དཀྱིལ་གྱི་ཚྭ་ལེན་མ།། སྤོ་ཐོའི་ཐོག་གི་ཚིལ་ལེན་མ།། ལྟ་བུ་དང་ཡང་། ཨ་མ་ཅིག ཇ་མ་ཅིག ཇ་རྟའི་འཕར་བ་ཅིག འབྲི་བརྒྱའི་འོ་ཞོ་ཅིག མ་བཞིའི་ཁྲོ་ཐུང་ཅིག ཅིག་ཇ་གླིང་གི་སྡེ་བ་བཞི། མར་ཁུའི་མཚོ་མོ་ཅིག དང་ཡང་། ཅིག་རི་ཅིག་ལ་བུད་ཐལ། ཉིག་རི་ཉུག་ལ་བུད་ཐལ། བྱ་ཐང་དཀར་འཐུར་ནས་བུད་ཐལ། སྒྲོ་ཐིལ་བྲན་གཏོར་ནས་བུད་ཐལ། ལྟ་བུའོ།།
༈བཅོ་ལྔ་ཁག་འཛིར་ནི། ཁག ཁག ཁག ཡར་བལྟས་འཇབ་ལ་ཁག མར་བལྟས་འཇམ་ལ་ཁག འཇའ་བཟའ་གློ་རོ་ཁག གློ་རོའི་གློ་ལྡེབ་ཁག རྩིབ་བུས་རྩྭ་ཟན་ཁག རྔ་མས་ཆུ་འཐུངཁག དང་ཡང་།ཁག་གཙང་བོ་ཤོག་ར་(དང་)རྩིབ་མ་སྦྱིན། ཤ་རྩིབ་ཆེན་ཟོ་ར་(དང་)ཤ་རྩིབ་ཆུང་དམྱལ་བའི་སྒོ་གདན་རེད།ལྟ་བུའོ།།
༈བཅོ་བརྒྱད་གད་ནི། བཅོ་བརྒྱད། བཅོ་བརྒྱད བཅོ་བརྒྱད། བཅོ་ཡན་ན་ཤོ་མེད།གླིང་གེ་སར་ཡན་ན་མྱི(མི)མེད།རྐྱང་ངེ་(རྒོད)ཡན་ན་རྟ་མེད།ཨ__བཅོ་བརྒྱད་ངོ་སོ་བསྟོད་རྒྱུ་བོ། དང་ཡང་།འདན་མའི་ཤོ་ཆེན་བཅོ་བརྒྱད།ན་ནིང་བརྒྱ་ལུག་སྐོར་ས།ད་ཚིགས(ལོ)སྟོང་ལུག་སྐོར་ས།སྟོང་ལུག་མ་བུ་འཕྲོད་ས།ཡང་ན།ཕ་ཆེན་བཅོ་བརྒྱད།བུ་ཆེན་བཅོ་བརྒྱད།ཚངས་པ་བཅོ་བརྒྱད།གླིང་བ་བཅོ་བརྒྱད།འབྲུག་གི་བཅོ་བརྒྱད།འབྲུག་མོ་བཅོ་བརྒྱད།གེ་སར་བཅོ་བརྒྱད།གེ་འཕན་བཅོ་བརྒྱད།དང་།བཅོ་བརྒྱད་ཁྱོད་ར་(དང་)གཅིག བཅོ་བརྒྱད་ང་ར་(དང་)གཉིས།བྱང་ཨ་ཆེན་ན་བ་ཁྲ་ལེབ་ནས།མནའ་སྡིག་པའི་གྲྭ་རོག(གྲོགས)དང་གྲོགས་མཆེད་གྱིས།།ཞེས་དང་ཡང་།བཅོ་བརྒྱད་ཝ་མོ་བྲོས་འདྲ་མ།ཝ་བྲོས་ཉིན་ཕྱི་ལྟས་མ་བྱེད།སྔོན་ན་འགོག་མ་མེད་ཀི། མཇུག་ན་ར་མདའ་མེད་ཀི།
ལྟ་བུ་ནི་ངས་ཕ་ཡུལ་གྱི་ཤོ་རྩེད་དུས་ཀྱི་ངག་གི་སྒྱུ་རྩལ་ཞིག་ཡིན། འདི་ལ་སྔོན་གྱི་དུས་སུ་ལོ་རྒྱུས་དང་ཡང་ན་སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ཡོད་པའི་རྩེད་རིགས་ཤིག་ཡིན་པར་སྣང་མོད། ད་ལྟ་ཉམས་ཉེས་ཀྱི་ལམ་དུ་ཤོར་ནས་ཐར་ཐོར་འདི་ལས་བསྡུ་རུབ་དཀའ་བའི་གནས་སུ་ལྷུང་འདུག འདི་ནི་བོད་ཁུལ་གྱི་ཡུལ་ལུང་སོ་སོའི་གྲོགས་པོ་ཚོས་རང་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་ལ་ཕྱི་མིག་རེ་འཕེན་པར་སྐུལ་ཕྱིར་དུ་བསྡུས་པ་ཡིན་ནོ།།
གཞན་ཕ་ཡུལ་ན་སྔོན་གྱི་ཤོ་འཕེན་སྲོལ་གཞན་ཞིག་ཡོད་ལ། དེའི་སྐབས་ན།བཅུ་གསུམ་སག་ཟེར་བ་ཞིག་དང་། བཅུ་བཞི་ཀེ་རེ། བཅུ་དྲུག་རིག བཅུ་བདུན་བེར་སོགས་ཀྱི་གྲངས་ཀ་ཡོད་ཅིང་རེ་རེའི་ཐད་ན་ཤོ་འབོད་ཡང་ཡོད་པར་སྐད་མོད།ད་ལྟ་དཔེར་ན་བཅུ་གསུམ་གྱི་འབོད་པ་ཞིག་ལ། སག་དཀར་ཁ་ནས་འོ་མ་ཡོང་། འོ་མ་དཀར་པོ་རང་གིས་འཐུང་། སག་ནག་ཁ་ནས་དུ་བ་འོང་། དུ་བ་ནག་པོ་དགྲ་ལ་གཏོད། ལྟ་བུ་རེ་ཟུང་ཙམ་ལས་ད་ལྟ་འབོད་ཤེས་མཁན་མི་འདུག་གོ།
སྨིན་དབུས་པོའི་ཟིན་བྲིས་ནས་གདན་ཞུས་བྱས།